གཙོ་ངོས།>> ཞིབ་འཇུག>>ལོ་རྒྱུས།

མཐའ་བ་བཀྲ་ཤིས་དོན་འགྲུབ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༢ཚེས་༢༥ཉིན།

༄༅།། དར་མས་བསྟན་བསྣུབས་ལས་འཕྲོས་པའི་དོགས་གནད་ཆེན་པོ་བཅུ།

 མཐའ་བ་བཀྲ་ཤིས་དོན་འགྲུབ།
[ནང་དོན་གནད་བསྡུས།]བསྟན་པ་ཕྱི་དར་ནས་བྱུང་བའི་ལོ་རྒྱུས་བརྩམས་ཆོས་རྣམས་སུ་བཙན་པོ་དར་མས་བསྟན་པ་བསྣུབས་པར་ངག་མཐུན་མོད། འོན་ཀྱང་ཏུན་ཧོང་ཡིག་ཚགས་P. T. 840དང་P. T. 134སོགས་གནའ་བོའི་ཡིག་རྙིང་གསར་རྙེད་ཁག་ལ་ཁུངས་བཅོལ་བ་དང་།   སྔོན་བྱོན་ལོ་ཙཱ་བས་བསྒྱུར་བའི་བཀའ་བསྟན་རི་བོའི་གཏོས་དང་མཉམ་པའི་དངོས་ཡོད་གནས་ཚུལ་སོགས་ལ་བསམ་བློ་ཞིབ་ཏུ་་བཏང་ན།  བཙན་པོ་དར་མ་འུ་དུམ་བཙན་གྱི་བཀས་སངས་རྒྱས་ཀྱི་བསྟན་པ་བསྣུབས་པར་དོགས་པ་མི་ཟ་ཐབས་མེད་བྱུང་བས། བཙན་པོ་ཉིད་ཀྱིས་ལྷ་ཁང་བཞེངས་ཤིང་བསྟན་བཅོས་བརྩམས་པ་དང་། འོད་སྲུང་གིས་མཆོད་བསྟོད་སྨོན་ལམ་ཕུལ་བ་སོགས་དོགས་གནད་ཆེན་པོ་བཅུ་ཕྱོགས་གཅིག་ཏུ་དྲིལ་ནས་ཀུན་གྱི་སྤྱན་ལམ་དུ་བཀོད་ཡོད།
[བརྡ་ཆད་གཙོ་བོ།]དར་མ་འུ་དུམ་བཙན་པོ། བསྟན་པ་བསྣུབས་པ། དོགས་དཔྱོད།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས། ] k281
[ཡིག་ཚང་མཚན་བྱང་།]A
[རྩོམ་གྱི་གོ་རིམ་ཨང་སྒྲིག]1002 - 9060 (2013)04 - 0104 - 24
          བསྟན་པ་ཕྱི་དར་ཏེ་སྤྱི་ལོ་དུས་རབས་བཅུ་བའི་གཞུག་ནས་བྱུང་བའི་ལོ་རྒྱུས་དེབ་ཐེར། ཆོས་འབྱུང་རྣམ་ཐར། གདན་རབས་གཏེར་མ་སོགས་གནའ་བོའི་ཆོས་སྲིད་ཀྱི་ལུགས་གླེང་བའི་བརྩམས་ཆོས་སོ་སོར་མཐའ་གཅིག་ཏུ། བཙན་པོ་འུ་དུམ་བཙན་ལ་སྡིག་རྒྱལ་དང་དུད་འགྲོའི་མིང་བཏགས་ནས་སངས་རྒྱས་ཀྱི་བསྟན་པ་བསྣུབས་པའི་ཚུལ་ལྷ་སྒྲུང་དང་བྱིས་སྒྲུང་ལྟར་ཇི་ནག་ནག་གསུངས་ཡོད་མོད། འོན་ཀྱང་། ཉེ་རབས་ཏུན་ཧོང་ནས་ཐོན་པའི་འུ་དུམ་བཙན་པོའི་སྐབས་དང་ཁྲི་འོད་སྲུང་བཙན་པོའི་དུས་ཀྱི་ཡིག་ཚགས་མང་པོ་རིམ་གྱིས་སྔོག་འདོན་དང་འགྲེམ་སྤེལ་གྱིས་བློ་ལྡན་བུང་བའི་ཚོགས་ཀྱི་མཐོང་ལམ་དུ་བཀྲམས་པས།   སྟོང་ལོའི་ཡར་སྔོན་གྱི་དོན་རྐྱེན་ཏེ་བཙན་པོ་དར་མས་བསྟན་པ་བསྣུབས་པར་དོགས་པ་མི་ཟ་ཐབས་མེད་དུ་གྱུར། ཁྱད་པར་དུ་ཧྥ་རན་སིར་ཉར་བའི་ཏུན་ཧོང་ཡིག་ཚགས་ཨང་རྟགས་P. T. 134ཅན་དང་། P. T. 840 P. T.999 དབྱིན་ཇིར་ཉར་བའི Ch. 0021 སོགས་ཁུངས་ཐུབ་རིན་ཐང་ལྡན་པའི་ཡིག་ཚགས་ཁག་ཅིག་གིས་འུ་དུམ་བཙན་དང་འོད་སྲུང་གི་སྐུ་རིང་དུ་སངས་རྒྱས་ཆོས་ལུགས་ཁ་བའི་ལྗོངས་ན་གནས་པ་གསལ་བཤད་བྱས་ཡོད། དེ་བས་དེང་རབས་རྩོད་སྒྲུབ་དངོས་གཙོ་སྨྲ་བའི་ལོ་རྒྱུས་ཀྱི་ལྟ་བ་འཛིན་པའི་ཞིབ་འཇུག་པ་ཁག་ཅིག་གིས་གནད་དོན་དེ་ལ་དཔྱད་དང་དཔྱས་མུས་སུ་མཆིས་པ་དང་།  ལྟ་ཚུལ་མང་པོ་གླེང་བཞིན་ཡོད་དེ། མཁར་རྨེའུ་བསམ་གཏན་རྒྱལ་མཚན་①གྱིས་སོ་ཐར་གྱི་སྡོམ་རྒྱུན་བཀག་པས་“ བསྟན་པ་བསྣུབས”ཞེས་བཏགས་པར་སྙམ་པའི་འགྲེལ་བཤད་གསར་བ་བརྒྱབ་ཡོད་པ་དང་། ཐེ་ཝན་གླིང་ཕྲན་དུ་བཞུགས་པའི་ཞིབ་འཇུག་པ་ལེན་བཀྭན་ཆོན་②ལགས་ཀྱིས་བཙན་པོ་དར་མ་ནི་ནུས་པ་མེད་ཅིང་ཆང་ལ་ཞེན་པའི་རྒྱལ་པོ་ཞིག་ཡིན་པས་སྲིད་དབང་བློན་པོའི་ལག་ཏུ་ཤོར་ཞེས་སྡོམ་ཚིག་བཀོད། ཡང་ལ་ལས་དར་མས་བསྟན་པ་བསྣུབས་ཀྱང་བོད་ཡོངས་སུ་མཐའ་གཅིག་ཏུ་བསྣུབ་མ་ཐུབ་ཅེས་པ་དང་། ལ་ལས་བསྟན་པ་དངོས་སུ་སྣུབ་མིན་ཐེ་ཚོམ་ཟ་བ་སོགས་ལྟ་ཚུལ་གསར་བ་ཤིན་ཏུ་མང་། འདིར་ནི་ཁོ་བོས་གནའ་རབས་ཁུངས་ཐུབ་ཀྱི་ཡིག་ཚགས་ལ་རྒྱབ་བཅོལ་ཞིང་གནའ་དེང་མཁས་པ་མང་པོའི་དཔྱད་འབྲས་གཞིར་བཟུང་ན། བཙན་པོ་དར་མ་འུ་དུམ་བཙན་གྱིས་སངས་རྒྱས་ཀྱི་བསྟན་པ་བསྣུབས་ཞེས་པའི་སྡོམ་ཚིག་དེ་ལ་དོགས་པ་མང་དུ་ཟ་བས། འདིར་དོགས་གནད་རྣམས་མདོར་དྲིལ་ཕྱོགས་བཅུ་ནས་གླེང་སྟེ་དཔྱད་པར་འདོད་པ་ཡིན།
དང་པོ། འུ་དུམ་བཙན་གྱིས་ལྷ་ཁང་བཞེངས་པ་ལས་འཕྲོས་པའི་དོགས་དཔྱོད།
