གངས་འདབས་ནས་བརྡོལ་བའི་དྭངས་གཙང་གི་རྒྱུན་བཟང་།—འཇུ་སྐལ་བཟང་དང་ཁོང་གི་སྙན་ངག

རྣམ་སྲས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-18


[ནང་དོན་གནད་བསྡུས]རྩོམ་ཡིག་འདིར་གླེང་བའི་འཇུ་སྐལ་བཟང་ལགས་ནི་སྙན་ངག་གསར་རྩོམ་ལ་འབྲས་བུ་གཡུར་དུ་ཟ་བ་བླངས་པའི་དེང་རབས་བོད་ཀྱི་སྙན་ངག་པ་གྲགས་ཅན་ཞིག་ཡིན། འདིར་གཙོ་བོ་ཁོང་གི་སྙན་དེབ《གངས་གྲོང་གི་རླུང་བུ》 ཞེས་པ་ལས་བརྩམས་ཆོས་ཁག་ཅིག་གི་བརྗོད་བྱའི་བསམ་བློ་དང་སྒྱུ་རྩལ་མཚོན་ཐབས་བཅས་ལ་དཔྱད་གཏམ་སྤེལ་ཡོད།

[གནད་ཚིགའཇུ་སྐལ་བཟང་། སྙན་ངག་གསར་རྩོམ། བསམ་བློའི་སྒྱུ་རྩལ།

འཇུ་སྐལ་བཟང་ནི༡༩༦༠—ལོར་མགོ་ལོག་ཁུལ་དར་ལག་ཡུལ་ཚོའི་དཔོན་སྐོར་གོང་མར་ཕ་རུས་འཇུ་དང་མ་རུས་ཁམས་གཙང་ལས་སྐྱེས། ༡༩༦༧ལོར་མདོ་ཁམས་སྒང་དྲུག་ལས་དམར་རྫ་སྒང་ལ་གཏོགས་པའི་བྱང་སྟོད་སྙིང་ལུང་གཙང་པོ་དལ་གྱིས་འབབ་པའི་འགྲམ་རྒྱུད་དུ་ཆགས་པའི་དཔོན་སྐོར་སློབ་ཆུང་དུ་འགྲིམས། ལོ་བཅུའི་སྟེང་ནས་རྒྱུ་མཚན་འགའ་ཞིག་གི་དབང་གིས་ཕ་ཡུལ་དུ་ལོག་དགོས་བྱུང་པས། སློབ་ཆུང་ལོ་གསུམ་ཙམ་ལས་འདོན་མ་ཐུབ། སྟབས་ལེགས་པ་ཞིག་ལ་སྒྲུང་དཔེ《 ཧོར་གླིང་གཡུལ་འགྱེད》ལག་ཏུ་འབྱོར་ནས་དགའ་སྤྲོ་ཆེན་པོ་སྐྱེས་ཤིང་། ཡང་ནས་ཡང་དུ་བཀླགས་པས་བློ་ཐོག་ནས་བརྗོད་ཐུབ་པ་བྱུང་། དགུང་ལོ་བཅུ་གསུམ་ནས་བོད་རྒྱའི་སྨན་པ་གྲགས་ཅན་གཉིས་ཀྱི་རྗེས་འབྲངས་ནས་གསོ་བ་རིག་པའི་ཕྱོགས་ལ་བག་ཆགས་བཞག་སྟེ། སྨན་གྱི་ངོས་འཛིན་དང་སྡེབ་སྦྱོར་སོགས་ལ་སྦྱངས། སྤྱི་ལོ༡༩༧༥ལོར། ཕོ་ལོ་བཅུ་དྲུག་ལ་སོན་པ་དང་། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་འགྲིམས་པའི་སྐལ་བ་ལྡན་ཞིང་བོད་རྒྱ་ཟུང་གི་རིག་གནས་ལ་གོམས་པར་བྱས། ༡༩༧༧ལོར་ཁོང་གི་སྙན་ངག《དུས་ཀྱི་རྣམ་པ་གསར་པ》ཞེས་པ་མཚོ་སྔོན་མི་རིགས་སློབ་གླིང་གི་རིག་གཞུང་དུས་དེབ་སྟེང་བཀོད་པ་ཆེས་ཐོག་མའི་སྙན་རྩོམ་དུ་གྱུར། ༡༩༧༨ལོར་སློབ་མཐར་ཕྱིན་ཏེ་ཕྱིར་མགོ་ལོག་ཏུ་ལས་ཀ་བསྒྲུབ་ཏུ་སོང་བ་དང་། སྐབས་དེར་བྲིས་པའི《 ཕ་ཡུལ་མགོ་ལོག་ལ་བསྟོད་པ》ཞེས་པ《མཚོ་སྔོན་བོད་ཡིག་གསར་འགྱུར》སྟེང་བཀོད། ༡༩༨༢ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ཡིག་རྙིང་ཆེད་སྦྱོང་འཛིན་གྲྭར་རྒྱུགས་འཕྲོད་དེ་སློབ་དཔོན་ཆེན་མོ་དམུ་དགེ་བསམ་གཏན་དང་དུང་དཀར་བློ་བཟང་འཕྲིན་ལས། ཚེ་ཏན་ཞབས་དྲུང་སོགས་ཀྱི་མདུན་ནས་བོད་ཀྱི་གནའ་རབས་རྩོམ་རིག་དང་ལོ་རྒྱུས། ཚད་མ་སོགས་ལ་སྦྱངས་པ་དང་། ཁོང་རྣམ་པའི་བཀའ་དྲིན་གྱིས་སྙན་ངག་མེ་ལོང་ལའང་བག་ཆགས་མི་དམན་པ་འཇོག་པའི་སྐལ་བ་ལྡན་ཞིང་། 《 མཚོ་སྔོན་ལ་བསྟོད་པ་དཔེ་རྒྱན་གྱི་ཕྲེང་བ》ཞེས་པའི་སྙན་ངག ༡༩༨༤ལོའི《 སྦྲང་ཆར》དེབ་དང་པོའི་སྟེང་བཀོད། ༡༩༨༤ལོར་མཐར་ཕྱིན་རྗེས། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་གནའ་རབས་རྩོམ་རིག་གི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་དེ། དགེ་བའི་བཤེས་གཉེན་ཆེན་པོ་ཤར་གདོང་བཤད་སྒྲུབ་རྒྱ་མཚོ་དང་རྡོ་རྒྱལ་སྐུ་ལོ་ཚང་སོགས་ཀྱི་གསུང་གི་བདུད་རྩི་འཐུང་བའི་སྐལ་བཟང་ཐོབ་པ་བསྟུན་ནས། མགུར་དང་གཞས་སོགས་སྲོལ་རྒྱུན་གྱི་རིང་ལུགས་གཅིག་ཏུ་འདུས་པའི་སྙན་རྩོམ་མང་པོའི་རྒྱན་གྱི་སྦྱོར་ཚུལ། རྣམ་པ་གྲུབ་ལུགས། རྟོག་བཟོ་བྱེད་སྟངས་སོགས་ལ་དཔྱད་ཞིབ་གཏོང་བའི་བསམ་གཞིག་གི་སྒོ་མོ་ཡངས་པར་ཕྱེ་ཞིང་། ཀྲུང་ཕྱི་རྩོམ་རིག་གི་ཤེས་བྱ་མང་པོ་ཞིག་ལའང་སློབ་སྦྱོང་བྱས་ཤིང་ཉམས་མྱོང་བླངས་པས། བོད་ཀྱི་དེང་རབས་རྩོམ་རིག་གསར་རྩོམ་ཐད་ལ་ལྟ་བ་གསར་པ་དང་། བསམ་བློ་གསར་པ་ཆགས་ཤིང་། མི་རིགས་ཀྱི་འདུ་ཤེས་ཟབ་མོ་ཞིག་དང་རིག་གནས་རྒྱུད་འཛིན་གྱི་འགན་འཁུར་ལྕི་མོ་ཞིག་ཕྲག་ལ་བབས་ཡོད་པ་སྙན་ངག་ལ་བསྟིམས་ཤིང་སྙན་ངག་ལས་མངོན་ཡོད། ཁོང་གིས་སྔ་རྗེས་སུ་སྙན་ངག་གི་དེབ《གངས་འདབས་ཀྱི་སེམས་པ》  《 གངས་གྲོང་གི་རླུང་བུ》 《 དུངས་སེམས་རླབས་ཀྱི་ཟེགས་མ》  《 སྙན་ངག་གི་རྣམ་བཤད》 བསྒྱུར་རྩོམ《དཔྱིད》དང《ལྔ་སྟོང་བགྲང་བྱའི་སྟོད་སྨད》སོགས་པར་སྐྲུན་བྱས། ཁོང་གི་བརྩམས་ཆོས་ཁག་ལ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་བྱ་དགའ་མང་དུ་ཐོབ་ཅིང་འཐོབ་པ་ཡི་གེར་འཇིགས་ནས་མ་བྲིས་སོ།།

སྙན་ངག་གི་སྲོག་ཤིང་ནི་ནམ་ཡང་རང་གཤིས་དང་བདེན་དྲང་ཡིན་ལ། དེ་འབྲི་མཁན་གྱི་སྙན་ངག་པའང་ནམ་ཡང་རང་གཤིས་ཀྱི་སར་འགྲེང་ལ་བདེན་དྲང་གིས་འཚོ། སྙན་ངག་པའི་མིག་འོད་གཏོད་སའང་གཙོ་བོ་རྒྱུ་དང་དབང་གིས་བསྐྲུན་པའི་རྒྱས་སྤྲོས་ཀྱི་འཚོ་བ་མིན་པར། སྤྱི་ཚོགས་ཀྱི་ཆེས་དམའ་རིམ་ན་འཚོ་གནས་ཀྱི་ཆེད་དུ་འཕག་འཚག་བྱེད་བཞིན་པའི་ཚེ་སྲོག་ཉམ་ཆུང་དག་གཙོ་བོར་བཟུང་ཡོད། དེ་དང་དེའི་དབང་གིས། འཇུ་སྐལ་བཟང་གིས་སྒང་བ་བོད་ཀྱི་འདུན་མ་བསམ་ཞིང་འཇིག་རྟེན་སྤྱི་ལུགས་ཀྱིས་སྲོག་ལྟར་མཐོང་ཆེན་གཙིགས་ཆེན་བྱེད་པ་ཡོད་ཚད་ལ་ཇི་མི་སྙམ་པར་ལྟ་བའི་སྙན་ངག་པའི་འཚོ་སྟངས་བྱུང་བ་རེད།

སྙན་ངག་པ་ཁོ་རང་ཉིད་ཀྱིསང་རང་རྩོམ་རིག་གསར་རྩོམ་ལ་འཇུག་པའི་དམིགས་ཡུལ་ལམ་དགོས་པ་བཤད་ན། ཐོག་མར་དགའ་ཕྱོགས་དང་མོས་པ་ཞིག་ཡིན་ལ། ད་ལྟ་བསམས་ན་རང་གི་མི་ཚེའི་རིན་ཐང་མངོན་དུ་འགྱུར་བ་ཞིག་གི་ཆེད་དུའང་ཡིན་པ་འདྲ་སྟེ། ངོ་ཚ་བཞིན་སྨྲས་ན་བོད་མི་རིགས་ལ་ག་ཤེད་ཅིག་ནས་ཅུང་ཙམ་རེ་ཕན་ཨེ་ཡོང་སྙམ་པའི་འདུན་པ་ནི་དང་པོ་ཉིད་ནས་ཡོད་ཅིང་ད་ལྟའི་བར་འདོར་མ་མྱོང⑤ ཞེས་པས་ཁོང་གིས་སྙན་ངག་འབྲི་བའི་དམིགས་ཡུལ་དང་དགོས་ཆེད་སོགས་གསལ་བོར་བསྟན་འདུག་པ་ནི། སྙན་ངག་པ་ཡི་དམ་ཚེ་རིང་གིསརང་གི་མི་རིགས་ལ་དགའ་བའི་སྤྲོ་སེམས་དེ་ནི། ངའི་སྙིང་གི་ཁྲག་དྲོན་འཕྱུར་བའི་གདངས་སྙན་ཡིན། རང་གི་མི་རིགས་དར་རྒྱས་སུ་གཏོང་བའི་འགན་འཁུར་དེ་ནི་ངའི་སེམས་ཀྱི་རྒྱུད་མངས་བདུངས་པའི་རོལ་དབྱངས་ཡིན། དེའི་ཕྱིར། ངས་རང་གི་མི་རིགས་ལ་སྐུལ་སློང་བྱེད་པའི་རོལ་ཆ་སྐྲུན་དུས། ཚམ་ཚོམ་མེད་པར་རང་གི་བླ་སྲོག་བཞུས་པའི་དྭངས་མ་དེ་རྒྱུ་ཆ་བྱས་པ་ཡིན⑥ ཞེས་པ་ལྟར། འཇུ་སྐལ་བཟང་གིས་ཀྱང་རང་མི་རིགས་ལ་ཞེན་པའིབླ་སྲོག་བཞུས་པའི་དྭངས་མསྙིང་ཁོང་དུ་སྦྲུམ་ནས་བྲིས་པའི་སྙན་ངག་ཏུ་དུས་རབས་དང་མི་རིགས་འདིར་བཅངས་པའི་བརྩེ་དུངས་ཀྱིས་ཁེངས་ཡོད་པ་རེད། ཁོས་ནམ་ཡང་སྤྱན་ཟུང་བོད་ཀྱི་དངོས་ཡོད་སྤྱི་ཚོགས་ལ་གཏད་དེ་ལྟ་ཞིབ་དང་བསམ་གཞིག་བགྱིས་པ་ལས་བརྗོད་གཞིའི་ནང་དོན་གསར་པ་ཞིག་འཚོལ་བ་དང་། བོད་མི་རིགས་ལ་བཅངས་པའི་རེ་སྨོན་དང་དུངས་སེམས་ཀྱང་གནས་འདི་ནས་རྙེད་གང་ཐུབ་བྱེད། ཁོང་གི་སྙན་ངག་ལས་བོད་མི་སྤྱི་དང་མི་སྒེར་ལ་སློབ་གསོའི་ནུས་པ་ཆེས་ཆེར་ལྡན་པའི་སྙན་རྩོམ་ཁག་ཅིག་མཆིས་ཏེ། 《 ལྗོན་པའི་ཕུགས་བསམ》དང་།《 སྙན་ངག་པ་ཚོས་ཡང་སྙིང་ཅི་ཞིག་འཚོལ》 《 ནེ་ལེར་བགྲོ་བའི་གཏམ》 《 ཀ་རྩོམ་གནོད་སྦྱིན་ཕོ་བྲང་དཀྲུགས་པའི་འཕྲུལ་འཁོར》བཅས་ལས། བོད་མི་རིགས་ཀྱི་ལོ་རྒྱུས་རིག་གནས་ལ་གོ་བ་གཏིང་ཟབ་ཆགས་པ་དང་འབྲེལ་སྤྱི་ཚོགས་དང་། མི་རིགས། དུས་རབས་བཅས་ལ་བཅངས་པའི་འགན་འཁྲིའི་འདུན་པ་བརྟན་པོ་ཞིག་ཡོད་པ་རྟོགས་སླ་སྟེ། དཔེར་ན།

