སྤྱི་ལོ་2019ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་ཁྱབ་བསྒྲགས་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 02-21



          ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ལོ་༢༠༡༩ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ ༼   ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིང་ལས་དང་གྲོང་གསེབ་སྔོན་ལ་གོང་འཕེལ་གཏོང་རྒྱུ་དང་ཞིང་གསུམ་ལས་དོན་ཡག་པོ་བསྒྲུབ་རྒྱུ་རྒྱུན་འཁྱོངས་བྱེད་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག  ༽  ཅེས་པ་སྤྱི་ཚེས་༡༩ཉིན་ཁྱབ་བསྒྲགས་བྱས་པ་རེད། བསམ་འཆར་ནང་། ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དང་། དབུལ་སྒྲོལ་འགག་གཏོར་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུ། གྲོང་གསེབ་གཞི་རིམ་ཏང་རྩ་འཛུགས་ཀྱིས་འགག་གཏོར་དམག་འཐབ་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། གྲོང་གསེབ་དར་རྒྱས་གོང་འཕེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དང་། སྤྱི་ལོ་༢༠༢༠ལོར་སླེབས་དུས་གྲོང་གསེབ་སྒྱུར་བཅོས་གོང་འཕེལ་མངོན་འགྱུར་ཡོང་རྒྱུའི་ཁས་ལེན་གྱི་ལས་འགན་དམིགས་འབེན་བདེ་བླག་ངང་བསྒྲུབ་རྒྱུར་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་བཏོན་ཡོད།
          ན་ནིང་ལོ་མཇུག་ལ་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་གྲོས་ཚོགས་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ལས་དང་གྲོང་གསེབ་སྔོན་ལ་གོང་འཕེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ཞེས་ནན་གསུངས་གནང་ཡོད། འདི་ཡང་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ཁ་བྱང་དུ་གྱུར་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གོང་འཕེལ་ཞིབ་འཇུག་ལྟེ་གནས་གྲོང་གསེབ་དཔལ་འབྱོར་ཞིབ་འཇུག་པུའི་པུའུ་ཀྲང་ཡའེ་ཤིང་ཆིང་གིས། འདི་ནི་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་རྒྱུའི་དམིགས་འབེན་གྱི་དགོས་མཁོ་ཡིན། སྤྱི་ལོ་༢༠༢༠ལོར་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་རྒྱུའི་དམིགས་འབེན་གྱི་དཔེ་བསྡུར་ལ་བལྟས་ནའང་འདྲ་ཡང་ན་སྤྱི་ལོ་༢༠༣༥ལོར་གཞི་རྩའི་ཆ་ནས་དེང་རབས་ཅན་མངོན་འགྱུར་ཡོང་བའི་བླང་བྱའི་དཔེ་བསྡུར་ལ་བལྟས་ཀྱང་རུང་། ཞིང་ལས་དང་གྲོང་གསེབ་གོང་འཕེལ་གཏོང་རྒྱུ་དེ་ནི་རྗེས་སུ་ལུས་ཡོད། དེར་བརྟེན། འབྱུང་འགྱུར་ལོ་གཉིས་ནང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུའི་འཕེལ་རིམ་ཁྲོད་ཞིང་ལས་གྲོང་གསེབ་ཁྱབ་ཁོངས་ནང་གི་མི་འདང་བའི་ཆ་འགའ་ཤས་ཤིག་ཁ་གསབ་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུག་གི་དགོས་མཁོ་ཡིན། དེས་ན་ཞིང་ལས་དང་གྲོང་གསེབ་དེ་བས་སྔོན་ལ་འཇོག་དགོས་ཞེས་གསུངས་པ་རེད།
