ཚེ་རིང་རྒྱ་མཚོའི་ལས་གཏོད་ལམ་བུ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-22


        བོད་ལྗོངས་སྣེ་གདོང་ཆུས་རྡོ་ཕོ་བྲང་ཤང་བསོད་ནམས་གྲོང་ཚོ་ནས་ཡིན་པའི་ཚེ་རིང་རྒྱ་མཚོ་2015ལོར་སི་ཁྲོན་ཚན་རྩལ་ལས་རིགས་སློབ་ཆེན་རྩིས་གཉེར་གློག་རྩིས་ཅན་གྱི་ཆེད་ལས་ཐོན། མིག་སྔར་ཁོང་ནི་ལྷོ་ཁའི་ཚེ་རིང་རྒྱ་མཚོའི་བོད་ཕག་གསོ་ཚགས་ཆེད་ལས་མཉམ་ལས་ཁང་གི་ཁྲིམས་ཚན་འཐུས་ཚབ་ཅིག་ཡིན།

        ཆུང་བྱིས་པའི་དུས་ནས་གྲོང་ཚོ་དབུལ་པོར་འཚར་ལོངས་བྱུང་བའི་ཁོང་ལ་མི་གཞན་གྱི་རྗེས་སུ་ལུས་མི་འདོད་པའི་བསམ་བློ་ཞིག་ལྡན་ཡོད། འཚར་ལོངས་ཀྱི་བརྒྱུད་རིམ་ནང་ཁོང་གིས་དབུལ་བའི་རྐྱེན་གྱིས་སློབ་མཚམས་ཆད་པའི་སློབ་མ་མང་པོ་མཐོང་ཡོད་ལ་ནད་གཞིས་རྐྱེན་པས་འཚོ་བ་ཇེ་སྡུག་ཏུ་ཕྱིན་པའི་ཁྱིམ་མཚེས་ཀྱང་མཐོང་སྐབས་རང་ཉིད་ཀྱིས་ལས་གཏོད་ལ་བརྟེན་ནས་ཕ་ཡུལ་གྱི་རྗེས་ལུས་རྣམ་པར་འགྱུར་བ་བཏང་སྟེ་ཡུལ་མི་ཚོའི་སྣེ་འཁྲིད་ནས་ཁོང་ཚོ་ཕྱུག་འགྱུར་ཐུབ་པ་བྱ་རྒྱུའི་སེམས་ཐག་བཅད། ལས་གཏོད་ཕུགས་འདུན་བསྒྲུབས་ནས་མགྱོགས་མྱུར་ཡུལ་མི་ཚོ་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་ཆེད་སློབ་གྲྭ་འགྲིམ་རིང་ཁོང་གིས་ཕ་ཡུལ་གྱི་འཕེལ་རྒྱས་དང་འཚམས་པའི་རྣམ་གྲངས་བཙལ་བ་མ་ཟད། ད་དུང་རང་ཉིད་ཀྱི་ལས་གཏོད་དམིགས་ཚད་ཀྱང་གཏན་འཁེལ་བྱས་པ་སྟེ། ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ཐོན་ལས་གདམ་ག་བྱ་རྒྱུ་དང་གཅིག ཡུལ་མི་ཚོ་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱེད་པའི་ཞིང་འབྲོག་ཐོན་ལས་གདམ་ག་བྱ་རྒྱུ་དང་གཉིས། ཕ་ཡུལ་གྱི་སྣོད་བཅུད་ཁོར་ཡུག་ལ་གཏོར་སྐྱོན་མི་བཟོ་བའི་ཞིང་འབྲོག་ཐོན་ལས་གདམ་ག་བྱ་རྒྱུ་དང་གསུམ། ཕ་ཡུལ་དུ་ཁྱབ་གདལ་གཏོང་རྒྱུར་འཚམས་པའི་ཞིང་འབྲོག་ཐོན་ལས་གདམ་ག་བྱ་རྒྱུ་དང་བཞི་བཅས་རེད། འབད་བརྩོན་དང་ཚོད་ལྟ་ཐེངས་མང་བྱས་པ་བརྒྱུད་ཁོང་གིས་བསོད་ནམས་གྲོང་ཚོའི་སྔོ་ཁེབས་ཕུན་སུམ་ཚོགས་པ་དང་། ཆུ་ཁུངས་འབེལ་བ། ཉི་འོད་འཕྲོ་ཚད་རིང་བ་བཅས་ཡོད་པས་བོད་ཕག་གསོ་ཚགས་བྱ་རྒྱུར་ཧ་ཅང་འཚམས་པོ་ཡོད་པ་ཤེས། ཕྱོགས་གང་ས་ཅི་ཐད་ནས་བསམ་གཞིག་བྱས་རྗེས་མཐར་ཁོང་གིས་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་བོད་ཕག་གསོ་ཚགས་བྱ་རྒྱུའི་གདམ་ག་བྱས།