པ་ཏྲའི་རིས་བཞིན་འཁྱོག་པའི་གཡོ་ཅན་ཚོས་མཐོན་པོའི་གོ་ས་སྒོར་གྱིས་ཉོ།།

ཕ་མེས་བརླ་རུས་རྡུང་བའི་རྐང་འདྲེན་དག་རང་རིགས་དབུ་འཕང་སྒོར་ལ་བརྗེ།།

བ་ལང་སུག་རྗེས་འབྲང་བའི་སོ་ནམ་པ་ལག་པའི་ཆུ་སེར་སྒོར་གྱི་ཕྱིར།།

མ་འབྲིའི་འོ་ཞོར་སྲེད་པའི་གནག་སྐྱོང་པ་རྐང་བའི་སེར་ཁ་སྒོར་གྱི་སླད།།

ཙ་རི་གནས་སྐོར་བྱེད་པའི་རྒྱལ་ཁམས་པ་སྒོར་མོ་མང་སར་གཏན་གཞིས་ཆགས།།

ཚ་གྲང་ཁྱད་དུ་གསོད་པའི་དཀའ་ཐུབ་པ་སྒོར་མོ་འཚོལ་ཕྱིར་གྲོང་དུ་འབབ།།

ཛ་ཡའི་དགོངས་དོན་དཔྱོད་པའི་ཐ་སྙད་པར་སྒོར་མོ་ཐོབ་ན་རིས་སུ་གཅོད།།

ཝ་མོ་གཟན་ལ་འདུར་འདྲའི་གྲོང་ཆོག་པ་སྒོར་མོ་མཐོང་ཚེ་འགྲམ་ཆུ་ལྡང་།།

ར་བཟང་ལུག་བཟང་བརྩད་པའི་ཐ་མ་ལ་ཅི་ཡང་མི་བཟང་སྒོར་མོ་བཟང་།།

ལ་རྒྱ་མགོ་རྣ་བཟུང་བའི་མཐར་ཐུག་ལ་གང་ཡང་མི་ཟིན་སྒོར་མོ་ཡིན།།

ཤ་ཁྲག་གདོས་བཅས་ལུས་ལ་གྲུབ་ཟིན་ནས་ང་དང་ཁྱོད་ལ་ཁྱད་མི་འདུག །

ས་སྟེང་འདི་ན་འཚོ་བའི་སྐྱེ་བོ་དག་ཐམས་ཅད་འཚོ་བ་སྒོར་གྱི་དོན།།

ཞེས་སྐབས་དེའི་སྤྱི་ཚོགས་འཚོ་བའི་ཁྲོད་དུ་དབང་ཆ་དང་མཚན་སྙན་རིས་མེད་དུ་སྤྱད་དེ་རྒྱུ་ནོར་གྱི་འདོད་པ་སྐོང་ཅི་ཐུབ་བྱེད་པའི་སྤྱི་ཚོགས་སྣང་ཚུལ་དག་ལ་འཕྱ་སྨོད་དང་ཟུར་ཟ་བྱེད་པ་ལས་རང་རིགས་ལ་བཅངས་པའི་དུངས་ཞེན་དྲོན་མོ་ཞིག་ཚ་ལམ་མེར་མངོན་པ་དང་། སྙན་ངག་གི་རིག་རྩལ་བསླབས་པའི་གངས་ཅན་པ་རྣམས་ལ་བསླད་པ་མེད་པའི་བརྩེ་དུངས་ཤུགས་ཆེན་རྟག་ཏུ་བཅངས་ཡོད་པ་ནི་ཆེས་གཙོ་བོར་གྱུར་པའི་རྒྱུ་རྐྱེན་ཞིག་གོ །

《 ལྗོན་པའི་ཕུགས་བསམ》 ཞེས་པའི་སྙན་རྩོམ་ནི་རྩོམ་པ་པོའི་ལྷག་བསམ་གྱི་འདུན་པ་དང་གཞན་ཕན་གྱི་སྙིང་སྟོབས་མཚོན་པའི་སྙིང་ཁོང་གི་འབོད་སྒྲ་ཞིག་ཡིན་ལ། མི་རིགས་ཀྱི་ཆེད་དུ་ཡོད་ཚད་གཏོང་ཕོད་པའི་ཕུགས་འདུན་ཞིག་ཀྱང་གསལ་བོར་མངོན་ཐུབ་པ་ཡིན། རུས་གསེང་ན་བཞུར་བའི་བརྩེ་བ་བདེན་དོན་གྱི་སྨྱུག་རྩེར་དྲངས་ཏེ་བོད་མི་རེ་རེའི་ནང་སེམས་ཀྱི་གཤིན་ས་རུ་སྙིང་སྟོབས་ཀྱི་ས་བོན་ཙམ་གཏོར་རྒྱུ་ནི་ཁོང་གི་སྙན་ངག་སྤྱིའི་ཁྱད་ཆོས་གཙོ་བོ་ཞིག་ཀྱང་རེད། དེ་བས་སྙན་ངག་པའི་སྙིང་ཁོང་ན་ལྷོག་ལྷོག་ཏུ་ཁོལ་བའི་རེ་འདོད་དྲོན་མོ་གངས་ལྗོངས་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པའི་ལྗོན་པ་ཞིག་གི་སྟེང་ལ་འཕོས་ཤིང་། དེ་ནི་མི་རིགས་ཤིག་གི་ལོ་རྒྱུས་ཡིན་ཏེ། དཔེར་ན།

