༄༅།། ཆོས་རྒྱལ་ཞལ་འབག

ལྟག་ཨོ་རྒྱན་ཆོས་འཕེལ། རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 02-20


ལྟག་ཨོ་རྒྱན་ཆོས་འཕེལ།       

         ལི་ཐང་དགོན་པའི་འབག་འཆམ་གྱི་ཁུངས་དེ་རྒྱལ་མེ་ཏོག་ཐང་ལ་གཏུགས་ཡོད། རྒྱལ་མེ་ཏོག་ཐང་ནི་དགོན་པའི་མིང་། མཚན་ཆ་ཚང་ལ་ཆོས་འཁོར་རྒྱལ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཞེས་གསོལ། སྤྱི་ལོ1509ལོར་རྒྱལ་བ་དགེ་འདུན་རྒྱ་མཚོས་དངོས་སུ་ཕྱག་བཏབ། དེང་སང་ལྷོ་ཁ་ས་ཁུལ་རྒྱ་ཚྭ་རྫོང་གི་ཁོངས་སུ་ཡོད།
        ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་ནི་རྒྱལ་བ་སྐུ་ཕྲངེ་གསུམ་པ་བསོད་ནམས་རྒྱ་མཚོས་ཕྱག་བཏབ་པ་ཡིན་ཕྱིར། ལི་ཐ་དགོན་པའི་འདོན་རྟ་དབྱངས་དང་།ཆོ་ག་ཕྱག་ལེན་སོགས་ཐད་ཀར་རྒྱལ་བ་སྐུ་གོང་མས་བཞེངས་པའི་རྒྱལ་མེ་ཏོག་ཐང་ལ་གཏུགས་ཤིང་། འདི་ཡང་ལི་ཐང་དགོན་པའི་ཆོ་གའི་ཕྱག་བཞེས་དེ་རྒྱུད་སྟོད་སྨད་གཉིས་དང་ཅུང་མི་འདྲ་བའི་རྒྱུ་མཚན་ཡང་དེ་ཡིན།ཁྱད་པར་དུ་ལི་ཐང་དགོན་པས་དཔལ་ལྡན་ལྷ་མོ་བསྟན་སྲུང་གཙོ་བོར་བཀུར་བའང་མེ་ཏོག་ཐང་གི་ཁྱད་ཆོས་འཛིན་པ་ཞིག་ཡིན།
        ཤོད་སྲོལ་ལྟར་ན་ལི་ཐང་དགོན་པ་ནས་གྲྭ་པ་བརྒྱ་ཐམ་པ་རྒྱལ་མེ་ཏོག་ཐང་དུ་གར་འཆམ་སློབ་པར་བཏང་། དེའི་ནང་གྲྭ་པ་ལྔ་བཅུ་ཏག་ཏག་སློབ་མཐར་ཕྱིན་དེ་ཕྱིར་དགོན་ཆེན་དུ་ཕེབས།དུས་དེ་ནས་བཟུང་ལི་ཐང་དགོན་དུ་འཆམ་པ་བ་ལྔ་བཅུ་ཞེས་གྲངས་དེ་ལས་ཆད་ལྷག་མི་ཆོག་པའི་བཞེས་སྲོལ་ཆགས།
        འཆམ་པ་བ་ལྔ་བཅུའི་འབག་གི་སྡེ་ལས་ཆོས་རྒྱལ་གྱི་ཞལ་འབག་ལ་དམིགས་སུ་ངོ་མཚར་བའི་གཏམ་རྒྱུད་ཅིག་ཡོད།ལོ་ལྟར་གར་འཆམ་གྱི་སྐབས་སུ་ཆོས་རྒྱལ་གྱི་རྭ་རྩེ་ལ་སྤོས་སྤར་བ་ཞིག་བཙུགས་སྲོལ་ཡོད་པར།དེ་ནི་ཞལ་འབག་འདིའི་གཏམ་རྒྱུད་དང་འབྲེལ་བ་ཡོད་པ་ཞིག་ཡིན།
        སྔོན་ཞིག་ཏུ།ཆ་ཕྲེང་ཡུལ་ནས་ཇག་པ་ཚོ་གཅིག་ལི་ཐང་དུ་ལྷགས་ཏེ་དགོན་པ་ལ་ཇག་བརྒྱབ།དེ་དུས་དགོས་པའི་རྟེན་རྫས་མང་པོ་ཞིག་ཆ་དམག་གིས་འཕྲོག་བཅོམ་བྱས།ཐ་ན་འཆམ་པ་བའི་འཆམ་གོས་དང་ཞལ་འབག་ཀྱང་ཁྱེར་སོང་བས།ལྟས་ངན་གྱི་ལུང་པ་གང་།ཉིན་ཞིག་ལ་འབྲོག་པ་རྒན་མོ་ལོ་ཆེན་པོ་ཞིག་བྲག་དཀར་གནས་འདབས་ཨོ་རོང་གཤིས་ཀྱི་ལུང་མགོ་རུ་ལྕི་བ་སྒྲུབ་བཞིན་པའི་སྐབས་སུ།མི་རིང་བའི་ས་ཕྱོགས་སུ་དུ་ཞག་འཁྱིལ་བ་མཐོང་།ཕྱོགས་དེར་སྤོས་དྲི་ཞིམ་པོ་ཞིག་ཀྱང་འཐུལ་བས།ཟུར་དུ་བཅར་ཏེ་ཞིབ་ཏུ་བལྟས་ཚེ།ངོ་མཚར་བ་ལ་རྭ་རྩེ་རུ་སྤོས་ཐུར་འབར་བ་ཞིག་བཙུགས་ཡོད་པའི་ཞལ་འབག་གཅིག་ས་དེར་བདག་མེད་དུ་གཡུགས་ཡོད་པ་མཐོང་།དེ་ནི་ཇག་པའི་རྟ་དྲེལ་འདྲོགས་ཏེ་གནས་འདིར་ཟག་པའི་ཆོས་རྒྱལ་ཞལ་འབག་ཡིན།རྒན་མོས་ཁ་ནས་དེང་སང་དུས་ཚོད་ངན་པ།མིག་གིས་མི་མཐོང་དགུ་མཐོང་།ཞེས་འབག་མགོ་དེ་བསྐྱུར་ནས་འགྲོ་གྲབས་བརྩམས་པ་དང་།ཞལ་འབག་ནས་གསུང་བྱོན་ཏེ། རྒན་མོ།ང་ལི་ཐང་དགོན་དུ་སྐྱོལ་དང་།ངས་ཁྱེད་ལ་གསེར་གྱི་བརྔན་སྤྲད་ཡོང་ཞེས་གསུངས།རྒན་མོས།ཁྱོད་ཁ་བདེན་ཚིག་ལ་གནས་དགོས་ཞེས་ཟེར་ནས་ཞལ་འབག་དེ་ཁྱེར་ནས་ལི་ཐང་དགོན་དུ་བསྐྱལ།ཡིན་ནའང།དགོན་པའི་མགྲོན་གཉེར་ནས་རྒན་མོ་ལ་ཐུགས་ཆེ་ཞུས་དང་ཁ་བཏགས་གཅིག་སྐེ་ལ་བསྐོན་པ་ལས། གསེར་གྱི་སྒྲ་ཙམ་ཡང་མ་གྲགརྒན་མོ་ཡིད་རྨུགས་ཏེ་ཁ་ནས།ཞལ་འབག་རྫུན་རྐྱལ་དེ་ཟེར་བཞིན་བྲག་ལེབ་༼བཙན༽རྡོ་རྗེ་རྒྱལ་མཚན་གྱི་འདབས་སུ་བསླེབས་དང་། རྐང་པ་རྡོ་ལ་ཐོགས་ཏེ་ས་ལ་འགྱེལ། རྒན་མོས། ཕིག་ཕིགལམ་འགྲོ་མེད་ཁར་རྡོ་ངན་ཐུག་ཅེས་བརྗོད།ཡང་མདུན་དུ་གོམ་པ་འགའ་བསྒྱུར་བ་དང་། རྐང་བ་སྔར་བཞིན་རྡོ་ལ་ཐོགས་ཏེ་ས་ལ་འགྱེལ།རྒན་མོས།ཕིག་ཕིག་ཕིག་ཅེས།ཁ་ནས་ངན་ངག་འདོན་བཞིན་ཡར་ལངས་ཏེ་ཡང་བསྐྱར་གོམ་པ་གཉིས་གསུམ་ལས་མེད་པ།སྔར་བཞིན་ས་ལ་འགྱེལ།ཐེངས་གསུམ་ས་ལ་འགྱེལ་རྗེས་་རྒན་མོའི་ལག་ནས་གང་ནས་ཡོང་བ་མ་ངེས་པའི་རས་ཁུག་གཅིག་བཟུང་ཡོད་པར། ཁ་ཕྱེས་ཏེ་བལྟས་རྗེས་རས་ཁུག་ནང་གསེར་གང་བླུགས་ཡོད་པར་མཐོང་།རྒན་མོ་རབ་ཏུ་དགའ་ནས།དགོན་པ་ལ་ཕྱག་གསུམ་འཚལ་ཏེ་ཁྱིམ་དུ་ལོག
        རྗེས་སོར་དགོན་པས་ལོ་རྒྱུས་འདི་རྗེས་དྲན་གྱི་ཚུལ་དུ་འཆམ་རྒྱག་པའི་ཉིན་མོར་ཆོས་རྒྱལ་ཞལ་འབག་གསུང་བྱོན་མའི་རྭ་རྩེ་ལ་སྤོས་ཐུར་གཅིག་བཙུགས་སྲོལ་ཡོད།རྒན་མོ་ས་ལ་འགྱེལ་སའི་ཕྱོགས་སུའང་རྡོ་མཆོད་ཆེན་པོ་གསུམ་སྤུངས་ཡོད་པའོ།། དགེའོ།།
        གོང་གི་པར་རིས་ནི་ལི་ཐང་བྷོཊའི་དཔེ་ཚོང་ཁང་གི་སྦྱིན་བདག་སྐུ་ཞབས་རྡོ་རྗེ་རྒྱལ་མཚན་ལགས་ནས་མཁོ་འདོན་གནང་བ་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1