          བཙན་པོ་སྲོང་བཙན་སྒམ་པོས་ར་སའི་གཙུག་ལག་ཁང་བཞེངས་ཤིང་དཀོན་མཆོག་གསུམ་གྱི་རྟེན་བཙུགས་པ་ནས་བཙན་པོས་མཐུན་རྐྱེན་སྦྱར་ནས་གཙུག་ལག་ཁང་བཞེངས་པའི་སྲོལ་ཐོག་མར་བཏོད། དེ་རྗེས་ཁྲི་འདུས་སྲོང་གིས་གླིང་གི་ཁྲི་རྩེ་དང་། མངའ་བདག་ཁྲི་ལྡེ་གཙུག་བརྟན་གྱིས་“བྲག་མར་གྱྀ་ཀྭ་ཅུ་དང་མཆྀང་ཕུར་གཙུག་ལག་ཁང་བརྩིགས།”③བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་བཞེངས། ཁྲི་ལྡེ་སྲོང་བཙན་གྱིས་སྐར་ཆུང་བཞེངས། རལ་པ་ཅན་གྱིས་འུ་ཤངས་རྡོ་ཡི་གཙུག་ལག་ཁང་བཞེངས་པ་སོགས་བཙན་པོ་རིམ་བྱོན་གྱིས་རང་རང་གི་སྐུ་རིང་དུ་དམ་ཆོས་ལ་མོས་པའི་ཕྱག་རིས་སུ་གཙུག་ལག་ཁང་རེ་བརྩིགས་པའི་སྲོལ་བྱུང་། དེར་མ་ཟད་ཚེ་སྤོང་བཟའ་དམར་རྒྱལ་གྱིས་ཁམས་གསུམ། འབྲོ་བཟའ་བྱང་ཆུབ་ཀྱིས་དགེ་རྒྱས།  ཕོ་ཡོང་བཟའ་རྒྱལ་མོ་བཙུན་གྱིས་བུ་ཚལ། ཅོག་རོ་ཟ་དཔལ་གྱི་ངང་ཚུལ་གྱིས་བཙན་ཐང་ལྷ་ཁང་། མཆིམས་བཟའ་ཡོན་ཏན་སྒྲོན་མས་གངས་བར་གྱི་ལྷ་ཁང་བཞེངས་བ་སོགས་བཙུན་མོ་རྣམས་ཀྱིས་བཞེངས་པའང་ཤིན་ཏུ་མང་ལ་བསྡོམས་ན་བརྒྱ་རྩ་བརྒྱད་ཡོད་པར་གྲགས། བསྟན་པའི་སྦྱིན་བདག་དེ་དག་གིས་དམ་པའི་ཆོས་བོད་ཀྱི་ལྗོངས་སུ་སྤེལ་བར་མཐུན་རྐྱེན་དང་རྒྱབ་སྐྱོར་བླ་ལྷག་མཛད་པས་ཆོས་འབྱུང་མང་པོར་མཆོད་པའི་མེ་ཏོག་དང་བསྟོད་པའི་མཐེ་བོང་སྒྲེང་སྟེ་ཆོས་རྒྱལ་དང་བསྟན་པའི་སྦྱིན་བདག་ཅེས་ཀུན་ལ་གྲགས། དེ་བས་བཙན་པོའི་རྒྱལ་རབས་མཐའ་མ་འུ་དུམ་བཙན་གྱིས་ལྷ་ཁང་བཞེངས་པའི་ཕྱག་རིས་ཡོད་དམ་ཞེ་ན། ཡོད་དེ་སྔོན་གྱི་ལོ་རྒྱུས་ཡིག་ཚགས་ལ་ཞིབ་ཏུ་མཇལ་ན་བཙན་པོའི་འདིའི་སྐུ་རིང་ལ་ཁོང་ཉིད་ཀྱིས་མཐུན་རྐྱེན་སྦྱར་ནས་བཞེངས་པའི་ལྷ་ཁང་ཡོད་པར་མ་ཟད། སྡིག་བློན་དུ་གྲགས་པའི་སྦས་རྒྱལ་ཏོ་རེ་སྟག་སྣང་གིས་ཀྱང་ལྷ་ཁང་བཞེངས་པའི་ཡིག་ཚང་ཡོད་མོད།  འོན་ཀྱང་ཀུན་གྱིས་དང་ལེན་མ་བྱས་པས་བག་ལ་ཉལ་བ་ཡིན་ནོ།།
          དེ་ལ་ནེའུ་པཎ་ཆེན་གྱིས་“དེའི་རྗེས་སུ།  དར་མ་ཁྲི་འུ་དུམ་བཙན་གྱིས་རྒྱལ་པོ་བྱས་ནས་ཚེ་སྟོད་ལ་སྤ་གྲོ་རྟག་ཕུག་གི་ལྷ་ཁང་བཞེངས། ཞབས་ཏོག་མ་གྲུབ་པས་ལོ་པཎ་རྣམས་ཕྱིར་བཞུད་”④ཞེས་དང་། ཀཿ་ཐོག་རིག་འཛིན་ཚེ་རིང་ནོར་བུས་“སྣོད་སྦྱིན་བར་མ་འུ་དུམ་བཙན་ཤིང་ལུག་ལོ་ལ་སྐྱེས་ནས་ཟླ་བ་གཉིས་ནས་ཡབ་གཤེགས། ནར་སོན་པ་ན་གཅེན་གྱིས་འུ་ཤངས་རྡོ་ཡི་གཙུག་ལག་ཁང་བཞེངས་པ་ན་གྲོགས་སྟོབས་ཀྱི་དར་མས་ཀྱང་འབྲི་ཡི་གཙུག་ལག་ཁང་སོགས་བཞེངས།”⑤ཞེས་པ་ལྟ་བུ་སྟེ་ཚེ་སྟོད་ལ་བཞེངས་དང་གྲོགས་སྟོབས་ཀྱིས་བཞེངས་པར་གསུངས་ཀྱང་ལྷ་ཁང་བཞེངས་པ་ནི་དགོངས་པ་གཅིག་ཏུ་མཐུན། གཞན་ཡང་སྟག་ཚང་དཔལ་འབྱོར་བཟང་པོས་“གཅེན་དར་མས། འབྲི་ལྷ་ཁང་དང་། དེའི་བཙུན་མོ་བཙན་མོ་འཕན་གྱིས། ཡར་ལུང་དཔག་བསམ་ལྗོན་ཤིང་དང་། ཕུག་པོ་ཆེའི་ལྷ་ཁང་བཞེངས།”⑥ཞེས་གསུངས་པ་དང་། རྦ་བཞེད་ཀྱི་རྒྱལ་པོའི་རབས་བཤད་པ་ལས། “དེ་ནས་རྒྱལ་པོ་དར་མས་ཁྲ་སྣའི་གཙུག་ལག་ཁང་དང་སྤ་གྲོ་སྟག་གོ་ཕུག་པོ་ཆེའི་གཙུག་ལག་ཁང་བཞེངས། བཙན་མོ་ཚེ་སྤོང་ཟ་བཙན་མོ་འཕན་གྱིས་བསམ་གྲུབ་ལྕམ་བུའི་གཙུག་ལག་ཁང་བཞེངས་སོ།།”⑦ཞེས་སོགས་ཕྱོགས་ཞེན་གྱིས་དྲི་མས་མ་གོས་པར་བཙན་པོ་དར་མ་ཉིད་དང་ཁོང་གི་བཙུན་མོས་ལྷ་ཁང་བཞེངས་པ་གསལ་བོར་བསྟན། ད་དུང་དེར་མ་ཟད། ལྡེའུ་ཆོས་འབྱུང་རྒྱས་པ་རུ་ཁེར་བརྒྱད་དེ་བོད་ཀྱི་དམག་དཔོན་བརྒྱད་ཀྱིས་སྡིག་སྦྱོང་དུ། གཙུག་ལག་ཁང་བརྒྱད་བཞེངས་པས་སྡིག་པ་ཐམས་ཅད་ཁེར་བས་ཁེར་བརྒྱད་འདྲེན་པའི་སྐབས་སུ། “སྦས་རྒྱལ་དོ་རེ་སྟག་སྣང་གིས་བྲན་ཀ་དཔལ་གྱི་ཡོན་ཏན་ལ་མ་ཉེས་པའི་སྐྱོན་ཕབ་པའི་སྡིག་སྦྱོང་དུ། ཁྲོམ་སྣ་ལྷ་ལུང་སྒོ་སྲུང་བཞེངས་ཏེ། དེ་ལྟར་སྡིག་པ་ཆེན་པོ་བརྒྱད་ཀྱིས་གཙུག་ལག་ཁང་བརྒྱད་བརྩིགས་ནས་སྡིག་པ་ཐམས་ཅད་ཁེར་བས་ཁེར་བརྒྱད་ཅེས་བྱའོ།།”⑧ཞེས་སྡིག་བློན་དང་ཐེའུ་རུང་གི་སྤྲུལ་བར་གྲགས་པའི་སྦས་ཀྱིས་གཙུག་ལག་ཁང་བརྩིགས་པར་དངོས་སུ་བསྟན་ཀྱང་། ནེའུ་པཎ་ཆེན་གྱིས་“སྦས་རྒྱལ་པོ་སྟག་སྣས་བྲན་ཀ་དཔལ་གྱི་ཡོན་ཏན་ལ་སྐྱོན་ཕབ་པའི་སྡིག་བཤགས་སུ་ཁྲ་སྣའི་མགོན་པོ་ཟུར་གཅིག་ལས་རྔོ་མ་ཐོགས་སོ།།”⑨ཞེས་བཙན་པོ་འུ་དུམ་བཙན་དང་བློན་པོ་སྦས་ཀྱི་དམ་ཆོས་བསྣུབས་པར་མཐུན་སྣང་དུ་གསུངས།