དཔྱིད་གསུམ་མཚར་སྡུག་མེ་ཏོག་ཆལ་ཆིལ་དུ་བཞད་པས།།

ཨ་ལྕེའི་དབུ་ལོ་མཛེས་པའི་རྒྱན་ཆ་ཙམ་ཡོང་ན།།

ན་ཆུང་སོར་མོའི་མཚོན་གྱིས་ཚལ་བ་རུ་འཕངས་ཀྱང་།།

འགྱོད་མེད་བཏང་སྙོམས་ཆེན་པོའི་གཞི་དབྱིངས་སུ་བཏང་ཆོག །

དབྱར་གསུམ་སྣུམ་སྟུག་ཡལ་འདབ་དཔག་ཚད་དུ་རྒྱས་པས།།

ཨ་ཇོའི་སྐུ་ངལ་གསོ་བའི་ཚད་སྐྱོབ་ཙམ་ཡོང་ན།།

ཚ་གདུང་མེ་དུག་དྲག་པོས་བརྩེ་མེད་དུ་གཟིར་ཡང་།།

བསྐང་མེད་ཞི་བ་ཆེན་པོའི་གཞི་དབྱིངས་སུ་བཏང་ཆོག །

སྟོན་གསུམ་སྨིན་ལེགས་འབྲས་བཟང་ཕང་ཕུང་དུ་དུད་པས།།

རྨོ་བོའི་ཟོ་མདངས་གསོ་བའི་བཅུད་ལེན་ཙམ་ཡོང་ན།།

རྣོ་ངར་རྔ་ཟོར་གདུག་པོས་འཇིང་བ་ནས་བཅད་ཀྱང་།།

ཕངས་མེད་དགའ་བ་ཆེན་པོའི་གཞི་དབྱིངས་སུ་བཏང་ཆོག །

དགུན་གསུམ་ཡལ་གའི་ཁོ་ལག་ཕྱོགས་མེད་དུ་བརྐྱངས་པས།།

སྤོ་བོའི་མེ་སྟོབས་གསོ་བའི་དྲོད་ལེན་ཙམ་ཡོང་ན།།

རེག་གཅོད་སྟ་གྲི་ངར་མས་དུམ་བུ་རུ་གཏུབས་ཀྱང་།།

ལན་མེད་བཟོད་པ་ཆེན་པོའི་གཞི་དབྱིངས་སུ་བཏང་ཆོག །

ཁྱད་པར་རིང་བའི་རྩེ་མོ་ནམ་མཁའ་རུ་བསྙེགས་པས།།

ནུ་སྲིང་བུ་ཚ་དགྱེས་པའི་སྐས་གདང་དུ་གྱུར་ཏེ།།

རྒྱུ་སྐར་དོ་ཤལ་ལེན་པའི་རྐང་སྟེགས་ཤིག་ཡོང་ན།།

རེ་བློ་གཏིང་ནས་ཚིམ་པའི་དགའ་སྟོན་ལ་རོལ་འགྲོ།།

ཞེས་པ་དང་། སྙན་ངག་པས་ཁོལ་དུ་ཕྱུང་བའི་རྒྱ་ཆེ་ཞིང་ཁོད་ཡངས་པ། བློས་གཏོང་ཕོད་པའི་མི་རིགས་སྙིང་སྟོབས་ཀྱི་རྩ་བ་གཅིག་ཏུ་སྒྲིལ་ཡོད། དཔྱིད་ཟླ་ཐ་མའི་དུས་སུ། ལོ་ཟླས་རྡོག་བརྫིས་ཐེབས་པའི་ས་གཞིར། དུས་ཀྱི་འཁོར་ལོ་མེད་པའི་སྡོང་བོ་ཞིག་ཡོད། མེ་ཏོག་གིས་བུ་མོའི་འཛུམ་མདངས་བརྒྱན་མྱོང་ལ། ཤིང་འབྲས་ཀྱིས་འཛུགས་མཁན་ལ་དྲིན་ལན་འཇལ་མྱོང་ཞིང་། སྡོང་ལོ་སྐམ་པོས་ཀྱང་མི་རྣམས་ལ་དྲོད་ཁོལ་སྦྱིན་མྱོང་། དགུན་ཁ་སླེབས་ལ་ཉེ་དུས། སྡོང་བོ་དག་སྐམ་ཚར་ནའང་སྡོང་རྒན་འདི་ཁོ་ན་འགྱོད་པ་སྐྱེས་ཀྱི་མེད་པར་མ་ཟད། ད་དུང་རང་ཉིད་རྨང་རྡོ་ཞིག་ཏུ་གྱུར་ནས་རྗེས་རབས་པ་རྣམས་རང་གི་རྩེ་ལ་འཁྱུད་དེ་འོད་འཚེར་བའི་ནམ་མཁའི་སྐར་མ་འཛིན་པར་སྨོན།ཁོས་རང་གི་རེ་སྙེག་དང་འདོད་དགོངས་དེ་གངས་རིའི་ལྗོངས་འདིར་ལོ་ངོ་སྟོང་ཕྲག་དུ་མར་རྩ་བ་ཟུག་པའི་སྡོང་རྒན་ཞིག་གི་སྟེང་འཕོས་ཤིང་། དེ་ནི་མི་རིགས་འདིས་བརྒྱུད་མྱོང་བའི་ལོ་རྒྱུས་དངོས་མ་ཞིག་ཡིན་ལ། སྙན་རྩོམ་དུ་ལྗོན་པའི་གཟུགས་ཀྱིས་བླ་ན་མ་མཆིས་པའི་ཕུལ་བྱུང་གི་བསམ་པའི་འཇིག་རྟེན་ཞིག་གཅལ་དུ་བཀྲམ། རང་ཉིད་སྐྱོང་བའི་མི་རིགས་དང་ས་གཞིར་སེམས་གཏིང་ནས་དགའ་ཞིང་གུས་པའི་རྣམ་འགྱུར་ཧ་ཅང་ཞི་བའི་ཉམས་ཀྱིས་མངོན་འདུག འཇུ་སྐལ་བཟང་གི་སྙན་རྩོམ་ཁྲོད་དུས་ནམ་ཡང་འབུར་དུ་ཐོན་པའི་ཁྱད་ཆོས་གཙོ་བོ་ཞིག་ནི་ཁེངས་སྐྱུང་དང་ཞི་དུལ་གྱིས་ཕྱུག་པར་མ་ཟད། སྲོལ་རྒྱུན་དང་དེང་རབས་ཟུང་དུ་འབྲེལ་བ་དེ་རེད། སྒྱུ་རྩལ་གྱི་ཚོར་རྟོག་དང་དུས་རབས་ཀྱི་འོས་འགན་བསམ་བློས་ཕྱུག་པའི་སྙན་ངག་པ་སུ་ཡིན་རུང་། དུས་རབས་ཀྱི་བསམ་གཞིག་རྒྱབ་རྟེན་དུ་བྱས་པའི་རང་གི་སྐད་ཆར་ཐུན་མོང་མིན་པའི་མི་རིགས་ཀྱི་རིག་གནས་དང་བརྩེ་དུངས་ཀྱི་སྲོག་རྩ་ཡོད་དགོས་ཤིང་། བརྩམས་ཆོས་ཀྱིས་ཚུར་སྣང་བྱས་པའི་འཚོ་བ་དང་བསམ་བློར་བདེན་ལུགས་ཀྱི་གཤིས་རྒྱུད་ཚང་དགོས་པ་རེད།

《 ནེ་ལེར་བགྲོ་བའི་གཏམ》ཞེས་པ་ནི་རབ་རྟོག་དང་རབ་སྤེལ། ཤིས་བརྗོད་ཀྱི་རྒྱན་སོགས་སྒྱུ་རྩལ་གྱི་རབ་འཕྲུལ་མང་པོས་མཛེས་པར་བྱས་ཡོད་པས་མཚོན་ཐབས་ཕུན་སུམ་ཚོགས་ལ་ཡིད་འགུགས་ཤུགས་དྲག་པ། རྩོམ་པ་པོས་བསམ་གཞིག་གི་ཁ་མིག་བོད་སྤྱི་ཚོགས་དངོས་ལ་འཁོར་ཏེ་འབྲི་རྩོམ་བྱས་པ་ཞིག་ཡིན་པས། མི་ཚེ་རིན་ཐང་གི་ལྟ་ཚུལ་ཐད་སློབ་གསོའི་ནུས་པ་ངེས་ཅན་ཞིག་མངོན་འདུག་སྟེ། དཔེར་ན།

