བོད་ཀྱི་དམངས་འཚོའི་ཐད་ཀྱི“བྱ་བ་གསར་པ་ལས་ཞུགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-22


        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང“དམངས་འཚོ་དང་འབྲེལ་བའི་སྐོར་གྱི་གནད་དོན”ཁག་བཅུ་གཉིས་བཏོན་གནང་ནས་དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་རྒྱུ་ནི་འཕེལ་རྒྱས་ཀྱི་གཞི་རྩའི་དམིགས་ཡུལ་ཡིན་ཞེས་གསལ་པོ་སྟོན་གནང་ཡོད།

        2017ལོར་བོད་ཀྱི་ལས་ཞུགས་གནས་ཚུལ་མུ་མཐུད་ལེགས་བཅོས་བྱུང་བ་དང་། སློབ་གསོའི་བྱ་གཞག་ཕྱོགས་ཡོངས་ནས་གོང་འཕེལ་བྱུང་བ། སྨན་བཅོས་འཕྲོད་བསྟེན་གྱི་ཆུ་ཚད་མཐོ་རུ་ཆེན་པོ་ཕྱིན་པ། དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་ཆེ་བ་སོགས་འཕེལ་རྒྱས་མྱུར་པོ་འགྲོ་རིང“དམངས་འཚོ”ཞེས་པའི་མིང་ཚིག་དེའི་ནང་དོན་དང་ཁྱབ་བྱེད་རྒྱུན་ཆད་མེད་པར་འགྱུར་ལྡོག་འགྲོ་བཞིན་ཡོད།

        “སྔོན་ཆད་ཕྱི་རུ་གླ་པ་བྱེད་པར་འགྲོ་སྐབས་ལག་རྩལ་མེད་པའི་རྐྱེན་གྱིས་ལུས་ཤུགས་ཀྱི་ལས་ཀ་ཤ་སྟག་བྱེད་དགོས་པའི་ཁར་གླ་ཕོགས་ཧ་ཅང་དམའ་པོ་ཡིན། སྦག་སྦག་ཉམས་གསོའི་གསོ་སྦྱོང་ནང་ཞུགས་ཚུན་དེའི་ཐད་ཀྱི་ལག་རྩལ་ལྡན་པར་གྱུར་ནས་ད་ཆ་རང་ཉིད་ཀྱིས་སྦག་སྦག་ཉམས་གསོ་ཁང་ཞིག་བཙུགས་ཐོག་རང་ཉིད་སྦྱིན་བདག་བྱས་ནས་འཚོ་བ་སྔོན་ཆད་ལས་ལེགས་སུ་ཞེ་དྲགས་ཕྱིན་ཡོད”ཅེས་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་ཞོལ་པ་ཤང་སྦིད་པ་གྲོང་ཚོའི་ཡུལ་མི་མིག་དམར་གྱིས་བརྗོད།

        2017ལོར་མིག་དམར་དང་འདྲ་བ་ལྗོངས་ཡོངས་ཀྱི་ས་གནས་གང་སར་ཁེངས་ཡོད།

        ཞིང་འབྲོག་པའི་ལས་ཞུགས་ལ་ལྗོངས་ཡོངས་ཀྱི་རིམ་ཁག་འབྲེལ་ཡོད་སྡེ་ཚན་ཁག་གིས་སྤྱོད་གོ་ཆོད་པའི་ལག་རྩལ་དང་སློབ་གསོའི་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་ཞིང་འབྲོག་པར་ལག་རྩལ་སྣ་གཅིག་ཁོང་དུ་ཆུད་པར་བྱས་ཏེ་ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་འཕྲོ་གཞན་སྒྱུར་ལས་ཞུགས་སུ་སྒྲིག་འཛུགས་བྱེད་ཚད་གོང་མཐོར་ཕྱིན་ཡོད།
        
        2017ལོར་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་སྤྲོ་སེམས་སྔར་བས་འཕེལ་བ་བྱ་ཆེད། རང་སྐྱོང་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར་20ཟིན་པའི་ལས་ཞུགས་ལས་གཏོད་ཀྱི་ཐེབས་རྩ་བཙུགས་པ་དང་དུས་སྐབས་ངེས་ཅན་ཞིག་ནང་ལས་གཏོད་བྱེད་མཁན་ལ་དཔྱ་ཁྲལ་རྩ་ཆག་བཏང་སྟེ་ལས་གཏོད་བྱེད་མཁན་ལ་སྤྱི་ཚོགས་ཀྱི་འགན་བཅོལ་ཁ་གསབ་དང་ལས་གཏོད་ཁ་གསབ་ཀྱི་རྒྱབ་སྐྱོར་བྱས་པ་དང་དུས་མཚུངས། སློབ་ཆེན་སློབ་མའི་ལས་གཏོད་ལ་རིན་པ་མི་དགོས་པར་ལས་གཏོད་བྱ་ཡུལ་དང་སྒྲིག་ཆས་སོགས་ཀྱི་གཞི་རྩའི་ཆ་རྐྱེན་བཏོད་ཡོད།