          གོང་དུ་བཙན་པོ་དར་མའི་ལྷ་ཁང་བཞེངས་ཡོད་པའི་གནད་དོན་དེ་གསལ་བོར་ཤེས་ཆེད་ཡིག་ཚགས་མང་དྲངས་པ་ཡིན་ལ།  དེ་དག་ཏུ་ཀུན་སློང་དང་བཞེངས་རྐྱེན་གླེང་ཚུལ་མི་འདྲ་བར་གསུངས་ཀྱང་བཙན་པོ་འུ་དུམ་བཙན་གྱིས་སྤ་གྲོ་རྟག་ཕུག་གི་ལྷ་ཁང་དང་འབྲི་ཡི་ལྷ་ཁང་།  བློན་པོ་སྦས་ཀྱིས་ཁྲ་སྣའི་ལྷ་ཁང་བཞེངས་པ་ཀུན་མཐུན་དུ་སྨྲ། ལྷ་ཁང་དེ་དག་ས་གནས་གང་དུ་མཆིས་པ་སོགས་ད་དུང་མུ་མཐུད་དུ་དཔྱད་འོས། བཙན་མོ་འཕན་ནི་མངའ་བདག་འོད་སྲུང་གི་ཡུམ་ཡིན།  བློན་པོ་སྦས་ནི་འུ་དུམ་བཙན་པོའི་སྐབས་ཀྱི་བློན་ཆེན་ཡིན་པ་ཏུན་ཧོང་ཡིག་ཚགས་དང་བོད་ཀྱི་ལོ་རྒྱུས་ཆོས་འབྱུང་མང་པོ་ཁ་མཐུན།  དེ་བས་བཙན་པོའི་བཞེངས་དུས་ནི་ཚེ་སྟོད་དེ་རྗེ་བོའི་ཁྲི་ལ་མ་བཞུགས་པའི་སྔ་རོལ་ཡིན་པར་བཤད་ན་སྐྱོན་མི་འབྱུང་མོད། བཙུན་མོའི་བཞེངས་པ་དེ་བཙན་པོ་སུའི་སྐབས་ལ་འཇོག  ཁྱད་པར་དུ་བློན་པོ་སྦས་ཀྱིས་གཙུག་ལག་ཁང་བཞེངས་དོན་ནི་བྲན་ཀ་དཔལ་གྱི་ཡོན་ན་ལ་མ་ཉེས་པའི་སྐྱོན་ཕབ་པའི་སྡིག་སྦྱོང་བའི་ཆེད་དུ་ཡིན་པས་བློན་ཆེན་པོའི་གོ་གནས་བཟུང་བའི་དུས་སུ་ཡིན་པ་གསལ་བོར་ཤེས་ཐུབ་པ་དང་ཁོང་ཉིད་ཀྱང་། “སྦས་རྒྱལ་ཏོ་རེ་སྟག་སྣང་ལ་སོགས་པས་དུས་ངན་པ་ལ་ཁུང་ཕྱུངས་ནས།  སྤྱོད་ལམ་ངན་པ་ནི་བྱས། རྒྱལ་ཁམས་ལ་ཁེང་ལོག་བྱུང་ནས། བྲན་ཀ་དཔལ་གྱི་ཡོན་ཏན་དང་། བློན་ཆེན་ཁྲི་རྗེ་སྟག་སྣང་ལ་སོགས་པ་ལ་མ་ཉེས་པའི་སྐྱོན་ཕབ་ནས།  གྱོད་ལ་གཏུགས་པ་དང་། དཀོན་ཅོག་རིན་པོ་ཆེ་ལ་རྒྱབ་གཏན་པའི་སྐྱོན་གྱིས། ཞང་བློན་བཞི་ཡི་དབུས་ཀྱི་མདུན་ས་ཞིག །ས་སྡེ་གསུམ་གྱི་མཐའི་སོ་ཁ་ཤོར།། རྔན་བྱེད་བཅུ་ཡིས་དབུས་ཀྱི་གསལ་བཅད།། སྣེའུ་སྡེ་བཞིས་སྒོར་(དཀོར་)གྱི་འཕྲོ་བཅད། རིན་པོ་ཆེའི་འབྱུང་ཁུངས་ནི་མཐའ་མོན་གྱིས་ཕྲོགས། བོད་ཐམས་ཅད་བུ་བྱེ་རྒྱུན་ཆད་པ་བཞིན་དུ་སོང་ནས། ཕྱྭ་གཡང་སྤྱིར་ཉམས་པ་ལགས།”⑩ཞེས་པའི་ངན་སྤྱོད་ཁོ་ནར་མོས་པ་ཞིག་མ་ཡིན་པར། དམ་པའི་ཆོས་ལ་སྐྱབས་སུ་འཛིན་མཁན་ཞིག་ཡིན་པ་རྟོགས་ཐུབ། དེ་བས་བཙན་པོ་འུ་དུམ་བཙན་དང་བློན་སྦས་སྟག་སྣས་གཙོ་བྱས་ནས་སངས་རྒྱས་ཀྱི་བསྟན་པ་བསྣུབས་པར་བཞེད་པ་དང་ཁོང་རྣམ་གཉིས་ཀྱིས་ལྷ་ཁང་བཞེངས་པ་ནང་འགལ་དུ་སོང་བས་དོགས་གནད་དང་པོ་ལགས་སོ།།
གཉིས་པ། འུ་དུམ་བཙན་གྱིས་བསྟན་བཅོས་མཛད་པ་ལས་འཕྲོས་པའི་དོགས་དཔྱོད།
          རང་རེའི་ལོ་རྒྱུས་དེབ་ཐེར་རྣམས་སུ་དམ་པའི་ཆོས་འཛིན་ཞིང་སྐྱོང་བའི་རྗེ་བོ་རྣམས་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། རྣམ་པར་སྣང་མཛད། འཇམ་དཔལ།  ཕྱག་ན་རྡོ་རྗེ་སོགས་ཀྱི་སྤྲུལ་བར་གསུངས་པ་དང་།  བཙན་པོ་འུ་དུམ་བཙན་ནི་བདུད་དམ་ཐེའུ་རང་གི་སྤྲུལ་པར་གླེང་བཞིན་འདུག་སྟེ། དཔེར་ན། “རྒྱལ་པོ་འདི་ཡང་ཡབ་མེས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྲུལ་པར་མ་སོང་།  ཐེ་རང་སྲིན་པོའི་ཕྲུ་གུ་ཚེ་བརྗེས་པ་སྟེ།  སྐྱེ་བ་གོང་མ་ལྷོ་ནུབ་སྲིན་པོའི་ཡུལ་ཡབ་སྲིན་པོ་མགོ་དགུ་པ།  ཡུམ་སྲིན་མོ་ཟངས་མགྲིན་མོའི་བུ།  སྲིན་པོ་སྤུན་གསུམ་སྐྱེས་ནས་ལྷོ་ནུབ་སྲིན་པོའི་ཡུལ་ཕུང་བར་བྱས།  སྐྱེ་བ་དེའི་འོག་རོལ་དུ་རྒྱ་ནག་པོའི་བྲག་ཤེད་དུ་ཡབ་འགེང་པོ་ཤ་པེ་དང་།  ཡུམ་འགོང་མོ་སྤྲ་སྤེའི་བུ་ཐེ་རང་སྤུན་གསུམ་དུ་སྐྱེས་ཏེ།  ཕུ་བོ་ཆེ་བས་མུ་གེ་བཏང་། སད་སེར་ཕབ། འབྲིང་པོས་འཁྲུག་པ་བཏང་། ཆུང་ཤོས་ཀྱིས་མི་ནད་ཕྱུགས་ནད་བཏང་།  རྒྱ་ནག་ཡུལ་ཕུང་བར་བྱས་སོ།  དེའི་འོག་ཏུ་བོད་ཡུལ་དུ་རྒྱལ་པོ་སེང་གེའི་མགོ་ཅན་གླང་དར་མ་དང་།  བློན་པོ་ཐེ་རང་གི་སྤྲུལ་པ་སྤྲེ་མགོ་ཅན་སྦས་རྒྱལ་ཏོ་རེ་སྟག་སྣ་དང་། ཞང་བློན་ཁྲའི་མགོ་ཅན་སྣ་ནམ་རྒྱལ་མཚན་ཁྲི་གསུམ་རྗེ་སྟག་སྣང་གིས་ཆོས་བསྣུབས།”⑾ཞེས་དང་།“ལོ་དེར་གླང་དར་ལ་རྒྱལ་སྲིད་གཏད་པས་སྔོན་གྱི་སྨོན་ལམ་ལོག་པ་འགྲུབ་སྟེ་སེམས་ལ་བོད་ཀྱི་གདོན་ཞུགས་ཏེ་ཇོ་བོ་ས་འོག་ཏུ་སྦས་ཤིང་རྟེན་གསུམ་གཞན་ཆེ་ཆུང་ཕལ་ཆེར་མེ་ཆུ་ལ་འཕངས་ཤིང་ཆུང་བ་ལ་ལ་མཚོན་གྱིས་རྨས་པ་དང་། རབ་བྱུང་བ་འབེབས་བསྐྲད་གསོད་སོགས་བྱས་ནས་ལྷ་ཁང་ཆེ་བ་དག་གི་སྒོ་ཞལ་བ་བྱས་སོགས་ཀྱིས་རྒྱལ་བསྟན་ལྕགས་མོ་བྱ་ལོར་བསྣུབས།”⑿ཞེས་རྣམ་ཤེས་ངན་པ་དང་སྨོན་ལམ་ལོག་པར་སོང་བའི་དབང་གིས་བསྟན་པ་བསྣུབས་པའི་སྡིག་རྒྱལ་དུ་སྐྱེས་པར་བཤད་པས། ཁོང་ལ་རྒྱལ་བའི་གསུང་དམ་པའི་ཆོས་ཀྱི་དགོངས་འགྲེལ་གྱི་བསྟན་བཅོས་ཡོད་པར་འདོད་མཁན་མེད་ལ། ཡིག་རྙིང་ཁག་ལས་མཚན་ཐོར་རེ་བ་མཐོང་ཀྱང་དོ་སྣང་མ་བྱེད་པར་ལུས། དེ་ལྟར་དུས་ད་ལྟ་ལ་ཐུག་གི་བར་དུ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བཀའ་ཡང་དག་པའི་ཚད་མ་བམ་པོ་བདུན་ཅན་མཛད་ཅེས་རླུང་ལ་གྲགས་པ་ལས། བཙན་པོ་འུ་དུམ་བཙན་གྱིས་བསྟན་བཅོས་མཛད་མིན་ལ་བློ་ཕྱོགས་པའི་དཔྱོད་ལྡན་གཅིག་ཀྱང་མ་མཐོང་། དེ་ཡང་ཁོ་བོས་དཀར་ཆག་རྙིང་པ་ཁག་ཅིག་ལ་མཇལ་སྐབས་བཙན་པོ་འདིས་མཛད་པའི་བསྟན་བཅོས་ཀྱི་མཚན་བྱང་དང་བམ་གྲངས་སོགས་གསལ་བོར་བཀོད་ཡོད་པ་མཐོང་བས་ཧ་ལས་དགོས་པ་དང་ཡ་མཚར་བར་གྱུར། དེ་ཡང་དཀར་ཆག་འཕང་ཐང་མར་བོད་མིས་མཛད་པའི་མདོ་སྡེ་དང་བསྟན་བཅོས་ཀྱི་ཊིཀ་བཀོད་པའི་ལེ་ཚན་དུ།  “བཙན་པོ་དབའ་འུ་དུན་བརྟན་གྱི་དབུ་མའི་བཀའ་བཅད་བཤད་པ་དང་བཅས་པ། ཤུ་ལོག་དྲུག་ཅུ། དེའི་བརྗེད་བྱང་ཤུ་ལོག་”⒀ཅེས་བཀོད་ཡོད། དེ་ནས་བུ་སྟོན་རིན་པོ་ཆེའི་དཀར་ཆག་ལ་བསྡུར་ནའང་ “བཙན་པོ་དཔལ་དུན་བརྟན་གྱི་དབུ་མའི་བཀས་བཅད་བཤད་པ་དང་བཅས་པ་ཤོ་ལོ་ཀ་དྲུག་ཅུ། དེའི་བརྗེད་བྱང་”⒁ཞེས་བཀོད་འདུག དེ་ལྟར་ན་དབུ་མའི་དགོངས་འབྲེལ་གྱི་བསྟན་བཅོས་དེ་ཀུན་མཁྱེན་བུའི་སྐབས་སུ་བཞུགས་ཡོད་པར་གསལ་ཡང་།  ད་ལྟ་འཇིག་སོང་བས་མཐོང་ལམ་དུ་མེད། བསྟན་བཅོས་དེའི་རྩོམ་པ་པོ་དབའ་འུ་དུན་བརྟན་ནི་ཏུན་ཧོང་ཡིག་ཆར་བྱུང་བའི་ཝུའྀ་དུན་བརྟན་དང་གདངས་འདྲ་བ་ཤེས་སླ་བས། བཙན་པོ་འུ་དུམ་བཙན་ཡིན་པར་ཁས་མི་ལེན་ཐབས་མེད་དུ་གྱུར། དེ་བས་བཙན་པོ་འུ་དུམ་བཙན་ལགས་ཀྱིས་དམ་ཆོས་དགོངས་འགྲེལ་གྱི་བསྟན་བཅོས་མཛད་མྱོང་བ་ནི་བསྙོན་མེད་ཀྱི་དངོས་དོན་དུ་གྲུབ། དེའི་ཕྱིར་བཙན་པོ་འདི་ཉིད་ཀྱིས་རྒྱལ་བའི་བསྟན་པ་བསྣུབས་པའི་གླེང་ལུགས་ལ་ཐེ་ཚོམ་མི་ཟ་ཐབས་མེད་དུ་གྱུར་པས་དོགས་གནད་གཉིས་པར་བགྲངས་པ་ཡིན།
གསུམ་པ། བཙན་པོའི་སྐུ་ཡོན་དུ་བསྔོས་པའི་སྨོན་ལམ་ལས་འཕྲོས་པའི་དོགས་དཔྱོད།
          བཙན་པོ་འུ་དུམ་བཙན་གྱི་ཚེ་ལ་དབང་ཐོབ་ཅིང་ཕྱོགས་བརྒྱད་ཀྱི་རྒྱལ་པོ་ཐམས་ཅད་བཀའ་འོག་ཏུ་འདུ་བའི་ཆེད་དུ་བསྔོས་པའི་སྨོན་ལམ་ནི་ཏུང་ཧོང་བོད་ཡིག་ཡིག་ཚགས་P. T. 134 སྟེ་བཙན་པོ་ལྷ་སྲས་ཝུའྀ་དུན་བརྟན་ཀྱྀ་སྐུ་ཡོན་དུ་བསྔོ་བའྀ་སྨོན་ལཾ་དུ་གསོལ་པཱ་ཞེས་བྱ་དེ་ཡིན།  ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས་ཨང་རྟགས་P. T. 134 པ་ནི་ཤོག་དྲིལ་རིང་པོ་ཞིག་ཡིན་ལ། ནང་དོན་ལྟར་དབྱེ་ནས་བཙན་པོ་འུ་དུམ་བཙན་གྱི་སྐུ་ཡོན་ཏུ་བསྔོ་བའི་སྨོན་ལམ་དང་སྨོན་ལམ་གཞན་ཞིག་བཅས་དོན་ཚན་ཁག་གཉིས་ཀྱིས་གྲུབ།  བཙན་པོ་འུ་དུམ་བཙན་གྱི་ཆེད་དུ་བསྔོ་བའི་སྨོན་ལམ་འདི་ནི་དོན་ཚན་གཉིས་ལས་སྔ་མ་ཡིན་ལ།  མགོ་མཇུག་ཁ་ཚང་ཞིང་ཐིག་ཕྲེང་50 ཡོད། ཡི་གེ་རྣམས་ཀྱི་བྲིས་གསལ་བས་ཡང་དག་པར་ངོས་འཛིན་ཐུབ་པ་རེད།  སྤྱིར་ཏུན་ཧོང་ཡིག་ཚགས་སུ་བོད་བཙན་པོའི་སྐབས་ཀྱི་སྨོན་ལམ་དང་འབྲེལ་བའི་ཡིག་ཚགས་ཁག་ཅིག་ཡོད་མོད།  འོན་ཀྱང་ལ་ལ་ནི་མགོ་མཇུག་ཁ་མི་ཚང་བ་དང་།  ལ་ལ་ནི་བཙན་པོ་སུའི་ཆེད་དུ་བསྔོས་པ་གསལ་བོར་བྲིས་མེད་པས། མགོ་མཇུག་ཆ་ཚང་ལ་མཚན་བྱང་དང་ལྡན་པའི་བཙན་པོའི་སྨོན་ལམ་ནི་འདི་ཁོ་ནའོ། །དེ་ཡང་བཙན་པོ་འུ་དུམ་བཙན་ཁོང་གི་ཐུགས་རྗེའི་བྱིན་རླབས་སམ་ལས་དབང་ཡིན་ལ།  མི་ལོ་སྟོང་ཡས་མས་སུ་སྡིག་ཅན་དང་དུད་འགྲོར་དམོད་པའི་གཏན་ཚིགས་གང་དེའི་མཇུག་སྒྲིལ་བར་བསྐུལ་མ་འདེབས་པ་འམ།  ཡང་ན་གནའ་བོའི་ལོ་རྒྱུས་ཀྱི་བཞིན་རས་ངོ་མ་བསུ་བའི་སྐྱ་རེངས་ཤིག་ཀྱང་ཡིན་སྲིད།   སྨོན་ལམ་ཚན་པ་འདི་ནི་འུ་དུམ་བཙན་ལ་ཞིབ་འཇུག་བྱེད་པར་ཤིན་ཏུ་གལ་ཆེ་ལ་རིན་ཐང་དང་ལྡན་པ་ཞིག་ཡིན་ཏེ། དཔེར་ན་ “བཙན་པོ་ཝུའྀ་དུན་བརྟན་གྱྀ་ཞ་སྔ་ནས་ཀྱང་།  ཚེ་ལ་སྩོགསྤ་དབང་བཅུ་དང་ལྡན་ནས།  གཞན་གྱྀ་དབང་དུ་མྱྀ་འགྱུར་བར་སྨོན་ནོ། །ས་ཚ་དང་ཅེ་ཏྀ་བཏབ་པ་ཡང་།  འཇྀག་རྟེན་ཅྀ་སྲྀད་གནས་གྱྀ་བར་དུ་ལྷ་དང་མྱྀ་དང་སྲོག་ཆགསོ་འཚལ་གྱྀ་མཆོད་པའྀ་རྟེན་དུ་གྱུར་ཅིག།  བཙན་པོ་ཝུའྀ་དུན་བརྟན་གྱྀ་ཞ་སྔ་ནས་ཀྱང་འགྲོ་བའྀ་བླ་མ་མང་པོས་བཀུར་བའྀ་གནས་ཐོབ་པར་སྨོན་ནོ།།  དཀོན་མཆོག་གསུམ་ལ་མར་མྱེ་ཁ་མང་པོ་ཕུལ་བ་ཡང་། ཀོང་བུ་ནྀ་སྣོད་གྱྀ་འཇིག་རྟེན་གྱྀ་ཁམས་ཙཾ་དུ་གྱུར།། མར་ནྀ་རྒྱ་མཚོ་ཙམ་དུ་གྱུར། སྙིང་པོ་ནྀ་རྀ་རབ་ཙམ་དུ་གྱུར་ལ། འོད་གྱྀས་སྲྀད་པའྀ་རྩེ་མོ་མན་ཅད་སྣང་བས་ཁྱབ་པར་གྱུར་པས། འཕགས་པ་ཐམས་ཅད་ལ་མཆོད་པར་གྱུར་ཅྀག ། བཙན་པོ་ཝུའི་དུན་བརྟན་གྱྀ་ཞ་སྔ་ནས་ཀྱང་ཉོན་མོངས་པ་དང་ཤེས་བྱ་འྀ་སྒྲིབ་པ་བྱང་སྟེ།  ཡེ་ཤེས་ཀྱྀ་སྣང་བ་ཆེན་པོ་དང་ལྡན་པར་སྨོན་ནོ།། སེམས་ཅན་ཆེ་ཕྲའྀ་སྲོག་གྀ་སྐྱབས་བགྱྀས་པ་ཡང་ཁཾས་གསུཾ་གྱྀ་སེམས་ཅན་ཤྀ་བ་མྱེད་པའི་གནས་རྙེད་པར་གྱུར་ཅྀག། །བཙན་པོ་ཝུའྀ་དུན་བརྟན་གྱྀ་ཞ་སྔ་ནས་ཀྱང་།།  ཚེའྀ་བར་ཆད་གྱྀ་བགེགས་དང་བྲལ་ཏེ།། ཚེ་ལ་དབང་ཐོབ་པར་སྨོན་ནོ།། གཙུག་ལག་ཁང་དང་མཆོད་རྟེན་གསར་བརྩགས་ཤྀང་རྙྀང་བཅོས་པ་ཡང་ལྷ་དང་མྱྀའྀ་མཆོད་པའྀ་རྟེན་ནམ་ཉི་མ་དྔ་ཟླ་བ་ཡོད་ཀྱྀ་བར་དུ་དམ་པའྀ་ཆོས་མྱྀ་འཇྀག་ཅིང་གནས་པར་གྱུར་ལ་འགྲོ་བ་མང་པོའི་བསོད་ནམས་གྱྀ་གཞིར་གྱུར་ཅྀག  བཙན་པོ་ཝུའྀ་དུམ་བརྟན་གྱྀ་ཞ་སྔ་ནས་ཀྱང་འགྲོ་བ་མང་པོའྀ་དགེ་བའྀ་བཤེས་གཉེན་བྱང་ཆུབ་གྱྀ་སྤྱོད་པ་རྒྱུན་མྱྀ་ཆད་པར་མཛད་པར་སྨོན་ནོ།། ཞལ་ནས་གསུངས་པའྀ་མདོ་སྡེ།  ཤེས་རབ་གྱྀ་ཕ་རོལ་ཏུ་ཕྱིན་པ་ལ་སྩོགས་པ་མཆོད་ཅྀང་བླགས་པ་ཡང་སྲོག་ཅགསོ་འཚལ་གྱྀས་ཐེག་པ་ཆེན་པོའྀ་ཆོས་ཐོསྟེ།།བྱང་ཆུབ་ཀྱྀ་ས་བོན་ཐོབ་པར་གྱུར་ཅིག། །བཙན་པོ་ཝུའྀ་དུན་བརྟན་གྱྀ་ཞ་སྔ་ནས་ཀྱང་། ཐེག་པ་ཆེན་པོའྀ་ཆོས། ཤེས་རབ་གྱྀ་ཕ་རོལ་དུ་ཕྱྀན་པའྀ་དོན་མངོན་པར་རྟོགས་པར་སྨོན་ནོ།།”ཞེས་པ་ལྟ་བུ་སྟེ་བཙན་པོ་དར་མ་འུ་དུམ་བཙན་གྱི་མཚན་དངོས་སུ་གླེང་ནས་དམ་པའི་ཆོས་དང་འགྲེལ་བའི་སྨོན་ལམ་རྒྱ་ཆེན་པོ་བརྒྱབ་ཡོད།
          སྨོན་ལམ་ཚན་པ་འདི་ནི་ཕྱག་འཚལ་བ་དང་།  མཆོད་པ། བཤགས་པ། རྗེས་སུ་ཡི་རང་། བསྐུལ་བ།  གསོལ་བ། བསྔོ་བ་སྟེ་མཆོད་པའི་ཡན་ལག་བདུན་ལྡན་གྱི་སྒོ་ནས་མཛད་པ་ཡིན་ལ། འབངས་ཀྱིས་བཙན་པོ་འུ་དུམ་བཙན་ཉིད་ཀྱི་སྒྲིབ་གཉིས་བྱང་ཞིང་སྐུ་ཚེ་རིང་བ་དང་།   བགེགས་དང་ཕས་ཀྱི་རྒོལ་བས་མི་ཚུགས་པར་མཐའ་བཞི་རྒྱལ་ཁམས་དབང་དུ་འདུ་བར་ཆེད་གསོལ་གྱི་སྨོན་ལམ་ཡིན། ཁྱད་པར་དུ་ཐིག་ཕྲེང་23ནས་41 བར་དུ་དགེ་བ་བསགས་པ་བསྔོ་དུས་དགེ་རྩ་རེ་རེར་བཙན་པོ་མཚན་དངོས་སུ་བརྗོད་ནས་སྨོན་འདུན་ཞུས་འདུག་པས་བཙན་པོ་ཉིད་ཀྱིས་མཐོ་སྒང་འཛིན་མའི་ཁྱོན་ལ་ཁ་ལོ་བསྒྱུར་བཞིན་པའི་སྒང་དུ་བྱུང་བ་ཞིག་ཀྱང་ཡིན། གཞན་ཡང་།   བསྔོ་ཡིག་སྨོན་ལམ་གྱི་ཕྱི་མོ་འདི་དང་ཆ་འདྲ་བ་ཞིག་ད་དུང་ཏུན་ཧོང་ཡིག་ཚགས་སུ་ཡོད་དེ། དེ་ནི་P. T. 1123པ་ཡིན་ལ་མཇུག་ལས་དབུའི་ཡི་གེ་མེད།  བཙན་པོའི་མཚན་ཁྲི་གཙུག་ལྡེ་བརྩན་ཞེས་བཀོད་ཡོད་པ་ལས་གཞན་སྨོན་ལམ་འདི་དང་ཡོངས་སུ་མཚུངས་པས། སྨོན་ལམ་འདི་རིགས་ལ་གཏན་འཁེལ་ཕྱི་མོ་ཡོད་པར་མ་ཟད།  སངས་རྒྱས་འཁྲུངས་སྐར་སོགས་ནང་པའི་དུས་ཆེན་ཀྱི་སྐབས་སུ་བཅོམ་ལྡན་འདས་ཀྱི་རང་ལུགས་པ་སོགས་གྲྭ་བཙུན་མང་པོ་ཚོགས་ནས།  བཙན་པོའི་སྐུ་ལ་དབང་ཐང་ལྡན་ཞིང་བར་ཆད་མེད་པའི་སྨོན་ལམ་ཞུ་སྲོལ་ཅིག་ཡོད་པར་སྙམ་བྱུང་།  དེ་བས་བཙན་པོ་འུ་དུམ་བཙན་གྱི་ཆེད་དུ་གསོལ་བའི་སྨོན་ལམ་འདི་འདྲ་ཡོད་པ་ནས་བཙན་པོ་དེས་བསྟན་པ་བསྣུབས་པར་ཡིད་ཆེས་དཀའ་བས་དོགས་གནད་གསུམ་པར་བཞག
བཞི་བ། ཕོ་བྲང་འོད་སྲུང་གིས་མཆོད་སྟོན་འབུལ་བའི་སྨོན་ལམ་ལས་འཕྲོས་པའི་དོགས་དཔྱོད།
          ཏུན་ཧོང་གནའ་རབས་ཡིག་ཚགས་སུ་འོད་སྲུང་གི་ཆེད་དུ་དམ་ཆོས་ཀྱི་མཆོད་བསྟོད་འབུལ་བ་དང་སྨོན་ལམ་གསོལ་བའི་ཤོག་དྲིལ་ཁག་གཉིས་ཡོད་དེ། དེ་དག་ནི་P. T. 131 པ་དང་P. T. 999 པ་ཡིན། དེ་ལས་P. T. 131 པ་ནི་ཐིག་ཕྲེང་སོ་བཞིའི་བདག་ཉིད་ཅན་ཏེ། “ཇོ་མོ་བཙན་མོ་འཕན་གྱི་ཕོ་བྲང་འོད་སྲུངས་རྗེས་འབངས་འཁོར་དང་བཅས་”ཀྱི་སྐུ་ཚེ་རིང་བ་དང་ཆབ་སྲིད་ཡུན་རིང་དར་བའི་སྨོན་ལམ་ཞུ་ཡིག་ཅིག་ཡིན་པ་དང་། ཡིག་ཚགས་P. T.999ནི་“ཇོ་མོ་བཙན་མོ་འཕན་གྱྀ་ཡུན་སྲས་གྱྀ་ཕོ་བྲང་འོད་སྲུང་གྀ་སྐུ་ཡོན་དུ་” ཤ་ཅུའི་དགེ་འདུན་སྡེ་གཉིས་ཀྱིས་དམ་ཆོས་ཀྱི་མཆོད་སྟོན་སྤེལ་བའི་ལོ་རྒྱུས་བརྗོད་པའི་ཡིག་ཚགས་ཡིན། ཡིག་ཚགས་འདི་གཉིས་སུ་ཕོ་བྲང་འོད་སྲུང་ཞེས་བཙན་དངོས་སུ་བཀོད་ཡོད་པས་བཙན་པོའི་གདུང་རབས་འཁྲུལ་མེད་དུ་བཀུར་བའི་འོད་སྲུང་ཉིད་སྐུ་བཞུགས་དུས་སུ་བྱུང་བའང་ཤིན་ཏུ་གསལ། དེས་ན་ཡིག་ཚགས་དེ་གཉིས་བྱུང་པའི་དུས་ནི་བཙན་པོ་འུ་དུམ་བཙན་གྱི་རྗེས་ཡིན་ནམ་ཞེ་ན།  མིན་ཏེ་བཙན་པོ་འུ་དུམ་བཙན་གྱིས་སྲིད་དབང་འཛིན་པའི་སྐབས་དེ་ཉིད་དུ་བྱུང་བ་ཡིན།  དེ་ལྟར་ཁ་ཚོན་གཅོད་ཐུབ་པ་ལ་རྒྱུ་མཚན་མེད་པ་མ་ཡིན་ཏེ།