        2014ལོའི་ཟླ་དང་པོར་ཡུལ་དེའི་སྲིད་གཞུང་གི་རྒྱབ་སྐྱོར་འོག་དང་ལོ་གཅིག་ལྷག་ཙམ་གྱི་གྲབས་གསོག་བྱས་པ་བརྒྱུད་ལྷོ་ཁའི་ཚེ་རིང་རྒྱ་མཚོའི་བོད་ཕག་གསོ་ཚགས་ཆེད་ལས་མཉམ་ལས་ཁང་བཙུགས། ཁང་དེ་བཙུགས་མ་ཐག་ཁོངས་མི་6དང་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་36བཏང་ནས་སྨི་ངོས་གྲུ་1000ཡོད་པའི་ཚད་ལྡན་བོད་ཕག་གསོ་ཚགས་དྲོད་ཁང་སྟར་པ་གཅིག་བསྐྲུན་པའི་ནང་ཚད་གཞི་མཐོ་བའི་དྲོད་ཁང་6དང་། གསོ་སྤེལ་ནགས་ས་མུའུ་2000 དོ་དམ་ཁང་པ་སྨི་ངོས་གྲུ་30བཅས་ཡོད་པ་དང་ལོར་བོད་ཕག་མགོ་གྲངས་200ཡོད་པའི་ནང་མགོ་གྲངས་120བཤས་བཏང་བ་རེད།

        མཉམ་ལས་ཁང་བཙུགས་རྗེས་ཇི་ལྟར་བྱས་ནས་གཞི་ཁྱོན་ཆེ་རུ་གཏོང་རྒྱུ་དང་ཡུལ་མི་སྔར་བས་མང་བ་ཕྱུག་འགྱུར་སྣེ་ཁྲིད་བྱ་རྒྱུ་ནི་ཚེ་རིང་རྒྱ་མཚོས་ཡུན་རིང་བསམ་བློ་གཏོང་བའི་གནད་དོན་ཞིག་རེད། 2015ལོའི་ཟླ་བ་གསུམ་པར་ཁོང་གི་མཉམ་ལས་ཁང་གིས་ཁང་བཙུགས་ཚུན་གྱི་རྒྱ་སྐྱེད་བྱེད་ཐེངས་དང་པོར་ཁོངས་མི་39བར་མང་དུ་བཏང་བ་དང་དུད་ཚང་དབུལ་པོའི་ལས་ཞུགས་མི་སྣས་མཉམ་ལས་ཁང་གི་ལས་མི་ཡོངས་ཀྱི་70%བཟུང་ཡོད། 2015ལོའི་ཟླ་བརྒྱད་པར་སྣེ་གདོང་རྫོང་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་གཞུང་ལས་ཁང་གི་རོགས་སྐྱོར་འོག་མཉམ་ལས་ཁང་གིས་མ་དངུལ་སྒོར་ཁྲི་108བཏང་ནས་རྒྱ་སྐྱེད་ཐེངས་གཉིས་པ་བྱས་པ་མ་ཟད། སྨི་ངོས་གྲུ་1600ཡི་ཚད་ལྡན་བོད་ཕག་གསོ་ཚགས་དྲོད་ཁང་སྟར་པ་གཅིག་དང་ཚད་ལྡན་དྲོད་ཁང་3བསྐྲུན། གསོ་ཚགས་གཞི་ཁྱོན་ལོར་བོད་ཕག་མགོ་གྲངས་400དང་མགོ་གྲངས་300བཤས་གཏོང་གི་ཡོད། རྒྱས་སྐྲུན་ཐེངས་གཉིས་པ་བྱས་རྗེས་གྲོང་མིར་ལས་ཞུགས་གོ་སྐབས་སྔར་བས་མང་བ་མཁོ་འདོན་བྱས་ཡོད། 2016ལོའི་ཟླ་བ་བརྒྱད་པར་མཉམ་ལས་ཁང་གིས་ལས་ཞུགས་ལས་གནས་མཁོ་འདོན་བྱས་ཏེ་དུད་ཚང་དབུལ་པོ་12ལ་རོགས་སྐྱོར་བྱས་ནས་མི་རེའི་ཆ་སྙོམས་འབབ་འཕར་སྒོར་5000ལྷག་ཙམ་ཟིན་པ་དང་། གྲོང་ཚོའི་དུད་ཚང་དབུལ་པོར་ལོ་མཇུག་ཏུ་ཁེ་སྤོགས་བགོ་བཤའ་ཡོད་པས་དབུལ་སྒྲོལ་ཐུབ་ཚད་100%ཟིན་ཏེ་གྲོང་ཚོའི“གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ”གྱི་ལས་དོན་ལ་སྐུལ་འདེད་ནུས་ལྡན་གཏོང་རོགས་བྱས་ཡོད།