          གང་འདྲ་བྱས་ཏེ་སྔོན་ལ་གོང་འཕེལ་གཏོང་དགོས་སམ་ཞེ་ན། ཡིག་ཆའི་ནང་ཞིང་གསུམ་ལས་བྱེད་པའི་ཆ་སྦྱོར་ལ་སྔོན་ལ་བསམ་བློ་གཏོང་དགོས་པ་དང་། ཕུལ་བྱུང་གི་ལས་བྱེད་པ་ཞིང་གསུམ་འཐབ་ཕྱོགས་ནང་ཞུགས་རྒྱུ་འཐུས་སྒོ་ཚང་དུ་གཏོང་དགོས། ཞིང་ལས་མ་དངུལ་མ་འཇོག་སྔོན་འགྲོར་འགན་ལེན་དང་། ཞིང་ལས་དང་གྲོང་གསེབ་སྟེ་ནོར་སྲིད་སྔོན་འགྲོའི་འགན་སྲུང་ཁྱབ་ཁོངས་དང་དངུལ་རྩའི་སྔོན་འགྲོའི་ཞབས་ཞུའི་ཁྱབ་ཁོངས་ཡིན་པའི་ངོས་ནས། སྤྱི་པའི་ནོར་སྲིད་ནས་ཞིང་གསུམ་ལ་ཕྱོགས་ལྷུང་དེ་བས་ཆེ་བ་བྱེད་རྒྱུ་སོགས་རྒྱུན་འཁྱོངས་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད།
          གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས་སྒྱུར་བཅོས་དེ་ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་ཀྱི་དོ་ཁུར་བྱེད་གནས་གཙོ་བོ་ཡིན། ཡིག་ཆའི་ནང་། རྫོང་ཁོངས་ནང་ཁྱབ་ཁོངས་ཡོངས་སུ་གྲོང་གསེབ་ཀྱི་བེད་མེད་སློབ་ཁང་དང་བཟོ་གྲྭ། ཕན་མེད་ས་ཆ་སོགས་བཅོས་སྐྱོང་བྱེད་རྒྱུ་དང་། འཛུགས་སྐྲུན་སྤྱོད་ས་གང་འགབ་ཅི་སྤྱོད་ཀྱིས་གཙོ་གནད་ཐོག་ཤང་གྲོང་ཐོན་ལས་གསར་པ་དང་ལས་རྣམ་གསར་པ། ཕ་ཡུལ་དུ་བྱ་གཞག་གསར་གཏོད་བཅས་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུའི་ཐད་སྤྱོད་དགོས་ཞེས་བཏོན་ཡོད།
          ཡའེ་ཤིང་ཆིང་གིས། བེད་མེད་སློབ་ཁང་གསབ་སྣོན་བྱས་པ་དེས་ཁང་སའི་གང་འགབ་ཅི་སྤྱོད་ཐད་ལ་སྔར་བས་སྐུལ་འདེད་ཐེབས་ཡོད། འོན་ཀྱང་གྲོང་གསེབ་ཀྱི་ཁང་ས་གང་འགབ་ཅི་སྤྱོད་བྱེད་རྒྱུ་དེས་གྲོང་ཁྱེར་བ་ཚོས་གྲོང་གསེབ་དུ་སྡོད་ཁང་ཉོ་རུ་འགྲོ་ཆོག་པ་མཚོན་གྱི་མེད་ཅེས་གསུངས་པ་རེད། ཞིང་ལས་དང་གྲོང་གསེབ་པུའི་པུའུ་ཀྲང་ཧན་ཁྲང་ཧྥུས། གྲོང་གསེབ་ཁང་ས་སྒྱུར་བཅོས་བྱེད་དགོས་ན་ངེས་པར་དུ་ལམ་ཐིག་གཉིས་བརྟན་སྲུང་བྱེད་དགོས་ཏེ། དེ་ཡང་གཅིག་ནས་ཁང་སའི་གཅིག་སྡུད་དབང་ཆ་འདིར་གཡོ་འགུལ་གཏོང་མི་རུང་། གཉིས་ནས་སྒྱུར་བཅོས་གང་འདྲ་བྱས་རུང་། ཞིང་པའི་ཁེ་ཕན་དང་ཁེ་དབང་ལ་གྱོང་གུན་གཏོང་མི་རུང་། ད་ཡོད་ཀྱི་རྨང་གཞིའི་ཐོག ཁང་སའི་བདག་དབང་དང་། འགན་ལེན་དབང་ཆ། བདག་གཉེར་དབང་ཆ་བཅས་ཁག་བགོས་བཀོད་སྒྲིག་བྱེད་པར་དམིགས་ཏེ། སྒྱུར་བཅོས་ཚོད་ལྟ་རྒྱ་སྐྱེད་གཏོང་རྒྱུ་དང་ཚོད་ལྟའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། ཁང་ས་དང་ཞིང་པའི་སྡོད་ཁང་བེད་སྤྱོད་དབང་ཆ་དང་འཚམས་པའི་ནུས་ཆོད་ཐབས་ལམ་འཚོལ་ཞིབ་བྱེད་དགོས་ཞེས་གསུངས་པ་རེད།
          བསམ་འཆར་ནང་། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་རྒྱུའི་ཞིང་གསུམ་ལས་དོན་གྱི་དཔེ་བསྡུར་བསྒྲུབ་དགོས་ན། ངེས་པར་དུ་དེ་བས་ལྕི་བའི་ལས་འགན་བསྒྲུབ་དགོས་པ་དང་། སྤྱི་ལོ་༢༠༢༠ལོར་སླེབས་དུས་གྲོང་གསེབ་སྒྱུར་བཅོས་གོང་འཕེལ་ཐད་ཁས་ལེན་བྱས་པའི་དམིགས་འབེན་ལས་འགན་བདེ་བླག་ངང་ལེགས་སྒྲུབ་བྱེད་དགོས་ཞེས་བཏོན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1