རང་ཞེན་བག་ཆགས་མཐུག་པོའི་གདམས་ངག་གི་བུམ་ཆུར།།

བླང་དོར་དཔྱད་འཇོག་མེད་པའི་རྔམ་འཐུང་གིས་འགྲངས་པས།།

རླུང་སྤྲིན་ངེས་མེད་འཐབ་པའི་བགྲོད་རིམ་དེར་སླེབས་ཚེ།།

མགོ་འཁོར་ཞེན་པ་ལྡོག་པའི་ངེས་འབྱུང་ཞིག་འཁྲུངས་སམ།།

མ་བརྟག་རིང་ནས་གོམས་པའི་འཛིན་སྟངས་ཀྱི་བུ་ཆུང་།།

ཨ་འཐས་དྲན་པ་གྱོང་པོས་རྩེ་གཅིག་ཏུ་བསྐྱངས་པས།།

ཁ་སྤུ་ཟིང་ཟིང་གཡོ་བའི་དྲེད་པོ་ཁོ་མ་གཏོགས།།

སྣང་སྲིད་གཞན་ལ་རྒྱུ་བའི་ཤེས་པ་དེ་འགགས་སམ།།

ཕལ་བའི་རྣམ་རྟོག་འགགས་པས་བྱ་གྲལ་ནས་ཐལ་ཞིང་།།

ལྷག་པའི་རྟོགས་པ་མ་སྐྱེས་ལྷ་གྲལ་ཡང་མ་ཟིན།།

འདི་མིན་དེ་མིན་ཕུང་བོ་གསུམ་པ་ཡི་གཟུགས་ཀྱིས།།

དུས་དྲུག་འཁོར་མོར་འདའ་བའི་ཁོམ་ལོང་དེ་སུས་བྱིན།།

ཐོབ་ཀྱང་དགའ་རིན་མི་འདུག་ཨབ་རོ་ཡི་ལོངས་སྤྱོད།།

ཤོར་ཀྱང་འགྱོད་རྒྱུ་ཅི་ཡོད་དེ་ག་ལས་མ་འདས།།

ཀྱེ་མ་ད་དུང་ཡིན་མདོག་རང་རློམ་གྱིས་ཆེ་བ།།

མིས་འཕྱ་རང་ཡང་ཁྲེལ་བའི་གཞི་མ་ལས་འདུག་གམ།།

དྲི་བཞོན་གྲོགས་སུ་རྩེན་པ་ཐང་དཀར་གྱི་རྒོད་པོ།།

གཤོག་འགྱུར་ཡངས་པའི་རླབས་ཀྱིས་ནམ་མཁའ་རུ་ལྡིང་སྟེ།།

བརྙས་བཞག་རྟུག་པའི་ཕུང་བོ་མགོ་བོ་རུ་གཏོར་ཚེ།།

ང་ཡང་འདབ་ཆགས་སྙམ་པའི་འདུ་ཤེས་ཤིག་མེད་དམ།།

ཞེས་རྩོམ་པ་པོས་ཆོས་དང་འཇིག་རྟེན་གཉིས་ཀར་མགོ་འཁོར་བའི་སྐྱེ་བོ་མང་པོའི་བླང་དོར་གྱི་དབྱེ་བ་མི་ཤེས་པ། ལེགས་ཉེས་ཀྱི་ཁྱད་པར་མི་རྟོགས་པར་ཁོམ་ལོང་འདུ་འཛིའི་ཁྲོད་མི་ཚེ་སྟོང་ཟད་དུ་བཏང་ནས་རང་ཉིད་ཀྱི་ཕུགས་འདུན་ལ་སྤྲོ་བ་མེད་ཅིང་རེ་བ་མེད་པའི་ངང་གང་འདོད་དུ་ཉུལ་ནས་ཀུན་གྱིས་སྡིགས་མཛུབ་ཀེར་སའི་གཞི་རུ་གྱུར་ཡོད་པའི་ཚུལ་ལ་དགག་པ་དང་ཆབས་ཅིག བརྗོད་རིན་མི་འདུག་པའི་ཨ་བྲའི་ཤ་གཟུགས་ཁ་ཟས་སུ་ཐོབ་རྗེས་ཡིད་ཚིམ་པའི་འདབ་ཆགས་ནེ་ལེ་ལྟ་བུའི་དམིགས་ཡུལ་ཆུང་ལ་རེ་བ་དམན་པ། ལེ་ལོ་སྙིང་གྲོགས་སུ་སྦྲན་ནས་འགྲོ་ཐབས་འདུག་ཐབས་བྱེད་པའི་སྐྱེས་བུ་དག་གི་རང་གཤིས་རྗེན་པར་བྲིས་ཏེ། དེང་རབས་སྤྱི་ཚོགས་ནང་ལྟ་རྒྱ་ཆེ་དགོས་ལ་མཐོང་རྒྱ་ཡངས་དགོས་པའི་སྐོར་གསལ་བོར་བརྗོད་ཡོད། མར་ཁུའུ་སད་ཀྱིསསྒྱུ་རྩལ་གྱིས་ཐད་ཀར་འཇིག་རྟེན་ལ་བཅོས་བསྒྱུར་བྱེད་པ་མིན། ཡིན་ནའང་དེས་འཇིག་རྟེན་བཅོས་བསྒྱུར་བྱེད་པའི་ནུས་པ་དང་ལྡན་པའི་སྐྱེས་པ་དང་སྐྱེས་མ་རྣམས་ཀྱི་སེམས་ཁམས་ནུས་ཤུགས་ལ་བཅོས་བསྒྱུར་བྱེད་པར་ལག་རྗེས་འཇོག་ཆོག་པ་ཡིན” ཞེས་སྙན་ངག་ནི་མི་རིགས་ཤིག་ལ་མཚོན་ན་བསམ་པའི་ཟས་དང་སེམས་ཀྱི་སྨན་ལྟ་བུ་ཞིག་ཡིན་པར་བརྗོད་ཡོད། དེ་བཞིན་འཇུ་སྐལ་བཟང་གི་སྙན་ངག་གིས་བོད་མིའི་སེམས་ཀྱི་གཤིན་ས་རུ་སྒྱུ་རྩལ་གྱི་རྐང་བྲོ་འཁྲབ་ཅིང་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བསྐྲུན་ཡོད། ཁོང་གིས་རང་སེམས་ཀྱི་ཚོར་བ་ཕྲ་མོ་དེ་གབ་པ་སྦས་པ། ཅུང་ཟད་སྦས་པ། ཟུར་མངོན་པ་སོགས་ཀྱི་ཉིང་བཅུད་འདུས་ཤིང་། ཚོར་རྟོག་ཁྲོད་བསླངས་པའི་རི་མོ་དེ་ལས་བོད་མི་རིགས་ཀྱི་ཡུལ་སྲོལ་དང་ཆོས་ལུགས་དད་མོས། ཁོར་ཡུག་སོགས་ཇི་བཞིན་མཚོན་པར་བྱས་ཡོད།