        2017ལོ་བར་ལྗོངས་ཡོངས་སུ་མཐོ་སློབ་སློབ་ཐོན་སློབ་མ་5012རང་རྟེན་ལས་གཏོད་དང་རང་རྟེན་ལས་འདེམས་བྱེད་ཐུབ་ནས་མི་གྲངས་ལོ་ཧྲིལ་པོའི་མཐོ་སློབ་སློབ་ཐོན་སློབ་མའི་བསྡོམས་འབོར་གྱི་གསུམ་ཆ་གཅིག་ཙམ་བཟུང་ཡོད།

སློབ་གསོ།

        ལོ་དེའི་ནང་བོད་ཀྱི་སློབ་གྲྭ་འབྲིང་ཆུང་ཁག་གིས་བྱང་ཚད་སློབ་གསོ་སྒྱུར་བཅོས་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། ལྗོངས་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གཞན་དུའང་རིགས་ཁག་གི་བྱང་ཚད་སློབ་གསོའི་སློབ་ཚན་ཡང་འཚོལ་ཞིབ་བྱས་ནས་སློབ་ཚན་འཁྲིད་བཞིན་ཡོད།

        ཚོགས་སྒྲིག་རྣམ་པའི་སློབ་གསོའི་བོད་སྐྱོར་གྱིས་སློབ་གསོའི་ཁྱབ་ཁོངས་ཀྱི་བོད་སྐྱོར་གྱི་རྣམ་པ་གསར་པ་གཏོད་འགོ་བརྩམས་ཡོད། 2017ལོར་ཚོགས་སྒྲིག་རྣམ་པའི་སློབ་གསོའི་བོད་སྐྱོར་ལས་དོན་ལ་སྐུལ་སྤེལ་ཏན་ཏིག་བཏང་བ་བརྒྱུད“གཞན་རྟེན”ནས“རང་རྟེན”བར་གྱུར་ཏེ་པེ་ཅིང་དང་། ཧྲང་ཧའེ། ཧྲན་ཏུང་སོགས་ཁ་གཏད་བོད་སྐྱོར་ཞིང་ཆེན་17དང་སློབ་གསོ་པུའི་ཐད་གཏོགས་མཐོ་སློབ་ཀྱི་ཞོར་གཏོགས་སློབ་གྲྭ་འབྲིང་ཆུང་ནས་ཡོང་བའི་དགེ་རྒན་800ཡིས་ས་མཐོར་བརྟན་སྲུང་བྱས་ནས་བོད་ལ་ཆུ་ཚད་མཐོ་བའི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་སློབ་འབྲིང་དང་ཚད་ལྡན་ཅན་གྱི་སློབ་གྲྭ་འབྲིང་ཆུང་ཁག་གཅིག་གཏོད་རོགས་བྱས་ཡོད།

        སློབ་གསོའི་འདུ་ཤེས་དང་། དོ་དམ་བྱེད་ཐབས། སློབ་ཚན་ཐོག་སློབ་ཁྲིད་སོགས་ཀྱི་རྩལ་ནུས་དང་བྱ་ཐབས་བོད་ཀྱི་སློབ་གྲྭ་འབྲིང་ཆུང་དུ་རིམ་པས་འགྱུར་ལྡོག་བྱུང་ནས་བོད་ཀྱི་སློབ་གསོའི་སློབ་ཁྲིད་ཆུ་ཚད་དང་སྤུས་ཚད་ཕྱོགས་ཡོངས་ནས་གོང་མཐོར་སོང་སྟེ་བོད་ཀྱི་སློབ་གསོའི་ནང་གནས་གསོན་ཤུགས་ཆེན་པོ་འཕེལ་ཐུབ་པ་བྱུང་ཡོད།

སྨན་བཅོས།

        2017ལོའི་ལོ་སྟོད་དུ་ལྷོ་ཁ་གོང་དཀར་རྫོང་བྱང་ཐང་གྲོང་རྡལ་བྱང་ཐང་གྲོང་ཚོའི་ཡུལ་མི་པ་སངས་ཚེ་རིང་གི་ཟླ་བ་བརྒྱད་ལ་སོན་པའི་ཕྲུ་གུར་རྒྱང་ཁྲིད་ཀྱི་ཚད་བརྒལ་སྒྲ་རླབས་ལ་བརྟེན་ནས་ལྷན་འཛོམས་ནད་དཔྱད་བརྒྱུད་པེ་ཅིང་གི་སྨན་པ་ཀའོ་ཅིང་གིས་ཕྲུ་གུར་ལྷན་སྐྱེས་སྙིང་ནད་ཕོག་པའི་གཏན་འཁེལ་བྱས།