          གཅིག ཕོ་བྲང་འོད་སྲུང་ཞེས་པའི་མཚན་འདོགས་ལུགས་གྱིས་བཙན་པོ་འུ་དུམ་བཙན་གྱི་སྐབས་ཡིན་པར་གསལ་བཤད་བྱས་པ། ཡིག་ཚགས་དེ་གཉིས་སུ་འོད་སྲུང་ལ་ཕོ་བྲང་འོད་སྲུང་ཞེས་པ་ལས་ཁྲི་འོད་སྲུང་བཙན་ནམ་གནམ་ལྡེ་འོད་སྲུང་ཞེས་བྲིས་མེད་པ་ནི་ཞིབ་འཇུག་གི་གནད་དམ་པ་དང་ཡིག་ཚགས་དེ་གཉིས་ལས་བྱུང་བའི་ཆ་འཕྲིན་གཙོ་བོ་ཞིག་ཡིན།  མཚན་གྱི་དབུ་རུ་ཕོ་བྲང་ཞེས་སྦྱར་བའི་རྒྱུ་མཚན་ཅི་ཡིན་པར་རྒྱ་བོད་མཁས་པ་མང་པོས་བགྲོ་གླེང་བྱས་ཀྱང་། མཁར་རྨེའུ་ལགས་ཀྱིས་མཚན་གྱི་དབུར་ཕོ་བྲང་ཞེས་སྦྱར་བ་ནི་བཙན་པོའི་ཁྲི་ལ་མ་གསོལ་བའི་སྐབས་ཀྱི་མཚན་ཡིན་པ་དང་མཚན་དབུར་ཁྲི་ཞེས་སྦྱར་བ་ནི་བཙན་པོའི་ཁྲི་ལ་གསོལ་བའི་རྗེས་ཀྱི་མཚན་ཡིན་ཞེས་⑮གསུངས་པ་ནི་ཤིན་ཏུ་མད་དེ། ལྷ་བཙུན་བྱང་ཆུབ་འོད་ཀྱི་མཚན་ལ་ཕོ་བྲང་བྱང་ཆུབ་འོད་ཞེས་བསྟན་འགྱུར་དུ་གསལ་བ་ལས་ཀྱང་བདེན་ཁ་བྱིན། བཙན་པོ་འུ་དུམ་བཙན་བཀྲོངས་རྗེས་ནས་གཅིག་གྱུར་གྱི་དབང་མཛད་མེད་མོད། འོད་སྲུང་ལ་མོས་པའི་ཤོག་ཁག་གིས་ལྷ་སྲས་འོད་སྲུང་བཙན་པོའི་སྲིད་ཁྲིར་གསོལ་བ་ནས་བཟུང་ཁྲི་འོད་སྲུང་བཙན་16ནམ་གནམ་ལྡེ་འོད་སྲུང་ཞེས་བརྗོད་པ་ལས་ཕོ་བྲང་འོད་སྲུང་ཞེས་པའི་གླེང་ལུགས་མེད།   དེ་བས་ཡིག་ཚགས་དེ་གཉིས་ནི་བཙན་པོ་འུ་དུམ་བཙན་གྱིས་སྲིད་འཛིན་པའི་དུས་སུ་བྱུང་བར་ཁས་མི་ལེན་རང་ལེན་ཏུ་གྱུར། དེས་ན། འོད་སྲུང་ནི་འུ་དུམ་བཙན་འདས་རྗེས་སུ་སྐུ་འཁྲུངས་བའི་ལྟོ་བོར་གྱི་སྲས་ཡིན་སྲོལ་མེད་དེ། ཁྲི་རལ་པ་ཅན་གྱི་ལྟོ་བོར་རིགས་སྲས་ཡིན་པ་ཁོ་བོས་གཞན་དུ་དཔྱད་ཟིན་17ལྟར་ལགས།
          གཉིས།  ཏུན་ཧོང་ཡིག་ཚགས་P. T. 131 པའི་ཐིག་ཕྲེང་31 ཏུ་“བཙན་པོ་ལྷ་སྲས་ཡུམ་སྲས་རྗེས་འབངས་གྱི་སྐུ་ཙེ་”ཞེས་པའི་ཚིག་དེ་ལ་བརྟག་ན་ཡིག་ཚགས་འདི་བཙན་པོ་འུ་དུམ་བཙན་གྱི་སྐབས་སུ་བྱུང་བར་ཤེས་ཐུབ།  ཡིག་ཚགས་འདིའི་ཐིག་ཕྲེང་28པ་ལས་ཡུམ་སྲས་ཞེས་པའི་ཡུམ་ནི་བཙན་མོ་འཕན་དང་སྲས་ནི་འོད་སྲུང་ཡིན་པར་གསལ་བཤད་བྱས་པ་ཡིན་པས་སྐབས་དེའི་ཡུམ་སྲས་ནི་ཁོང་མ་བུ་ཡིན་པར་བསྙོན་དུ་མེད།  དེས་ན་བཙན་པོ་ལྷ་སྲས་ཞེས་ཁོང་མ་སྨད་ཀྱི་གོང་དུ་བཞག་པའི་བཙན་པོ་དེ་སུ་ཡིན་ལ་བསམ་བློ་གཏོང་འོས། ཞིབ་འདང་ཞིག་བརྒྱབ་ན་བཙན་པོ་འུ་དུམ་བཙན་ལས་གོ་ས་གཞན་ཅི་ཡང་མ་མཆིས། ཚིག་ཐུང་དེ་བཀྲོལ་ན་“བཙན་པོ་ལྷ་སྲས་འུ་དུམ་བཙན་དང་།  ཕོ་བྲང་འོད་སྲུང་ཡུམ་སྲས་ཀྱི་སྐུ་ཚེ་”ཞེས་པའི་དོན་ཡིན།   དེའི་ཕྱིར། ཡིག་ཚགས་P. T. 131 པ་འདི་ནི་བཙན་པོ་འུ་དུམ་བཙན་གྱི་སྲིད་འཛིན་བཞིན་པའི་སྒང་དུ་བྱུང་བར་ཟད་ལ། དུས་རབས་བརྒྱད་ནས་དགུའི་བར་གྱི་བོད་ཡིག་བསྔོ་སྨོན་ལ་ཞིབ་འཇུག་18 ཞེས་པར་P. T. 131ནི་བཙན་པོ་འུ་དུམ་བཙན་གྱི་སྲིད་འཛིན་སྐབས་སུ་བྱུང་བར་བརྗོད་པ་ནི་ཤིན་ཏུ་ཡང་དག་པའི་དཔྱད་འབྲས་སོ།།
          མདོར་ན། གནའ་རབས་ཤོག་དྲིལ་འདི་གཉིས་ཀྱིས་བཙན་པོ་འུ་དུམ་བཙན་གྱིས་སྲིད་འཛིན་པའི་སྐབས་སུ་འོད་སྲུང་འཁྲུངས་ཡོད་པ་དང་། འོད་སྲུང་ཡུམ་སྲས་དང་དེ་དག་ལ་བློ་དཀར་བའི་བློན་འབངས་རྣམས་ཀྱིས་འོད་སྲུང་གི་ཆེད་དུ་སྨོན་ལམ་དང་ཆོས་སྟོན་འཚོགས་གྱིན་འདུག་པས། བཙན་པོ་འུ་དུམ་བཙན་གྱིས་བསྟན་པ་བསྣུབས་པར་བཤད་པ་དང་འགལ་བར་སྙམ་ནས་དོགས་གནད་བཞི་བར་གླེང་བའོ།།
ལྔ་བ། ཁྲི་འོད་སྲུང་བཙན་གྱི་ཆེད་དུ་གསོལ་བའི་བསྔོ་སྨོན་ལས་འཕྲོས་པའི་དོགས་དཔྱོད།
          ཕོ་བྲང་འོད་སྲུང་དང་ཁྲི་སྲོང་བཙན་ཞེས་པ་ནི་བཙན་པོ་གཅིག་གི་མཚན་གྱི་རྣམ་གྲངས་ཡིན་མོད། འོན་ཀྱང་གོང་ནས་གླེང་ཟིན་པ་ལྟར། མཚན་དེ་གཉིས་བཀོལ་སྤྱོད་ལ་ཁྱད་པར་ཆེན་པོ་ཡོད་དེ། སྔ་མ་ནི་སྲིད་དོན་ཕྱག་ཏུ་མ་བཞེས་པའི་སྔ་རོལ་གྱི་མཚན་ཡིན་པ་དང་།   ཕྱི་མ་ནི་ཆབ་སྲིད་ཕྱག་ཏུ་བཞེས་རྗེས་ཀྱི་མཚན་ཡིན་པས་མཚན་གྱི་རྣམ་གྲངས་དེ་གཉིས་ལ་འདུས་པའི་དོན་སྙིང་དང་ཞིབ་ཆ་ཤེས་རྒྱུ་གལ་ཆེ། དེ་བས་ཏུན་ཧོང་ཡིག་ཚགས་P. T. 1.31 པ་དང་P. T. 999 པ་ནི་འོད་སྲུང་དང་འབྲེལ་བའི་ཡིག་ཆ་ཡིན་ཀྱང་སྲིད་ཁྲིར་མ་བཞུགས་པའི་སྔ་རོལ་གྱི་ཡི་གེ་ཡིན་པས་བཙན་པོ་འུ་དུམ་བཙན་གྱི་སྐུ་རིང་དུ་བྱུང་བ་དང་དེའི་དོགས་གནས་སོགས་གོང་ནས་གླེང་ཟིན།   