རྩོམ་པ་པོ་སྙན་ངག་ལ་དུངས་ཞེན་ཆེ་ཞིང་རྩོམ་རིག་གི་ཕན་ནུས་སོགས་གླེང་སྐབས《སྙན་ངག་པ་ཚོས་ཡང་སྙིང་ཅི་ཞིག་འཚོལ་དགོས》ཞེས་པ་ལས་རང་ཉིད་ཀྱི་གསར་རྩོམ་འདུ་ཤེས་དང་ལྟ་བ་སོགས་སྦ་གསང་མེད་པར་མི་རབས་གསར་པའི་སྙན་ངག་པ་ཚོར་ལྷུག་མར་བརྗོད་ཡོད་དེ། སྙན་རྩོམ་དེས་རང་མི་རིགས་ཀྱི་རིག་གནས་ཉམས་ཤིང་རྒུད་པའི་སྣང་ཚུལ་ཞིག་མངོན་ཞིང་མངོན་པ་དང་། རྩོམ་རིག་གི་ནང་དོན་དང་རྣམ་པ་ཕྱོགས་གང་ཅིའི་ཐད་ནས་མིའི་བསམ་ཐོག་ལ་འོང་དཀའ་བའི་གནས་ཚུལ་ལ་གཟིགས་ནས་སྙན་རྩོམ་འདི་ལྟ་བུ་ཞིག་བྲིས་པ་ཡིན་ཞིང་། དེང་དུས་ཀྱི་རྩོམ་པ་པོ་འགའ་ཞིག་དངོས་ཡོད་འཚོ་བའི་ཁྲོད་ནས་དོན་སྙིང་ཞིག་སྔོག་འདོན་བྱེད་པར་ནུས་རྩལ་ཞན་ཚུལ་གྱིས། གྲང་ངར་ཁྲོད་དུ་དྲོད་ཁོལ་ཞིག་ཀྱང་འཚོལ་དཀའ་བར་མ་ཟད། མུན་ནག་གི་ཁྲོད་དུ་རང་ཉིད་ཀྱི་གྲིབ་གཟུགས་ལ་ལག་སྙོབ་བྱས་ཏེ་བདེན་དོན་གྱི་བློ་ཁ་བརྡར་བ་འདིས་མི་རིགས་ཀྱི་རྩོམ་རིག་ལ་ལམ་བཟང་བོ་ཞིག་སྟོན་དཀའ་བ་རེད། རྩོམ་མཁན་མང་པོ་ཞིག་གི་སྙན་ངག་གི་བརྗོད་བྱ་ནི་རི་བོ་དང་ཆུ་བོ། རྩྭ་ཐང་དང་ཕ་ཡུལ་སོགས་ཡིན་པ་ལས། འཇིག་རྟེན་ལྟ་ཚུལ་དང་མི་ཚེ་ལྟ་ཚུལ། རིན་ཐང་ལྟ་ཚུལ། མཛེས་དཔྱོད་ལྟ་ཚུལ་ཕྱོགས་ཀྱི་འཚོལ་ཞིབ་ཧ་ཅང་ཉུང་། སྙན་ངག་ནི་རྩོམ་མཁན་གྱི་རྟོག་འཆར་ཁྲོད་བསླངས་པའི་རི་མོའི་བརྙན་རིས་ཤིག་ཡིན་ལ། བརྙན་རིས་དེ་ལས་མི་རིགས་ཤིག་གི་རྣམ་དཔྱོད་དང་ཤེས་རབ་མཚོན་ཐུབ་པ་དང་། བརྙན་རིས་དེ་ལས་འཕྲོས་པའི་སྒྱུ་རྩལ་གྱི་འོད་སྣང་གིས་བདེན་དྲང་གི་ལམ་བུ་ཞིག་གསལ་བོར་སྟོན་ཐུབ་པ་བྱེད་དགོས། དེ་ལ་དགེ་རྒན་དོར་ཞིས།རྨོངས་པའི་གཉིད་ལས་སད་བྱེད་འབྲུག་གི་སྒྲ། །གཤིས་ངན་དུག་སྦྲུལ་ཚང་གཏོར་གནམ་ལྕགས་ཐོག །ཡ་རབས་སྣང་བའི་ལམ་སྟོན་ནམ་མཁའི་ནོར། །དགོངས་གཞིར་བྱས་པ་སྙན་རྩོམ་མཆོག་ཏུ་བསྔགས།།” ཞེས་སྙན་རྩོམ་གྱི་བྱེད་ལས་དང་དགོས་པ་བསྟན་ནའང་། དེང་སྐབས་ཀྱི་དུས་འདིར་ཁྱིམ་གོ་ར་གང་བོས་སྙན་ངག་འབྲི་ཡང་། ཀློག་པ་པོའི་ཡིད་སེམས་འགུགས་ནུས་པ་དང་མི་རིགས་ཀྱི་ཡུལ་སྲོལ་ཆ་ལུགས་དང་། བདེ་སྡུག་གླེང་ཡོད་པའི་སྙན་ངག་ཧ་ཅང་དཀོན་པོའི་ཚུལ་དུ་ལུས། དེ་ནི་མི་རིགས་ཀྱི་རྩོམ་རིག་ཉམས་རྒུད་དུ་འགྲོ་བའི་རྟགས་མཚན་ཞིག་ལས་འཕེལ་རྒྱས་ཀྱི་སྔ་ལྟས་ག་ལ་ཡིན་སྲིད། ང་ཚོས་སྐད་ཆ་ཤེས་པ་ནས་གླུ་ལེན་ཤེས་པ་དང་གོམ་པ་སྤོ་ཤེས་པ་ནས་བྲོ་འཁྲབ་ཤེས་ཀྱང་། ཡི་གེ་ཤེས་པ་ནས་སྙན་ངག་གཏན་ནས་འབྲི་མི་ཤེས། དཔལ་དོན་གྲུབ་རྒྱལ་གྱིསདེང་རབས་རྩོམ་གྱི་ལྷ་ལམ་ངོར། །སྒྱུ་རྩལ་འཕུར་མདའ་བགྲོད་པའི་ཚེ། །བསྟོད་པའིབོང་བུ་ལ་ཞོན་ནས། །མཁའ་ལ་འཕུར་འདོད་ངལ་བའི་རྒྱུཞེས་པ་དང། ཡངརང་རེའི་རྩོམ་ཡིག་ལ་ལ་ཞིག་ལ་བརྗོད་བྱའི་སྲོག་མེད་པ་དང་། ཡོད་པའི་དབང་དུ་བཏང་ན་ཡང་སྲོག་ཕྲ་མོ་ཞིག་ལས་མི་འདུག་པས། གཞེན་སྐུལ་གྱི་ནུས་པ་ངང་ངམ་ཤུགས་ཀྱིས་ཉམས་པ་དང་། མི་རྣམས་ཀྱི་བསམ་པའི་བློ་སྒོ་འབྱེད་མི་ཐུབ་པར་མ་ཟད། ལབ་བརྡོལ་ཚིག་གི་ཉོག་སྙིགས་ཙམ་ལས་འཐོབ་བྱ་ཅི་ཡང་མི་འདུག” ཅེས་སྙན་ངག་པ་འགའ་ཞིག་གི་བརྗོད་བྱ་གདམ་ཚུལ་དང་སྙན་ངག་རྩོམ་སྟངས་བཅས་ལ་ཕྱོགས་བསྡོམས་འདྲ་བྱས་ཏེ།

ཁ་བ་བུ་ཡུག་གཙུབ་པའི་བྱང་རླུང་གིས་སྐྱོད་པའི།།

མ་སངས་སྤུན་དགུའི་རུ་དར་ཁྲ་བོ་དེ་འཚོལ་དགོས།།

གཉའ་བའི་ཁྲི་ལ་ཞོན་པར་བག་ཚ་དང་བྲལ་བའི།།

ཆེ་བཙན་ཐོག་མའི་རྒྱལ་པོའི་ཁེངས་པ་དེ་འཚོལ་དགོས།།

མ་བརྟགས་རལ་གྲིའི་འཕྲུལ་འཁོར་རང་ཀླད་ལ་བསྐོར་བའི།།

དུམ་བུར་བཅད་པའི་འོད་ཀྱི་དམུ་ཐག་དེ་འཚོལ་དགོས།།

སྡེ་བཞིའི་ཕུན་ཚོགས་གནམ་སའི་རྒྱ་ཁྱོན་དུ་བདལ་བའི།།

མེས་དབོན་གསུམ་གྱི་གྲགས་པའི་ལ་ཐོད་དེ་འཚོལ་དགོས།།

འཛམ་གླིང་ཡང་རྩེར་བཀའ་ལུང་རང་དབང་དུ་སྤྱོད་པའི།།

བཙན་རྒྱལ་བོད་ཀྱི་དབང་ཆེན་ཐམ་ག་དེ་འཚོལ་དགོས།།

རུ་ལས་སྐྱེས་དང་མགར་ཆེན་ཐོན་མི་ལ་སོགས་པའི།།

མཛངས་མི་བདུན་གྱི་མཛད་རྗེས་རྡོ་རིང་དེ་འཚོལ་དགོས།།

མཁན་སློབ་བཻ་རོ་སྐ་ཅོག་ཞང་གསུམ་ལ་སོགས་པའི།།

སྤྲུལ་བའི་ལོ་པཎ་ཚོགས་ཀྱི་ཕྱག་སྨྱུག་དེ་འཚོལ་དགོས།། (གོང་མཚུངས)