        “སྟབས་ལེགས་པར་ནད་གཞི་རྩད་ཆོད་སྔ་པོ་ཐུབ་པ་མ་གཏོགས་འཐུས་ཤོར་འགྲོ་ཉེན་ཡོད”ཅེས་པ་སངས་ཚེ་རིང་གིས་བརྗོད།

        དྲ་སྦྲེལ་གྱིས་སྲོལ་རྒྱུན་གྱི་སྨན་བཅོས་ལ་ཧ་ཅང་སྟབས་བདེ་བསྐྲུན་ཡོད་ལ་སྨན་བཅོས་ཀྱི་རྒྱུད་རིམ་བཟང་སྒྲིག་མཉམ་སྒྲིག་བསྐྱར་མ་བྱས་པ་དེས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་སྟབས་བདེ་ཆེན་པོ་བྱུང་ཡོད་ཁར། ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས“ནད་བསྟེན་དཀའ་བའི”གནད་དོན་ཡང་ཐག་གཅོད་ཐུབ་ཡོད། དྲ་སྦྲེལ་སྨན་བཅོས་ལ་བརྟེན་ནས་ད་ཆ་ཞིང་འབྲོག་མང་ཚོགས་སྔར་བས་མང་བ་ཕྱོགས་ལ་ཐོན་མི་དགོས་པར་པེ་ཅིང་དང་ཧྲང་ཧའེ་སོགས་གྲོང་ཁྱེར་ཆེན་པོའི་སྨན་བཅོས་ཞབས་ཞུ་ཡག་པོ་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད།

        བོད་སྐྱོར་སྨན་བཅོས་རུ་ཁག་གི་སྒེར་སེམས་མེད་པའི་རོགས་སྐྱོར་འོག ལྗོངས་ཡོངས་ཀྱི་རིམ་ལྡན་སྨན་ཁང་གཏོད་རྒྱུའི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་བ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་དགའ་འོས་པའི་རྣམ་པ་ཐོན་ཏེ་སྨན་བཅོས་ཞབས་ཞུའི་ཆུ་ཚད་གོང་མཐོར་ཆེན་པོ་ཕྱིན་ཡོད།

        2017ལོར་ལྗོངས་ཡོངས་ཀྱི་སྟོབས་ཤུགས་དང་ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་ཆེད་ལས་ལག་རྩལ་སོགས་ཀྱི་སྟོབས་ཤུགས་དང་། དེ་བཞིན་སྤྱི་ཚོགས་ཀྱི་འཕྲོད་བསྟེན་སྟོབས་ཤུགས་ལ་བརྟེན་ཏེ་བོད་ཀྱིས་འདེམས་སྒྲུག་དང་སྐྱོབ་བཅོས་སོགས་ནས་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་སོགས་བར་གྱི་ལྷུ་ཚིགས་མང་པོ་ནས་འགོ་བཙུགས་ཏེ་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ལས་དོན་སྤེལ་འགོ་བརྩམས་ནས“རྫོང་ནས་ཤང་མ་ལུས་པ་དང་། ཤང་ནས་གྲོང་ཚོ་མ་ལུས་པ། གྲོང་ཚོ་ནས་དུད་ཚང་མ་ལུས་པའི”དམིགས་ཚད་མངོན་འགྱུར་བྱུང་ནས་བོད་ཀྱི་ཡུལ་ནད་སྔོན་འགོག་ཚོད་འཛིན་ལོ་རྒྱུས་ཐོག་གི་ངོ་མཚར་བཏོད་ཡོད།

ཁོར་ཡུག

        བརྗིད་ཆགས་ཡིད་དུ་འོང་བའི་ཕོ་བྲང་པོ་ཏ་ལའི་ལྷོ་ངོས་སུ་གནས་པའི་སྔོ་ཐིང་ཐིང་གི་རི་བོ་དང་ཕོ་བྲང་པོ་ཏ་ལ་དབར་ལྷ་ས་སྐྱིད་ཆུས་ཆོད་ཡོད། རི་སྟེང་དུ་ཚང་ཚིང་ལྕུག་ཕྲན་གྱིས་བརྒྱན་པ་དང་ཟམ་འོག་ཏུ་ཆུ་བོ་ཤང་ཤང་དུ་རྒྱུག་པ་དེ་ནི་ལྷ་སའི་ལྷོ་རིའི་སྤྱི་གླིང་རེད། དུས་ཆེན་དང་གུང་གསེང་འཆར་རིམ་བཞིན་ཉིན་ལྟར་དེ་གར་ཡོང་མཁན་མི་སྟོང་ཕྲག་གསུམ་བཞི་ཟིན་ནས་ལྷ་སའི་གྲོང་མི་ངལ་གསོ་བ་དང་ལུས་སྦྱོང་བྱེད་པའི་གནས་སྐྱིད་པོ་ཞིག་ཏུ་གྱུར་ཡོད།

