༄༅།། ཆ་འཕྲིན་ལག་རྩལ་དང་ས་རྒྱུས་སློབ་ཁྲིད་ཟུང་འབྲེལ་སྐོར་གྱི་བསམ་གཞིག

བདེ་སྐྱིད་སྒྲོལ་མ། རྩོམ་སྒྲིག་པ།ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 02-18


བདེ་སྐྱིད་སྒྲོལ་མ།
གླེང་གཞི།
        ཆ་འཕྲིན་གྱི་དུས་རབས་འདིར། ཚན་རིག་ལག་རྩལ་གྱིས་མིའི་རིགས་ཀྱི་འཚོ་བར་སྟབས་བདེ་བསྐྲུན་དང་སྐྲུན་བཞིན་ཡོད། སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་སྐབས་གང་ཡིན་རུང་སྐབས་བབ་དེའི་འཕེལ་རྒྱས་ནི་མིའི་རིགས་ཀྱི་བློ་གྲོས་རྩལ་ལས་ཐོན་པའི་སྐབས་བབ་དེའི་གསར་གཏོད་ལས་མ་འདས། སྔོན་ཡིན་ན་སློབ་ཁྲིད་ནི་དགེ་རྒན་གྱིས་གཙོ་ཁྲིད་ནུས་པ་འདོན་པའི་བྱེད་སྒོ་ཞིག་ཡིན། སྤྱི་ཚོགས་འཕེལ་རྒྱས་དང་མིའི་ཐོབ་ཐང་ལ་བརྩི་མཐོང་བྱེད་བཞིན་པའི་ད་ལྟའི་དུས་རབས་ལ་སློབ་ཁྲིད་བྱེད་སྐབས་སློབ་མའི་གཙོ་ཁྲིད་ཀྱི་ནུས་པ་འདོན་པ་དང་། སློབ་མའི་རང་དབང་གི་བསམ་ཕྱོགས་སྔོག་འདོན་བྱེད་པར་མཐོང་ཆེན་བྱེད་བཞིན་ཡོད། དེར་མ་ཟད་ཆ་འཕྲིན་གྱི་ལག་ཆ་བེད་སྤྱོད་བྱས་ནས་གང་བདེ་དང་། གང་མགྱོགས་ངང་སློབ་མར་གོ་བརྡ་སྤྲོད་ཐུབ་པར་བྱེད་ཀྱིན་ཡོད། རང་ཉིད་སྐད་གཉིས་དགེ་རྒན་ཞིག་ཡིན་པའི་ཆ་ནས་ཆ་འཕྲིན་ལག་རྩལ་གྱི་ལག་ཆ་བེད་སྤྱོད་བྱས་ནས་སློབ་ཁྲིད་ལ་ཞུགས་པའི་ཉམས་མྱོང་དང་བསམ་གཞིག་མདོར་ཙམ་བཤད་ན།

གཅིག ཆ་འཕྲིན་ལག་རྩལ་དང་ས་རྒྱུས་སློབ་ཁྲིད་ཟུང་འབྲེལ་གྱི་དགེ་མཚན།

ཀ སློབ་ཁྲིད་ཀྱི་འཆད་རྒྱ་སྔོན་ལས་ཆེ་ཞིང་སློབ་མར་སློབ་ཁྲིད་ཀྱི་སྤྲོ་སྣང་སློང་ཐུབ།
        ཆ་འཕྲིན་ལག་རྩལ་བེད་མ་སྤྱད་པའི་ཡར་སྔོན་དུ་ས་རྒྱུས་སློབ་ཁྲིད་ཁྲོད་བསླབ་ཚན་གྱི་ཤེས་བྱ་གསོན་ཉམས་ལྡན་པའི་ངང་སློབ་མར་སྟོན་མི་ཐུབ་པ་དང་། སློབ་ཁྲིད་བྱེད་སྟངས་ཀྱང་དགེ་རྒན་གྱི་གཙོ་ཁྲིད་ནུས་པ་འདོན་པའི་སློབ་ཁྲིད་བྱེད་ཕྱོགས་ཤིག་རེད། ཆ་འཕྲིན་ལག་རྩལ་དང་ས་རྒྱུས་སློབ་ཁྲིད་གཉིས་ཟུང་འབྲེལ་གྱི་སློབ་ཁྲིད་བྱེད་ཕྱོགས་དེས་གཅིག་ནས་སློབ་ཁྲིད་ཀྱི་ནང་དོན་གཏིང་ཟབ་པ་དང་། ཁྱབ་ཆེ་བའི་ངང་སློབ་མར་འཆད་ཐུབ་ལ། གཉིས་ནས་གསོན་ཉམས་ལྡན་པའི་ས་རྒྱུས་ཤེས་བྱ་དེ་ལས་སློབ་མར་སྤྲོ་སྣང་སློང་དུ་འཇུག་ཐུབ་པ་དང་། བསླབ་ཚན་སྦྱང་འདོད་པའི་ཀུན་སློང་སྐྱེ་རུ་འཇུག་པ་ཡིན། གསུམ་ནས་དུས་རབས་གསར་པའི་སློབ་ཁྲིད་བྱེད་ཕྱོགས་གསར་པའི་དགོས་མཁོ་དང་མཐུན་པར་སློབ་མར་གཙོ་ཁྲིད་ཀྱི་ནུས་པ་རང་ཤུགས་སུ་འདོན་དུ་འཇུག་ཐུབ་པ་ཡིན། འདི་ནི་ཆ་འཕྲིན་ལག་རྩལ་ལས་ཐོན་པའི་དགེ་མཚན་ཁྱད་འཕགས་ཅན་དེ་རེད།