ཞེས་རང་མི་རིགས་ཀྱི་ནང་སྙིང་དུ་གྱུར་པའི་ལོ་རྒྱུས་ཀྱི་བདེན་དོན་དང་སྲོག་ཤིང་དུ་གྱུར་པའི་རིག་གནས་ཀྱི་ཉིང་བཅུད་སྙན་ངག་གི་བླ་སྲོག་ཏུ་བཟུང་སྟེ་བདེན་དོན་གྱི་སྨྱུག་ཁ་བརྡར་ན། ཤེས་རབ་ཀྱི་སྒྲོན་མེ་སྦར་ཐུབ་ལ་ཤེས་རྟོགས་ཀྱང་སེལ་ཐུབ་པ་ཡིན། ན་གཞོན་སྙན་ངག་པ་འགའ་ཞིག་གིས་སྙན་ངག་གི་བརྗོད་བྱའི་ཐད་ལ་དང་དོད་དེ་འདྲ་མི་བྱེད་པར་ཚིག་གི་ངོས་ཐད་ཀྱི་མཚར་སྣང་དང་སྙན་མིན་ཙམ་ལ་བསམ་བློ་བཏང་ནས་རྩོམ་པ་མ་གཏོགས་ཕུགས་སུ་བཅུག་པའི་དོན་ལ་དཔྱད་རིན་མེད་པར། སློབ་དཔོན་ཆེན་མོ་དོར་ཞི་ཚང་གིསསྒྲུང་དང་སྙན་ཚིག་ཟློས་གར་གང་ཡིན་ཡང་མཚོན་དོན་དུ་བཀོད་པའི་བརྗོད་བྱའི་ཐད་ཀ་ཐད་སོའི་དོན་ཙམ་ལས་དེའི་ཕན་ཆད་ལ་གོ་བ་དང་ཉམས་མྱོང་ལྷག་པ་ཞིག་སྟེར་རྒྱུ་མེད་ན་རྩོམ་ལ་ཟབ་ཁྱད་མེད་པའི་རྟགས་ཡིནཞེས་གསུངས་ཏེ། སྒྱུ་རྩལ་རྩོམ་རིག་གི་སློབ་གསོའི་ནུས་པ་དང་སྤྱི་ཚོགས་ཀྱི་འོས་འགན་སོགས་གསལ་བོར་བསྟན་པ་དང་། འཇུ་སྐལ་བཟང་གིས་བརྩེ་བའི་གཏིང་རིམ་ནས་གསོས་ཤིང་གནས་ལུགས་ཀྱི་སྲོག་དབང་གྲུང་བོ་བརྗོད་བྱའི་ནང་དོན་དུ་བསྟེན་ནས། ད་ལྟའི་རྩོམ་རིག་གསར་རྩོམ་ཐད་ཀྱི་སྣང་ཚུལ་འགའ་ཞིག་ལ་བློ་ཕམ་ཞིང་ཡིད་སྐྱོ་བའི་རྣམ་པ་ངག་སྒོ་འཇམ་ཞིང་མི་སེམས་འགུལ་བའི་སྒྱུ་རྩལ་མཚོན་སྟངས་ཀྱིས།

དུས་རབས་གསར་རྙིང་དབྱེ་བའི་མཚམས་ཐིག་ཏུ་འགྲེང་ནས།།

ཤ་མེད་རུས་པའི་དཔུང་བ་ནམ་མཁའ་ལ་བསྒྲེངས་ཏེ།།

སྐྲ་ལོ་རླུང་གིས་སྐྱོད་བཞིན་དུམ་ཆོད་ཀྱི་ཚིག་གིས།།

རོང་སྨྱོན་འབྲོག་སྨྱོན་འདི་ཚོས་ཅི་ཞིག་རང་འཚོལ་ལམ།།

མ་བསྐོས་བསམ་གཞིག་འཁྱོག་པོ་སྨིན་མཚམས་སུ་མདུད་ཅིང་།།

སྙིང་གི་སྐྱོ་གདུང་སྨུག་པོ་དུད་ཞག་ཏུ་བསྐྱིལ་ཏེ།།

ཤ་རུས་གཏིང་གི་བརྩེ་དུངས་མིག་ཆུ་རུ་འཁྲུགས་བཞིན།།

དོན་མེད་མྱ་ངན་ཅན་ཚོས་ཅི་ཞིག་རང་འཚོལ་ལམ།།

སྤྱི་ཡི་ལས་དབང་སྒེར་གྱི་སྒལ་རྩིབ་ཏུ་བླངས་ཤིང་།།

གཞན་གྱི་སྡུག་ཡུས་རང་གི་སྙིང་ཁ་ནས་གསོས་ཏེ།།

ནང་གི་རྦ་རླབས་ཕྱི་ཡི་གདུང་ཡུས་སུ་གྱེར་མཁན།།

མ་བབ་རང་བསྐོས་ཅན་ཚོས་ཅི་ཞིག་རང་འཚོལ་ལམ།།

ཨ་མས་མི་ཤེས་ཆུང་མས་བསྟོད་པ་ཙམ་མི་བྱེད།།

གཞན་རིགས་མི་དགྱེས་རང་རིགས་མགུ་བ་ཞིག་མི་འོང་།།

དགེ་བ་མི་འགྲུབ་འཁོར་བའི་བྱ་བའང་འཆོར་བཞིན།།

སྙན་ངག་པ་ཚོས་ཡང་སྙིང་ཅི་ཞིག་རང་འཚོལ་ལམ།། (གོང་མཚུངས)

ཞེས་དངོས་ཡོད་ཀྱི་སྣང་ཚུལ་འགའ་ཞིག་ལ་ཡིད་ཅུང་ཙམ་སྐྱོ་བའི་དྲན་པ་མག་མོག་དེ་སྣང་བརྙན་གྱི་ཚོན་རིས་གསལ་བའི་རི་མོར་བཀོད་པ་དང་། དེང་གི་དུས་འདིར་རང་ཅག་གི་མེས་པོ་ངོས་མི་ཟིན་པ་དང་རང་གི་སྐད་རིགས་སྨྲ་མི་ཤེས་པ། འཚོལ་བྱ་གང་ཞིག་ཡིན་པ་དང་འདོར་བྱ་གང་ཡིན་པར་མགོ་འཐོམས་པའི་གཞོན་སྐྱེས་འགའ་ཞིག་ལ་ཁ་བརྡ་སློབ་གསོའི་ཚུལ་དུ་བྲིས་པ་ཕ་ཡིས་བུ་ལ་གདམས་པའི་སྙིང་གཏམ་དང་མཚུངས། ལོ་རྒྱུས་ལ་ཕྱི་མིག་ཅིག་འཕངས་ན་མེས་པོ་ཚོའི་ཤུལ་རྗེས་གསལ་བོར་མཐོང་ཐུབ་ནའང་མང་པོ་ཞིག་འཐོར་ཞིག་ཏུ་སོང་འདུག་པ་སྙན་རྩོམ་གྱི་ཕུགས་ནས་ཕྱིར་མངོན་ཞིང་། དེ་དག་འཚོལ་འདོད་ཀྱི་སེམས་འདུན་ཞིག་སྙན་མོ་ཚིག་གི་ཕྲེང་བའི་ལམ་ནས་བརྗོད་འདུག་པ་ནི།

སྔོན་རབས་ལོ་རྒྱུས་རིང་བོའི་གསང་བ་དེ་འཚོལ་དགོས།།

ད་ལྟའི་མི་རབས་ཤིག་གི་ལས་དབང་དེ་འཚོལ་དགོས།།

མ་འོངས་འགྲོ་བ་མི་ཡི་མདུན་ལྗོངས་དེ་འཚོལ་དགོས།།

དུས་གསུམ་དུས་ཀྱི་ཀློང་ནས་ཐམས་ཅད་དེ་འཚོལ་དགོས།།

ཞེས་བོར་སོང་བ་འཚོལ་རྒྱུ་དེ་ཧ་ཅང་གལ་ཆེ་བར་གདམས་པ་དང་། རྩོམ་པ་པོ་ཉིད་གཞན་ལས་འཕགས་པའི་བསམ་བློའི་མཐོ་སར་འགྲེང་ནས་རང་མི་རིགས་ཀྱི་མ་འོངས་པའི་མདུན་ལྗོངས་ལ་བསམ་གཞིག་དང་རེ་ལྟོས་ཀྱིས་ཁེངས་ཤིང་། ང་ཚོའི་སྤྱི་ཚོགས་འདིའང་ཤེས་རིག་དར་ཞིང་འབྱོར་ཕྱུག་ལྡན་པ་ཞིག་ཏུ་སྐྲུན་པར་སྙན་ངག་པས་དུས་རབས་ཀྱི་གདོང་ལེན་པ་དང་སྣེ་ཁྲིད་པ་ཞིག་གི་ལས་དབང་བསྟན་འདུག

ཁོང་གིས་སྲོལ་རྒྱུན་སྙན་ངག་གི་འབྲི་ཚུལ་ལ་བསྟེན་ནས་བྲིས་པའི་སྙན་ངག་གི་ཚིག་གི་སྦྱོར་ཚུལ་དང་རྒྱན་གྱི་སྤེལ་སྟངས་སོགས་ཆ་གང་ནས་ཀྱང་ཞི་འཇམ་བུ་མོའི་གར་སྟབས་བསྒྱུར་བ་ལྟར། སྙན་ངག་གི་སྣང་བརྙན་མིག་ལ་མཛེས་ཤིང་སྐད་ཆ་རྣ་བར་སྙན་པ་བཅས་ཀྱི་ཁྱད་ཆོས་གསལ་ལྷང་ངེར་ཐོན་འདུག ཚིགས་བཅད་དང་རང་མོས་གང་ཡིན་ཡང་མངོན་བརྗོད་དང་བརྡ་རྙིང་གིས་ངལ་བས་འབྲི་བ་མ་ཡིན་པར། གོ་སླ་ཞིང་བརྗོད་བདེ་བའི་ཐ་སྙད་སྤྱད་པས་ཚིག་གི་གདངས་གསལ་ཞིང་དོན་གྱི་གནད་དྲིལ་པ། འཁྱོག་བརྗོད་དང་རྟོག་བཏགས། བསྡུས་བརྗོད་བཅས་ཀྱི་ཐབས་ལ་བསྟེན་པས་ཀློག་པ་པོའི་ཡིད་སེམས་དབང་མེད་དུ་འགུགས་པར་བྱེད་དོ།།

དཔྱད་གཞིའི་ཡིག་ཆ།

①⑧འཇུ་སྐལ་བཟང་གི《 ལྗོན་པའི་ཕུགས་བསམ》 [M]ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས༡༩༩༤ལོར་དཔར་སྐྲུན་བྱས་པའི《 གངས་འདབས་ཀྱི་སེམས་པ》ཞེས་པར་གསལ།

འཇུ་སྐལ་བཟང་གི《 གངས་གྲོང་གི་རླུང་བུ》 [M]ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས༢༠༡༡ལོར་དཔར་སྐྲུན་བྱས།

འཇུ་སྐལ་བཟང་གི《 དུངས་སེམས་རླབས་ཀྱི་ཟེགས་མ》 [M]ཞེས་པ་སི་ཁྲོན་མི་དམངས་དཔེ་སྐྲུན་ཁང་གིས ༡༩༩༨ལོར་དཔར་སྐྲུན་བྱས།

འཇུ་སྐལ་བཟང་གི《 སྙན་ངག་གི་རྣམ་བཤད》 [M]ཅེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས༡༩༩༠ལོར་དཔར་སྐྲུན་བྱས།

འཇུ་སྐལ་བཟང་གི《 བདག་དང་བདག་གི་གསར་རྩོམ་སྐོར་གྱི་བསམ་གཞིག》ཅེས་པ༡༩༩༨ལོའི་ཟླ༧པའི་ཚེས༡༦ ཉིན་གྱི《 མཚོ་སྔོན་བོད་ཡིག་གསར་འགྱུར》དུ་གསལ།

ཡི་དམ་ཚེ་རིང་གི《 སྙན་ངག་གི་བླ་སྲོག་བཤད་པ》 [M]ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས ༡༩༩༣ལོར་དཔར་སྐྲུན་བྱས་པའི《 རྩོམ་བཤད་གཏམ་ཚོགས》ཀྱི་ཤོག་ངོས༤༦༦པར་གསལ།

འཇུ་སྐལ་བཟང་གི《 ཀ་རྩོམ་གནོད་སྦྱིན་ཕོ་བྲང་དཀྲུག་པའི་འཕྲུལ་འཁོར》ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས༢༠༡༡ལོར་དཔར་སྐྲུན་བྱས་པའི《 གངས་གྲོང་གི་རླུང་བུ》 ལས་གསལ།

བདེ་སྐྱིད་འཚོའི《 སེམས་པའི་རྩོམ་གྱི་ལམ་བུ》 [M]ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས༢༠༠༦ལོར་དཔར་སྐྲུན་བྱས།

ལིའུ་ཞོ་ཧྥུན་གྱི《 སྙན་ངག་ཅན་དུ་གྱུར་པའི་མཚན་ཉིད་རིག་པ》 [M]ཞེས་པ་པེ་ཅིན་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་གིས༡༩༨༧དཔར་སྐྲུན་བྱས་པ་ལས་གསལ།

དོར་ཞི་གདོང་དྲུག་སྙེམས་བློའི《 སྙན་ངག་གི་རྣམ་བཤད》 [M]ཅེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས༡༩༩༠ལོར་དཔར་སྐྲུན་བྱས།

《 སྐུ་ཞབས་དོན་གྲུབ་རྒྱལ་གྱི་གསུང་འབུམ》 [M]ཞེས་པ་མི་རིགས་དཔེ་སྐྲུན་ཁང་གིས༡༩༩༧ལོར་དཔར་སྐྲུན་བྱས་པ་ལས་གསལ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1