        ཤིང་འཛུགས་ནགས་བཟོ་བྱས་ནས་དེ་སྔའི་ལོ་ངོ་སྟོང་རིང་གི་རི་ཐེར་ད་ཆ་མཛེས་སྡུག་ཉམས་དགའ་བའི་སྤྱི་གླིང་དུ་གྱུར་ཡོད། 2017ལོའི་ཟླ་10བར། ལྷ་སའི་ལྷོ་རིར་ཤིང་འཛུགས་སྡོང་རྐང་ཁྲི་90ཙམ་བྱས་ནས་སྔོ་ལྗང་རྒྱ་ཁྱོན་མུའུ་3500ཟིན་པ་དེས་ལྷ་ས་གྲོང་ཁྱེར་གྱི་སྣོད་བཅུད་ཁོར་ཡུག་ལེགས་བཅོས་ནུས་ལྡན་བྱུང་ཡོད།

        ཐག་རིང་རི་ཁུག་ཏུ་གནས་པའི་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་རྣམ་རྒྱལ་ཞོལ་ཤང་གླང་ཐང་གྲོང་ཚོར་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་འཛུགས་སྐྲུན་བརྒྱུད་ལེགས་བཅོས་བྱུང་བ་ནི་གྲོང་ཚོའི་རྣམ་པ་ཙམ་མིན།

        “ང་ཚོའི་གྲོང་ཚོར་ཡུལ་མི་ཚོར་སྒོ་འགྲམ་གྱི་འགན་ལེན་གསུམ་ལག་ལེན་བསྟར་བའི་ནང་སྔོ་འགྱུར་དང་། མཛེས་བཟོ། འཕྲོད་བསྟེན་སོགས་ཚུད་ཡོད་པས་མང་ཚོགས་ཚོས་གྲོང་ཚོའི་ཁོར་ཡུག་ལ་སྔར་བས་རང་རྟོགས་ངང་གཅེས་སྐྱོང་བྱེད་ཀྱི་ཡོད”ཅེས་གླང་ཐང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་དོན་གྲུབ་ཀྱིས་བརྗོད།

        གྲོང་ཚོའི་ལམ་བུ་སྔོ་ལྗང་དུ་གྱུར་པ་དང་། ཁོར་ཡུག་ལེགས་སུ་ཕྱིན་པ། ཡུལ་མིའི་དབར་གྱི་འབྲེལ་བ་དེ་བས་འཆམ་མཐུན་བྱུང་ནས་ཞིང་འབྲོག་མང་ཚོགས་ཀྱི་བསམ་པའི་ཉམས་འགྱུར་ཡང་གསར་རྐྱང་དུ་གྱུར་པ། རྒུད་སྐྱོབ་སྒུག་པ་དང་ཁ་གསབ་ལ་བརྟེན་མཁན་ཉུང་དུ་ཕྱིན་པ་དང་། ཤེས་བྱ་སྦྱོང་མཁན་དང་། ལག་རྩལ་སྦྱོང་མཁན། ལས་གཏོད་བྱེད་ཕོད་མཁན་མང་དུ་ཕྱིན་པ། འཕྲོད་བསྟེན་གཙང་སྦྲར་དོ་སྣང་མི་བྱེད་མཁན་ཉུང་དུ་ཕྱིན་པ་དང་ཤེས་དཔལ་ལ་སྣང་ཆེན་བྱེད་མཁན་མང་དུ་ཕྱིན་པ། རང་འགུལ་ངང་འཕེལ་རྒྱས་བརྩོན་ལེན་དང་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་ཡུལ་མི་ཚོའི་འདུན་པ་དེ་བས་ཆེ་རུ་ཕྱིན་ཡོད།

        སྣོད་བཅུད་བཟང་བ་དང་། ཁོར་ཡུག་ལེགས་པ། གྲོང་ཚོའི་བཀོད་པ་ལེགས་པ། མི་རིགས་ཀྱི་ཁྱད་ཆོས་ལྡན་པ་བཅས་ཀྱི་མཛེས་སྡུག་ལྡན་པའི་གྲོང་ཚོ་འབོར་ཆེན་ཞིག་ལྗོངས་ཡོངས་ཀྱི་གང་སར་མཐོང་རྒྱུ་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1