ཁ སློབ་ཁྲིད་བྱེད་ཐབས་གསར་པའི་དགོས་མཁོ་དང་མཐུན་ཞིང་སློབ་མའི་གཙོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་ཐུབ།
        སྔོན་ཡིན་ན་ས་རྒྱུས་ཀྱི་ཤེས་བྱ་མང་དག་ཅིག་དགེ་རྒན་གྱིས་བསམ་ཚོད་སྒོས་འཆད་པ་ལས་གསོན་ཉམས་ལྡན་པའི་ངང་སློབ་མར་སྟོན་དཀའ་བ་རེད། དཔེར་ན། རབ་ཡིན་ན་སྒོ་སམ་སྟེང་དུ་སའི་གོ་ལའི་དབྱིབས་དང་ཉི་མ་འཆར་ནུབ་ཀྱི་ཆོས་ཉིད་དང་རྣམ་པ་ཙམ་ཞིག་རགས་ཙམ་སློབ་མར་སྟོན་ཐུབ་པ་ཙམ་ལས་དེའི་ངོ་བོ་དང་འགུལ་སྐྱོད་ཀྱི་རྣམ་པ་སོགས་གསོན་ཉམས་ལྡན་པའི་ངང་སློབ་མའི་མིག་མདུན་དུ་བཀྲམ་དཀའ། ཆ་འཕྲིན་ལག་རྩལ་བཀོལ་སྤྱོད་བྱེད་པ་དེས་དགེ་རྒན་གྱི་སློབ་ཁྲིད་བྱེད་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད། སྔོན་དང་བསྡུར་ན་སློབ་ཁྲིད་ཀྱི་རྣམ་པ་ནི་གཟུགས་ཅན་གྱི་ལམ་ནས་སློབ་མར་བརྡ་སྤྲོད་པ་དང་། སློབ་མའི་སློབ་སྦྱོང་གི་རྣམ་པ་ཡང་རྟོག་ངོར་གྱི་བསམ་གཞིག་ལས་མངོན་སུམ་དུ་མཐོང་ཐུབ་པའི་རྣམ་གཞག་ཅིག་ཏུ་གྲུབ་ཡོད། དེ་ལས་སློབ་མའི་སློབ་སྦྱོང་གི་སྤྲོ་བ་སློང་ཐུབ་ལ་རིམ་བཞིན་དུ་སློབ་མ་གཙོ་ཁྲིད་ཀྱི་སློབ་ཁྲིད་བྱེད་ཐབས་ཤིག་ཀྱང་རང་ཤུགས་ཀྱིས་ཆགས་སུ་འཇུག་ཐུབ།

