འ་ཞའི་སྐོར་བཤད་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-18


དེ་ཡང་འ་ཞ་ཞེས་པའི་མིང་འདི་བོད་ཀྱི་ལོ་རྒྱུས་དེབ་ཐེར་དང་རུས་མཛོད་གཏེར་ཡིག་བཅས་སུ་མང་པོ་འབྱུང་ལ།རྒྱའི་ཡིག་ཚང་དུའང་འ་ཞའི་ལོ་རྒྱུས་མི་ཉུང་བ་འཁོད་ཡོད་པ་དང་རྒྱ་ནག་སྐད་དུ་དེ་ལ་ཐུའུ་ཡོས་ཧོན་(吐谷浑)ཞེས་འབོད་ཅིང་།བོད་སྐད་ཀྱི་འ་ཞ་ཞེས་པ་ནི་རྒྱ་རིགས་མཁས་ལ་ལས་སྔར་འདིའི་རྒྱལ་པོ་ཞིག་གི་མིང་ལ་འ་ཚེ་(阿柴)ཞེས་འབོད་པའི་སྒྲ་ཟུར་ཆག་སྟེ་འ་ཞར་ཐོགས་པ་དང་།ཡང་ལ་ལས་ནུབ་བྱང་མི་རིགས་སྤྱིས་འ་ཞར་མིང་ངན་བཏགས་པ་ལས་བོད་ཀྱིས་རྒྱུན་འབྱམས་སུ་བཀོལ་བ་སོགས་བཤད་ཀྱང་།གང་ལྟར་འ་ཞ་ཞེས་པ་གནའ་དུས་ནས་བོད་མིས་འབོད་པའི་མིང་ཞིག་ཡིན་ལ།དེ་འདོད་རྒྱལ་དུ་བྱས་ནའང་འགལ་བ་མེད་སྙམ།སྤྱིར་བོད་རྒྱའི་ལོ་རྒྱུས་དེབ་ཐེར་རྣམས་སུ་འ་ཞའི་སྐོར་གྱི་ལོ་རྒྱུས་དེབ་ཐེར་རྣམས་སུ་འ་ཞའི་སྐོར་གྱི་ལོ་རྒྱུས་བཀོད་པ་མང་ཡང་།འདིའི་རིགས་རྒྱུད་བྱུང་ཚུལ་ཐད་ལ་ཞལ་ཅུང་ཟད་མི་མཐུན་ཏེ།བོད་ཀྱི་རུས་མཛོད་སོགས་སུ་བཀོད་པ་ལྟར་ན་འ་ཞ་ནི་རང་རིགས་བོད་ཀྱི་རྒྱུད་པ་ཡིན་པར་མ་ཟད།གནའ་བོའི་བོད་རུས་ཆེན་བཞིའི་ཡ་གྱལ་གྱི་ལྡོང་ངམ་སྒའི་ཁོངས་སུ་གཏོགས་པར་བཤད་དེ།《རུས་མཛོད་མེ་ཏོག་སྐྱེད་ཚལ》བྱ་བ་ལས།ཡུལ་མི་ཉག་ནས་ལྡོང་རིགས།འ་ཞ་ནས་སྒ་བྱུང་སྟེ་ཞེས་དང་།ཡང་ལྡོང་ལ་རུས་ཆེན་བཅོ་བརྒྱད།སེང་རྒྱལ་འ་ཞ་བུ་དགུ་གྲོལ།ཞེས་སོགས་འབྱུང་མོད།དེང་སང་ཡོངས་གྲགས་ལ་འ་ཞའི་རིགས་རྒྱུད་ནི་ཤར་བྱང་ཕྱོགས་ནས་མཆེད་ཡོང་བས་བོད་དང་འབྲེལ་གཏོགས་མེད་པར་བཤད་པས།བོད་ཀྱི་བརྗོད་ཚུལ་འདི་སྔར་འ་ཞའི་མི་སྡེས་བཟུང་བའི་མཚོ་སྔོན་པོའི་མཐའ་བཞི་ནི་དེ་སྔོན་བོད་རིགས་སྒའི་གནས་ཡུལ་ཡིན་སྟབས།འ་ཞ་ས་ཕྱོགས་འདིར་མཆེད་རྗེས་ཡུལ་མི་དང་འདྲེས་ཏེ་ཕྱིས་འ་ཞ་བོད་ཁོངས་སུ་འདུས་པ་སྔ་རབས་ལོ་རྒྱུས་སྨྲ་བ་འགའ་རེས་དབྱེ་བ་མ་ཕྱེ་བར་ཡི་གེར་བཀོད་པ་དུས་ཕྱིས་བར་མིང་རྒྱུན་འབྱམས་སུ་བཀོལ་བ་ཡིན་སྙམ།དེའང་རང་རེའི་ལོ་རྒྱུས་རྣམས་སུ་བོད་དང་འ་ཞ་གཉིས་བོད་རྒྱལ་སྟག་རི་གཉན་གཟིགས་ཀྱི་རིང་ནས་འབྲེལ་གཏུག་བྱུང་ཚུལ་བཀོད་ཡོད་ལ་གནམ་རི་སྲོང་བཙན་གྱིས་འ་ཞ་འདུས་པའི་རྒྱལ་ཕྲན་འགའ་དབང་དུ་བསྡུས་པར་བཤད་དེ།《ཆོས་འབྱུང་མཁས་པའི་དགའ་སྟོན》དུ།རྒྱལ་བོད་འདིས།བོན་པོ་རྗེ་འ་ཞ་རྗེ་དྲང་གར་རྗེ་ཟིན་(ཟེང་)པོ་རྗེ།ཞང་ཞུང་རྗེ་རྣམས་བཏུལ།ཞེས་སོགས་འབྱུང་ཡང་།འ་ཞ་དངོས་སུ་བོད་བཙན་པོའི་ཆབ་འོག་ཏུ་འདུས་པ་ནི་སྤྱི་ལོ་643ཙམ་ལ་ཡིན་ཏེ།《ཏུན་ཧོང་གཏེར་ཡིག》ཏུ་རྒྱལ་པོ་སྲོང་བཙན་སྒམ་པོས་དྭགས་ཀོང་མྱང་གསུམ་དང་སུམ་པ་བཅས་ངོ་ལོགས་བྱས་པ་སླར་དབང་དུ་བསྡུས་པའི་ཚུལ་བརྗོད་རྗེས།འུང་གི་འོག་དུ་བཙན་པོ་ཞབས་ཀྱིས་བཙུགས་སྟེ།བཟང་(བྱང་)ལམ་དུ་མ་བྱུང་མ་དྲངས་པར།རྒྱ་དང་འ་ཞས་དཔྱའ་གཙལ་(གཅལ)ལོ།ཐོག་མ་འ་ཞ་དེ་ནས་འབངས་སུ་མངའ་འོ།ཞེས་གསལ་བོར་བཀོད་ཡོད་པར་མ་ཟད།དབོན་སྲས་མང་སྲོང་མང་བཙན་གྱི་སྐབས་སུའང་བློན་ཆེན་མགར་སྟོང་བཙན་ཕ་བུ་རྣམས་འ་ཞའི་ཡུལ་དུ་ཡུན་རིང་བསྡད་ནས་སྲིད་གཉེར་ཚུལ་དང་།དུས་ཕྱིས་ཁྲི་འདུས་སྲོང་གི་རིང་བཙན་པོའི་སྐུ་སྲིང་བཙན་མོ་ཁྲི་པངས་བྱ་བ་འ་ཞ་རྗེ་ལ་བག་མར་བརྫངས་ནས་གཉེན་བྱས་ཚུལ་སོགས་ཀྱང་གསལ་བོར་བཀོད་པ་བཞིན་དང་།བཙན་པོ་ཁྲི་ལྡེ་གཙུག་བཙན་རིང་གི་བློན་ཆེན་པོ་དབོན་ད་རྒྱལ་བྱ་བའང་བཙན་པོའི་གཉེན་རྒྱུད་འ་ཞ་པ་ཡིན་ལ།ཁྲི་ལྡེ་སྲོང་བཙན་ཡབ་སྲས་ཀྱི་རིང་ཡང་ད་དུང་རྒྱལ་ཕྲན་གྱི་རྣམ་པར་དབོན་གྱི་ཚུལ་བཟུང་སྟེ་འབྲེལ་བ་ཟམ་མ་ཆད་པར་གནས་ཡོད་ཚུལ་ནི་བཀའ་གཙིགས་ཡི་གེའི་ནང་དུ་རྒྱལ་ཕྲན་བྲོ་བསྩལད་པ།དབོན་འ་ཞ་རྗེ་དུད་ཀྱི་བུལ་ཞི་ཁུད་བོར་མ་ག་ཐོ་གོན་ཁ་གན།ཞེས་སོགས་བཀོད་པ་ལྟར་སྐབས་དེའི་བོད་ཀྱི་རྒྱལ་ཕྲན་གྲས་སུ་གནས་པ་ལགས་ཤིང་།ཡང་རྒྱའི་ཡིག་ཚང་དང་དེང་དུས་རྒྱ་རིགས་མཁས་པའི་དཔྱད་རྩོམ་གྱི་ལུགས་ལྟར་ན།འ་ཞ་སྟེ་ཐུའུ་ཡོས་ཧོན་ནམ་ཐུའུ་ཧོན་བྱ་བ་ནི་མ་གཞི་ཞན་ཕའེ་རིགས་ཀྱི་དུམ་ཚན་ཞིག་དེང་གི་ལའོ་ཉིན་ཞིང་ཆེན་ཅིན་ཞན་རྫོང་ཁོངས་ནུབ་བྱང་གི་སར་འབྲོག་རུའི་འཚོ་བ་སྐྱོང་བཞིན་གནས་ཡོད་པ་ལ།དུས་རབས་བཞི་བའི་སྟོད་ཙམ་ལ་འཁྲུག་རྐྱེན་གྱིས་མགོ་དཔོན་ཐུའུ་ཡོས་ཧོན་བྱ་བས་མི་སྡེ་མང་ཙམ་བཅས་ཁྲིད་དེ་ནུབ་ཕྱོགས་སུ་ཡུལ་བྱོལ་ནས་མདོ་སྨད་ཀ་ཆུ་བརྒྱུད་དེ་དེང་གི་ཀན་སུའུ་དང་མཚོ་སྔོན་ས་ཆར་གཞིས་བཟུང་སྟེ་སྲིད་དབང་བཙུགས་ནས་དབང་བྱས་པ་དང་།ཕྱིས་དེའི་བུ་ཡེ་ཡན་བྱ་བའི་རིང་ནས་བཟུང་ཐུའུ་ཡོས་ཧོན་ཞེས་པ་རང་གི་རིགས་རུས་དང་རྒྱལ་ཁབ་ཀྱི་མིང་བྱས་ནས་དངོས་སུ་བཀོལ་བ་དང་།དེའི་རྗེས་རྒྱལ་པོ་མཁའ་ལིས་ཞེས་པས་ཁ་གན་ནམ་ཁད་ཧན་གྱི་མིང་བཟུང་སྟེ་དེང་གི་མཚོ་སྔོན་པོའི་འགྲམ་རྒྱལ་ས་བྱས་ཏེ་རྒྱལ་རབས་ཉི་ཤུ་རྩ་གྲངས་རིམ་པར་བྱོན་ཏེ་དུས་རབས་བདུན་པའི་བར་དུ་རྒྱལ་ཁམས་ལ་དབང་བསྒྱུར་པ་དང་།ཐང་རྒྱལ་རབས་ཀྱི་དུས་མགོར་རྒྱ་དང་འབྲེལ་གཏུག་ཟབ་ཅིང་སྤྱི་ལོ་640ལ་རྒྱ་ནག་ནས་ཧོས་ཧྭ་ཀོང་ཇོ་《弘化公主》བྱ་བ་བསུས་པ་སོགས་བཤད་ལ།དེའང་བོད་ཀྱི་ལོ་རྒྱུས་དང་རྒྱའི་《ཐང་ཡིག་གསར་རྙིང་》བཅས་སུ་བོད་རྒྱལ་སྲོང་བཙན་སྒམ་པོས་འ་ཞར་ཀོང་ཇོ་ཞིག་སློང་བར་བོད་ལ་དང་པོར་མ་བྱིན་པས་ཐུགས་ཁྲོས་ཏེ་འ་ཞར་དམག་དྲངས་ཞེས་གྲགས་པའི་ལོ་རྒྱུས་དེ་དང་ཞལ་མཐུན་ལ།སྤྱི་ལོ་663ལ་བོད་ཀྱིས་དཔུང་ཆེན་པོ་དྲངས་ནས་འ་ཞ་བསྣུབས་རྗེས་རྒྱལ་པོ་དང་ཀོང་ཇོ་བློན་འབངས་ཁ་ཤས་བཅས་ལང་ཀྲུའུ་སྟེ་དེང་གི་ཀན་སུའུ་ཝོ་ཝེའི་ཕྱོགས་སུ་བྲོས་བྱོལ་བྱས་ནས་ཐང་གོང་མའི་ངོར་བལྟས་ཤིང་།མི་སྡེ་མང་ཆེ་བ་བོད་བཙན་པོའི་ཆབ་འབངས་སུ་གྱུར་ནས་བོད་སིལ་བུའི་སྐབས་བར་དུ་མདོ་སྨད་བོད་འབངས་ཀྱི་ཁྲོད་དུ་འ་ཞའི་རིགས་རྒྱུད་དང་ཚོ་བ་ཡོད་པར་འདུག དེ་ལས་ཉུང་ཤས་ཤིག་དེང་གི་མཚོ་སྔོན་དང་དཔའ་རིས་ས་ཆར་གནས་གཞི་བཟུང་ཐོག་རང་རིགས་ཀྱི་ཁྱད་ཆོས་དང་གོམས་གཤིས་མ་འགྱུར་བར་ཡོད་པ་དེང་སང་གི་ཧོར་རིགས་ཡིན་པར་བཤད་ལ།ཁ་ཤས་ནི་རྒྱ་དང་མི་ཉག་གི་གྲས་སུ་ཐིམ་པར་གྱུར་པ་ལགས་སོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1