        ཚང་མ་མཉམ་ལས་ཁང་ལ་ཞུགས་པའི་ཧུར་སེམས་ཆེ་རུ་བཏང་ནས་མཉམ་ལས་ཁང་གི་འཕེལ་རྒྱས་ལ་སྔར་བས་གསོན་ཤུགས་ལྡན་ཆེད། ཁོང་གིས་ད་དུང་ཁོངས་མིའི་འཐུས་མི་ཚོགས་ཆེན་བཙུགས་ཏེ་ལས་འཛིན་ལྷན་ཚོགས་དང་ལྟ་སྐུལ་ལྷན་ཚོགས་བཙུགས་པ་དང་ལས་འཛིན་ལྷན་ཚོགས་འོག་ནོར་དོན་པུའུ་དང་། གསོ་ཚགས་པུའུ། བྲིན་ཚོང་པུའུ། རིམས་འགོག་པུའུ་བཅས་སྡེ་ཚན་4བཀོད་སྒྲིག་བྱས་ཡོད། རང་ཉིད་ཀྱིས་མཉམ་ལས་ཁང་གི་ཁྲིམས་ཚན་འཐུས་ཚབ་དང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོའི་འགན་གཅིག་ལྕོགས་འཁུར་ཏེ་མཉམ་ལས་ཁང་གི་རྒྱུན་ལྡན་གྱི་གཉེར་སྐྱོང་ལས་དོན་བསྒྲུབས་ཀྱི་ཡོད། 2014ལོའི་ཟླ་ལྔ་པར་ཁོང་གིས་ད་དུང་ཐད་གཏོགས་སྡེ་ཚོགས་རྩ་འཛུགས་བཙུགས་ནས་ལས་སྒུག་གཞོན་ནུ་6གུང་གཞོན་སྡེ་ཚོཌ་ཀྱི་རྩ་འཛུགས་ལ་ཞུགས་སུ་བཅུག་པས་ཁོང་ཚོའི་ལས་ཞུཌ་གནད་དོན་ཐག་གཅོད་ཐུབ་ཡོད་ལ་ཁོང་ཚོ་བརྒྱུད་གྲོང་ཚོར་གསར་གཏོད་ལས་གཏོད་ཀྱི་མིག་དཔེ་ཞིག་ཀྱང་བཏོད་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1