གཉིས། ཆ་འཕྲིན་ལག་རྩལ་དང་ས་རྒྱུས་སློབ་ཁྲིད་ཟུང་འབྲེལ་གྱི་གནད་དོན།

ཀ བསླབ་ཚན་གྱི་ཚད་གཞི་མཐོར་འདེགས་སུ་གཏོང་དགོས།
        ས་རྒྱུས་བསླབ་ཚན་གྱི་འགྱུར་ཡིག་རྒྱལ་ཡོངས་ཀྱི་ཚད་གཞིའི་དཔེ་ཆའི་རྗེས་ཟིན་མེད་པ་དང་། འགྱུར་ཡིག་ཁྲོད་ས་ཁྲའི་སྐོར་གྱི་ཤེས་བྱའི་ཡིག་སྒྱུར་མེད་པ་སོགས་གནད་དོན་མང་ལ། ལྷག་པར་ཆ་འཕྲིན་ལག་རྩལ་སློབ་ཁྲིད་དང་ཟུང་འབྲེལ་བྱས་ན་བོད་ཡིག་ལ་བསྒྱུར་མེད་པའི་ས་ཁྲིའི་སྐོར་གྱི་གནད་དོན་དག་ཡི་གེ་ལམ་ནས་བོད་སྐད་ཡིག་བཀོལ་མི་ཐུབ་པའི་གནད་དོན་འབྱུང་བ་དང་། སློབ་མའི་ཤེས་བྱ་བསྡུ་ལེན་ཁྲོད་ཡིད་སེམས་ནས་རོལ་མྱོང་བྱེད་པར་བཀག་འགོག་ཐེབས་སྲིད་ལ། བོད་སྐད་ཡིག་གི་སློབ་ཁྲིད་དེ་རྒྱ་བོད་སྐད་གཉིས་ཅན་གྱི་སློབ་ཁྲིད་དུ་འགྱུར་སྲིད། ཕར་བལྟས་ན་སློབ་མའི་རྟོགས་ཡོད་པ་འདྲ་མོད། དོན་དངོས་སུ་དཔྱིས་ཕྱིན་པ་ཞིག་ཤེས་མེད་པ་རེད། ཅི་ཡིན་ཞེས་ན། སྦྱང་གཞི་ལས་བྱ་ཁྲོད་བོད་ཡིག་དང་རྒྱ་ཡིག་བསྲེས་མའི་ལས་བྱ་བྲིས་པ་མང་པོ་འབྱུང་། དེས་བོད་སྐད་ཡིག་གི་ས་རྒྱུས་སློབ་ཁྲིད་ཡིན་པའི་ཆ་ནས་སྐད་ཡིག་གཙང་མ་བཀོལ་སྤྱོད་ཕྱོགས་སུ་ཤུགས་རྐྱེན་ཐེབས་བཞིན་ཡོད།
ཁ སློབ་མའི་ས་རྒྱུས་ཀྱི་སློབ་ཆས་དངོས་གཟུགས་མྱོང་བར་བཀག་རྒྱ་ཐེབས་པ།
        སྤྱིར་ཆ་འཕྲིན་ལག་རྩལ་གྱི་དགེ་མཚན་ནི་སུས་ཀྱང་བསྙོན་དུ་མེད་པར་དེས་དགེ་སློབ་རྣམས་ལ་སྟབས་བདེ་དང་ཁྱབ་རྒྱ་ཆེ་བའི་སློབ་ཁྲིད་ཀྱི་ནང་དོན་ཉམས་སུ་མྱོང་དུ་འཇུག་བཞིན་ཡོད། ཡིན་ཡང་དགེ་རྒན་གྱིས་ཆ་འཕྲིན་ལག་རྩལ་ལ་བརྟེན་པ་ཚད་ལས་བརྒལ་ཏེ་ས་རྒྱུས་ཀྱི་དངོས་གཟུགས་ཏེ། སློབ་མ་ཚོར་ཉམས་སུ་མྱོང་དུ་འཇུག་རྒྱུ་ཉུང་ན་སློབ་ཁྲིད་ཀྱི་ནང་དོན་བདེ་བླག་ངང་རྟོགས་པར་བཀག་འགོག་ཐེབས་སྲིད། ས་རྒྱུས་ཀྱི་སློབ་ཁྲིད་ནི་ཡོད་ཚད་མངོན་སུམ་གྱི་སྣང་བརྙན་ཞིག་ལ་བརྟེན་ན་ཆུ་ནང་གི་ཟླ་བའི་གཟུགས་བརྙན་ཇི་བཞིན་སློབ་མ་ཚོས་ནམ་ཡང་ཡིད་ལ་འཛིན་དཀའ་ཞིང་ཤེས་ཐབས་བྲལ། དགེ་རྒན་ལ་སློབ་ཁྲིད་གྲ་སྒྲིག་བྱེད་པ་དང་སློབ་མ་ཚོར་སྣེ་ཁྲིད་བྱེད་པའི་ནུས་པ་དང་དབང་ཆ་ཁྱད་པར་ཅན་ཞིག་ཡོད་པས་ན། དགེ་རྒན་གྱི་གྲ་སྒྲིག་གིས་སློབ་ཁྲིད་ལ་ཐད་ཀར་དུ་ཤུགས་རྐྱེན་ཐེབས་ཡོང་། གལ་སྲིད་དགེ་རྒན་གྱིས་ས་རྒྱུས་སློབ་ཁྲིད་བྱེད་སྐབས་སུ་སློབ་ཁྲིད་དུ་བཀོལ་བྱའི་དངོས་གཟུགས་ལག་ཆ་མྱོང་རྒྱུའི་དགོས་ངེས་རང་བཞིན་དང་གལ་ཆེའི་རང་བཞིན་མ་རྟོགས་པ་དང་། ཡང་ན་གོ་རྟོགས་ལོག་རྟོག་གི་དབང་གིས་མ་ཤེས་པ་སོགས་ཀྱིས་སློབ་ཆས་དངོས་གཟུགས་ཕྱོགས་ལ་གྲ་སྒྲིག་གང་ཡང་མེད་ན་དགེ་རྒན་གྱི་སློབ་ཁྲིད་གྲ་སྒྲིག་འཐུས་ཚང་མིན་པ་དང་། སློབ་མ་ཚོས་ས་རྒྱུས་སློབ་ཆས་ཀྱི་དངོས་གཟུགས་མྱོང་བར་བཀག་རྒྱ་ཐེབས་སྲིད་ལ། སློབ་ཁྲིད་ཀྱི་ནང་དོན་ཡང་བདེ་བླག་ཏུ་རྟོགས་ཐབས་བྲལ། དེར་བརྟེན། ཆ་འཕྲིན་ལག་རྩལ་གྱི་དགེ་མཚན་བཀོལ་སྤྱོད་བྱེད་པ་དང་མཉམ་དུ་ས་རྒྱུས་སློབ་ཁྲིད་ཀྱི་ཐུན་མིན་ཁྱད་ཆོས་ཡང་གནད་དུ་བཟུང་ནས་ས་རྒྱུས་སློབ་ཁྲིད་ཀྱི་སློབ་ཆས་དངོས་གཟུགས་བཀོལ་སྤྱོད་བྱེད་རྒྱུ་ནི་ཐབས་ཀྱི་མཆོག་གོ། །

གསུམ། ཆ་འཕྲིན་ལག་རྩལ་དང་ས་རྒྱུས་སློབ་ཁྲིད་ཟུང་འབྲེལ་སྐབས་དོ་སྣང་བྱ་ཡུལ།

ཀ འོས་འཚམ་སྒོས་སློབ་མར་སློབ་ཆས་དངོས་གཟུགས་སྤྱོད་དུ་འཇུག་དགོས།
        སྤྱིར་དངོས་ཡོད་ཀྱི་སློབ་ཆས་དངོས་གཟུགས་ནི་སློབ་ཁྲིད་ཀྱི་ལག་ཆ་གལ་ཆེན་ཞིག་ཡིན་མོད། ཆ་འཕྲིན་ལག་རྩལ་གྱི་བཀོལ་རྒྱ་ཆེ་རུ་སོང་བ་དང་བསྟུན་ནས་སྨྱན་གཟུགས་ཀྱི་སྣང་བརྙན་གྱིས་སློབ་ཆས་དངོས་གཟུགས་ཀྱི་ཚབ་བྱས་དང་བྱེད་བཞིན་ཡོད། དོན་དངོས་སུ་སློབ་མར་དངོས་ཤུགས་གང་རུང་ནས་སློབ་ཁྲིད་ཀྱི་ནང་དོན་རྟོགས་པར་འཇུག་ན་སློབ་ཆས་དངོས་གཟུགས་བཀོལ་རྒྱུ་ནི་མེད་དུ་མི་རུང་བ་ཞིག་ཡིན། དཔེར་ན། སའི་གོ་ལའི་དཔེ་དབྱིབས་ལྟ་བུར་མཚོན་ན། སྨྱན་གཟུགས་ཀྱི་སྣང་བརྙན་ལས་མིག་གི་དགའ་སྟོན་ཡིད་ཚིམ་པ་དང་རང་རྒྱུད་དུ་འདི་ནི་སའི་གོ་ལའོ་ཞེས་པའི་མྱོང་བ་རགས་ཙམ་ལས་རེག་བྱའི་མྱོང་བ་དང་དེ་ལས་བྱུང་བའི་ཚོར་བ་ནི་ནམ་ཡང་ཡོད་རེ་སྐན། དེས་ན་སྐབས་བབ་འདིའི་སློབ་ཁྲིད་སྐབས་སུ་སའི་གོ་ལའི་དཔེ་དབྱིབས་ཀྱི་སློབ་ཆས་དངོས་གཟུགས་བཀོལ་སྤྱོད་བྱེད་ན་གཅིག་ནས་སློབ་མའི་མིག་གི་དབང་པོར་ཡིད་ཚིམ་པ་དང་། གཉིས་ནས་རེག་བྱའི་རོལ་མྱོང་ཐུབ་པ། གསུམ་ནས་རང་རྒྱུད་ལ་རྟོགས་པ་གང་ཡང་རུང་པ་ཞིག་སྐྱེ་ཐུབ་པས་ན་སློབ་ཆས་དངོས་གཟུགས་ཀྱིས་སུས་ཀྱང་ཚབ་བྱེད་མི་ཐུབ་པའི་ནུས་པ་གལ་ཆེན་ཞིག་འདོན་བཞིན་ཡོད། དེ་བས་དགེ་རྒན་གྱིས་འདིའི་སྐོར་གྱི་དགེ་མཚན་རྟོགས་ནས་སློབ་ཁྲིད་བྱེད་སྐབས་འོས་འཚམ་སྒོས་བཀོལ་སྤྱོད་བྱེད་རྒྱུ་ནི་གནད་ཀྱི་དམ་པའོ། །

ཁ ས་ཁྲའི་འགྱུར་ཡིག་ལ་ཤུགས་སྣོན་རྒྱག་དགོས།
        ཆ་འཕྲིན་ལག་རྩལ་བཀོལ་སྤྱོད་ཀྱི་དགེ་མཚན་རབ་དང་རིམ་པ་དང་བསྡོངས་ནས་བོད་སྐད་ཡིག་ས་རྒྱུས་ཀྱི་སློབ་ཁྲིད་བྱེད་སྟངས་ལ་ཡང་རྣམ་པ་གསར་པ་ཞིག་བྱུང་ཡོད། ཡིན་ཡང་ས་ཁྲའི་འགྱུར་ཡིག་ཕྱོགས་སུ་ད་དུང་དེ་འདྲའི་སྔོན་ཐོན་དང་། འཐུས་ཚང་ཅན་ཞིག་མིན། དེ་བས་སློབ་ཁྲིད་སྐབས་སུ་བོད་ཡིག་དང་། རྒྱ་ཡིག་སྦྲགས་མའི་སློབ་ཁྲིད་བྱེད་ཐབས་ཤིག་མ་སྐུལ་རྒྱུན་འབྱམས་སུ་སོང་ཡོད། དེ་ལས་བྱུང་བའི་གནད་དོན་ནི་སློབ་མའི་བསམ་བློ་རྩེ་གཅིག་ཏུ་གཞོལ་བར་གནོན་ཤུགས་ཡོད་ངེས། སློབ་འབྲིང་སློབ་མ་ནི་བསམ་བློ་ནར་སོན་བཞིན་པའི་སྒང་ཡིན་ལ། བྱ་དངོས་གང་རུང་ཞིག་ལ་ལྟ་བ་ངེས་ཅན་ཞིག་དང་ཤེས་རྟོགས་ཟབ་མོ་ཞིག་མེད་པའི་དུས་ཡིན་པས་སྐར་མ་ཞེ་ལྔའི་སློབ་ཁྲིད་ཀྱི་སྐབས་སུ་རྒྱ་ཡིག་དང་། བོད་ཡིག་སྦྲགས་མའི་སློབ་ཁྲིད་བྱེད་ཐབས་ལས་སློབ་ཁྲིད་ཀྱི་ནང་དོན་ལ་བསམ་གཞིག་གཏོང་རྒྱུ་ཕར་ཞོག་སྐད་ཡིག་གི་བཀོལ་སྤྱོད་ཕྱོགས་ལ་རྣམ་ཤེས་གཏད་ངེས། དེ་འདྲའི་སློབ་ཁྲིད་ལས་སློབ་མའི་རྒྱུད་ལ་ཤེས་རྟོགས་འབྱུང་རྒྱུ་དཀའ་ཞིང་དགེ་རྒན་གྱིས་སློབ་ཁྲིད་བྱེད་པར་དཀའ་གནད་ཐེབས་སྲིད།
        དེ་བས་འབྲེལ་ཡོད་སྡེ་ཁག་སོ་སོས་བོད་སྐད་ཡིག་ས་རྒྱུས་སློབ་ཁྲིད་ཀྱི་ཡིག་སྒྱུར་ཕྱོགས་ལ་གཙིགས་འཛིན་གདེང་འཇོག་མཛད་དེ་ཐབས་ཤེས་གང་ཡོད་འདོན་རྒྱུ་ནི་ཁ་ཚ་དགོས་གཏུག་གི་ཡུལ་ཞིག་ཏུ་གྱུར་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1