དེ་ནས་ཡང་ཏུན་ཧོང་ཡིག་ཚགས་ནས་“ལྷ་སྲས་ཁྲི་འོད་སྲུངས་བརྩན་”ནམ་“ལྷ་བཙན་པོ་འོད་སྲུངས་”ཞེས་བཀོད་ཡོད་པ་དེ་འོད་སྲུང་བཙན་པོའི་སྲིད་ཁྲིར་བཞུགས་རྗེས་ཀྱི་ཡིག་ཚགས་གལ་ཆེན་ཁག་གཉིས་ལག་སོན་བྱུང་།  དེ་ལས་གཅིག་ནི་ཧྥ་རན་སིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ལས་ཨང་རྟགས་P. T. 230ཅན་ཡིན་ལ། མགོ་མཇུག་ཁ་མི་ཚང་བར་མ་ཟད། ཕྱི་མོའི་གཡོན་ངོས་ཀྱི་ཡིག་འབྲུ་གཉིས་ནས་གསུམ་རུལ་སོང་བས་ལྟ་ཀློག་གི་བསྐལ་བ་ཤོར་མོད།  ད་དུང་ངོས་འཛིན་ཐུབ་པའི་ཐིག་ཕྲེང་36ཡོད། “ལྷ་སྲས་ཁྲི་འོད་སྲུངས་བརྩན་”ཞེས་བཙན་པོའི་མཚན་གསལ་བོར་གླེང་བའི་བསྔོ་སྨོན་འདིའང་བཙན་པོ་སྐུ་གོང་མ་རྣམས་ཀྱི་ཆེད་དུ་བསྔོས་པའི་སྨོན་ལམ་གཞན་དང་འདྲ་བར། མཆོད་པའི་ཡན་ལག་བདུན་ལྡན་གྱི་སྒོ་ནས་མཆོད་ཅིང་སྨོན་ལམ་འདེབས་པའི་ཁྱད་ཆོས་ལྡན་པར་མ་ཟད།  ད་དུང་ནང་དོན་ལས་སྐབས་དེར་བོད་བཙན་པོའི་སྲིད་དབང་ལ་ཆག་གྲུམ་བྱུང་བ་སོགས་གནའ་རབས་ལོ་རྒྱུས་ལ་འཇུག་པའི་ཆ་འཕྲིན་གལ་ཆེན་སྔོག་འདོན་བྱེད་རྒྱུ་ཡོད་པས་ཤིན་ཏུ་གལ་ཆེ་བར་འདུག
          ཡིག་ཚགས་ཁག་གཞན་གཅིག་ནི་དབྱིན་ཇིར་ཉར་བའི་ཏུན་ཧོང་ཡིག་ཚགས་ཨང་རྟགས་IOL. Tib.J.40 པ་ཡིན་ཏེ། དེའི་ཐིག་ཕྲེང་23ནས་30ཡི་བར་ནི་བཙན་པོ་འོད་སྲུང་དང་འབྲེལ་བའི་སྨོན་ལམ་ཁག་ཅིག་ཆ་ཤས་ཡིན་པས་འདིར་དྲངས་ན། “༄།: །ཕྱོགས་བཅུའི་སྨོན་ལམ་དུ་གསོལ་བའ་གྲགས་པས་མངོན་བར་ཁྱབ་ཅིང་ཞི་མགོན་ཐམས་ཅད་ཀྱི་མངའ་བདག་ལྷ་བཙན་པོ་འོད་སྲུངས་དང་ཡོན་གྱི་བདག་པོས་དཀོན་མཆོག་གསུམ་ལ་ཡོན་དོན་དམ་པས་མཆོད་ཅིང་གསོལ་པའི་ཡོན་ཀྱིས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཉོན་མོངས་པ་ལས་གྲོལ་ཞིང་ཐར་པར་མཛད་ནས་བསྟན་བསླབས་ཏེ་ཕལ་མང་པོས་ཀྱང་རྗེས་སུ་ཡི་རང་”ལྟ་བུའོ། །
          སྨོན་ལམ་འདི་གཉིས་ཀྱིས་ཡིག་ཚགས་གཞན་རྣམས་དང་མི་འདྲ་བའི་ཆ་འཕྲིན་གལ་ཆེན་ཁ་ཤས་ང་ཚོར་མངོན་ཤུགས་གཉིས་ནས་གསལ་བཤད་བྱས་ཡོད་དེ།
          གཅིག “ལྷ་སྲས་ཁྲི་འོད་སྲུངས་བརྩན་”ཞེས་པ་དང་“ལྷ་བཙན་པོ་འོད་སྲུངས་”ཞེས་བཙན་པོའི་མཚན་དངོས་སུ་བཀོད་ཡོད་ཕྱིར་ཡིག་ཚགས་འདི་རིགས་བྱུང་བའི་སྐབས་དེའི་བདག་པོ་ནི་ལྷ་སྲས་འོད་སྲུང་ཡིན་པ་གསལ་བོར་ཤེས་པས། ཡིག་ཚགས་འདི་གཉིས་ནི་བཙན་པོ་འུ་དུམ་བཙན་སྐུ་གཤེགས་པའི་རྗེས་སུ་བྱུང་བ་ཡིན་པའང་སྨོས་མ་དགོས།
          གཉིས། ཡིག་ཚགས་དེ་གཉིས་དང་ཁྱད་པར་དུ་སྔ་མའི་ཐིག་ཕྲེང་10 ནས་14 བར་དུ་བཀོད་པ་ལྟར་འཕགས་པའི་སྐུ་གཟུགས་བཞེངས་པ་དང་སྤྱན་ཕྱེ་བ། དགེ་འདུན་མང་པོ་བསྡུས་ཏེ་མཆོད་སྟོན་གསོལ་ལ་སོགས་དཀོན་མཆོག་གསུམ་གྱི་རྟེན་བཞེངས་པ་དང་དགེ་འདུན་ལ་མཆོད་བཀུར་བྱེད་པའི་སྐོར་བཀོད་ཡོད་པས། “བོད་འདིར་བསྟན་པ་ཕྱི་དར་དུ་གྲགས་པ་དགེ་འདུན་འདུལ་བའི་སྡེ་སྣོད་བྱུང་བ་ཡང་གྲུབ་ཐོབ་ཨོ་རྒྱན་པས་ཕག་གྲུ་ཡི་རྒད་པོ་ཞིག་གི་ངག་རྒྱུན་ལ་བརྟེན་ནས་བསྟན་པ་སྔ་དར་ཉམས་ནས་ཕྱི་དར་བར་ལོ་ཉེར་ལྔའམ་སུམ་ཅུ་ཙམ་མཛད་པ་དང་།  རྗེ་གཙུག་ལག་ཕྲེང་བས་ཆུ་གླང་ལོ་ལ་དབུས་གཙང་གི་མི་བཅུ་ལས་ཀླུ་མེས་ཚུལ་ཁྲིམས་ཤེས་རབ།  མཁན་བུ་གྲུ་མེར་དང་བཅས་པ་མོན་མཁར་འབྲས་བུར་ཕེབས་པ་འདི་ཕྱི་དར་གྱི་ཐོག་མར་ཀླུ་མེས་རྣམས་འདོད་གསུངས་ཤིང་། མཁན་ཆེན་དྷརྨ་ཤྲི་ཡང་ཉིན་སྣང་དུ་ཕྱི་དར་འདས་ལོ་འདི་དང་མཐུན་པར་བྱས་ཏེ། ལྕགས་བྱ་ནས་ལོ་ང་གཉིས་འདས་པའི་ཆུ་གླང་ཡིན་ནོ།།  བུ་སྟོན་ཆེན་པོས་དབུས་ཀྱི་རྒན་མོ་ཞིག་གི་ངག་རྒྱུན་ལ་བརྟེན་ནས་ལྕགས་བྱ་ནས་ཕྱི་དར་གྱི་བར་བདུན་ཅུའམ་དོན་གསུམ་དག་ཏུ་བཞེད།  ཕྱི་མ་ལྟར་ན་ཆུ་བྱ་དང་སྔ་མ་བྱས་ཚེ་ལྕགས་རྟ་ཡིན་དགོས་སོ།། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས་ལྕགས་བྱ་ནས་བར་སྟོང་བདུན་ཅུ་དོན་བདུན་ས་སྟག་ལ་བསྟན་པ་ཕྱི་དར་གྱི་དབུ་ཡིན་པར་བཞེད་པ་དང་། ས་སྐྱའི་བླ་མ་དམ་པས་ནི། རྒྱལ་པོ་བཀའ་ཆེམས་ལས། དཔལ་ཞེས་བྱ་བའི་དགེ་སློང་གིས།། སྡིག་ཅན་རྒྱལ་པོ་སྒྲོལ་བར་འགྱུར།། དེ་ནས་ལོ་སྐོར་བརྒྱད་ཀྱི་བར།། སངས་རྒྱས་བསྟན་པ་མེད་པར་འགྱུར།། ཞེས་གསུངས་པ་ལ་དགོངས་ཏེ། ལྕགས་བྱ་ནས་བསྟན་པ་བར་སྟོང་ལོ་སྐོར་བརྒྱད་བྱུང་བས།  དེ་ལ་ལོ་རྒན་གཅིག་དང་ལོ་རྐྱང་པ་བརྒྱད་དེ།  ཁྱོན་དགུ་བཅུ་གོ་བརྒྱད་ཡིན་ལ།  ས་ཁྱི་ལ་ཕྱི་དར་བྱུང་བར་བཞེད། ནེལ་པ་པཎ་ཆེན་སྨོན་ལམ་ཚུལ་ཁྲིམས་ཀྱིས་ལྕགས་བྱ་ནས་ལོ་བརྒྱ་དང་བརྒྱད་ཀྱི་བར་དུ་འདུལ་བསྟན་མ་བྱུང་བས། ཕྱི་དར་ཐོག་མ་ས་བྱ་ཡིན་པར་བཤད་”19པ་དང་གཏན་ནས་མི་མཐུན་པར་བཙན་པོ་འུ་དུམ་བཙན་སྐུ་གཤེགས་པའི་རྗེས་ཁྲི་འོད་སྲུང་བཙན་གྱིས་སྲིད་དབང་སྐྱོང་བཞིན་པའི་སྐབས་དེར་སྔ་ལུགས་ལྟར་དཀོན་མཆོག་གསུམ་གྱི་རྟེན་བཞེངས་པ་དང་དགེ་འདུན་མང་པོ་འདུས་ནས་ཆོས་སྟོན་བྱེད་བཞིན་ཡོད་པ་གསལ་བོར་ཤེས།
          གསུམ། ཡིག་ཚགས་དང་པོའི་ཐིག་ཕྲེང་28ནས་36བར་དུ། “འཛམ་བུ་གླིང་ཡོངས་ལ་ཆོས་བ་......ཡིད་བསྒྱུར་ནས། གློ་བ་རིངས་པའི་ཕྱོགསུ་གྱུར་པའི་རྣམ་......དམ་བསྐུལ་ནས་། འཕྲིན་ལས་བཅོལ་པ་ལ་སྩོགས་པའི་……གཡོ་བོར་ནས་། སླན་ཆད་རྗེས་འབངས་གྱི་ཚུལ་བཞིན།...... མདུད་པར་བྱིན་གྱིས་བརླབ་དུ་གསོལ།། ལྷ་སྲས་ཡབ་མྱེ་... ...འབངས་གློ་བ་ཉེ་འོ་འཚལ་ཀྱིས་། རྗེ་འི་སྐུ་དང་ཆབ་སྲིད་བ་... ...སྒོ་ནས། དགའ་བ་ཉམསུ་བླང་སྟེ། ཡིད་གཆིག་དུ་འདུས་......སྔགས་བྱད་ལས་སྩོགས་བས་མྱི་ཚུགས་པ་དང་། ཐབས་......གྲུབ་སྟེ། བོད་ཁམས་ཡོངས་ཡུལ་ཞི་བ་དང་། མྱི་ནད་......” ཞེས་འབངས་གློ་བ་རིངས་པ་རྣམས་དཀོན་མཆོག་གསུམ་ལ་བརྟེན་ནས་སླར་གཉུག་མར་འགུག་ཐུབ་པའི་སྨོན་ལམ་ཐེངས་གཉིས་བཏབ་ཡོད་པ་ལས། འོད་སྲུང་ཁྲིར་བཞུགས་པའི་སྐབས་དེར་བོད་ཀྱི་སྤྱི་ཚོགས་རྙོག་འཛིང་་ཅན་དུ་གྱུར་པ་དང་འོད་སྲུང་ལ་གློ་བ་རིངས་པའི་ཆབ་སྲིད་ཀྱི་སྟོབས་ཤུགས་ཤིག་ཡོད་པར་མ་ཟད། དེ་ནི་འབངས་ཡིན་པའང་གསལ་བོར་ཤེས་པས་ཁྲི་ལྡེ་ཡུམ་བརྟན་སོགས་བསྟན་པ་ཡིན་ལ། དེ་རྣམས་བཙན་པོའི་གདུང་རྒྱུད་མིན་པའང་གསལ་བཤད་བྱེད་ཐུབ།
          དེ་ལྟར་ཡིག་ཚགས་འདི་ལ་ཞིབ་འཇུག་གཏིང་ཟབ་བྱས་ན་སྤྲོ་རྒྱུ་མང་པོ་འདུག་མོད། འདིར་སྐབས་སུ་བབ་པ་ནི་ཆ་འཕྲིན་དང་པོ་དང་གཉིས་པར་འབྲེལ་བ་ཡིན་ཏེ། མངའ་བདག་ཁྲི་འོད་སྲུང་བཙན་གྱི་སྐབས་སུ་བོད་ན་དམ་པའི་ཆོས་དང་དེའི་རྒྱུན་འཛིན་དགེ་འདུན་གྱི་སྡེ་ཡོད་པས་བཙན་པོ་འུ་དུམ་བཙན་གྱིས་བསྟན་པ་བསྣུབས་ཞེས་པས་རྐང་ཚུགས་མི་ཐུབ་པར་མཐོང་ནས་དོགས་གནད་ལྔ་བར་བགྲངས་པ་ཡིན།
དྲུག་པ། ཁྲི་འོད་སྲུང་བཙན་བར་གྱི་བསྟན་རྒྱས་ལོ་རྒྱུས་ལས་འཕྲོས་པའི་དོགས་དཔྱོད།
          བསྟན་པ་ཕྱི་དར་ནས་ད་ལྟའི་བར་གྱི་ལོ་རྒྱུས་ཡིག་ཚགས་གང་ལ་བལྟས་ཀྱང་མགྲིན་གཅིག་ཏུ་བཙན་པོ་དར་མ་འུ་དུམ་བཙན་གྱི་དུས་སུ་སངས་རྒྱས་ཀྱི་བསྟན་པ་བསྣུབས་པར་བཞེད་པ་ཡིན་ལ། དེ་ཡང་སྔ་མ་སྔ་མའི་བརྩམས་ཆོས་དེ་ཕྱི་མ་ཕྱི་མའི་ཕྱི་མོར་གྱུར་པ་ཡིན་པས་དུས་རབས་བཅུ་གཅིག་པའི་དུས་འགོར་བརྩམས་པའི་བཀའ་གདམས་གླེགས་བམ་དང་། བཀའ་ཆེམས་ཀ་ཁོལ་མ་སོགས་ཀྱི་ཤུགས་རྐྱེན་ལས་མ་འདས་པར་མངོན། དེས་ན་དུས་རབས་བཅུ་པའི་སྔོན་གྱི་བཙན་པོའི་སྐུ་རིང་ལ་ལོ་རྒྱུས་ཡིག་ཚགས་མེད་དམ་ཞེ་ན། ཡོད་ངེས་མོད། དུས་རབས་དགུ་བའི་དུས་དཀྱིལ་ནས་དུས་རབས་བཅུ་པའི་དུས་མཇུག་བར་དུ་བོད་ཁུལ་ཡོངས་ལ་ཁེང་ལོག་ས་གནས་སྒེར་འཛིན་གྱིས་སྲིད་དབང་འཕྲོག་རྩོད་ཀྱི་ཚ་རླབས་ཆེན་པོ་འཕྱུར་བ་ལས་མང་དག་བོར་བརླགས་སུ་སོང་བར་མངོན། དེ་བས་དུས་རབས་བཅུ་གཅིག་པ་ནས་ད་ལྟའི་བར་གྱི་སྟོང་ལོའི་རིང་དུ་ང་ཚོའི་མི་རབས་མང་པོའང་ཕྱི་དར་སྐབས་བྱུང་བའི་ལོ་རྒྱུས་དེབ་ཐེར་དེ་དག་གི་ཁོར་ཡུག་དང་བག་ཆགས་ལས་འཚར་ལོངས་བྱུང་པས་དེ་དག་ལ་ཐེ་ཚོམ་སྤུ་ཙམ་མི་ཟ་བར་གཏེར་དང་ལུང་བསྟན་དུ་གླེང་ནས་མུ་བརྒྱུད། དེང་སང་དུས་རབས་ཀྱི་འཕོ་འགྱུར་གྱི་ལ་བརྟེན་ནས་ཡིག་ཚགས་སྣ་མང་ལྟ་ཀློག་གི་གོ་སྐབས་སྔོན་ལས་ལྡབ་བརྒྱ་འགྱུར་ཀྱི་འཕེལ་བ་དང་། ལག་སོན་གྱི་གནའ་རབས་ཡིག་ཚགས་མང་པོ་འཛམ་གླིང་ནོར་འཛིན་ཡངས་པོའི་ལྟོ་བར་བཀྲམས་ནས་བློ་ལྡན་འཇུག་པའི་མཐུན་རྐྱེན་མང་དུ་བསྐྲུན་ཡོད། དེ་བས་མཐུན་རྐྱེན་དེ་དག་ལ་བསྟུན་ནས་ཁོ་བོས་ཀྱང་ཏུན་ཧོང་ཡིག་ཚགས་ཁྲོད་དུ་བོད་གངས་ཅན་གྱི་ལྗོངས་འདི་ལ་བསྟན་པ་དར་བའི་ལོ་རྒྱུས་དུམ་ཚན་ཞིག་ཡོད་པ་མཐོང་བས། སྔར་གྱི་གསུང་རབ་དེ་དག་ལ་ཡང་བསྐྱར་བསམ་གཞིགས་དང་ཞིབ་འཇུག་གི་མྱུ་གུ་རང་སེམས་དོག་མོའི་ཁྱོན་ལ་ཡུན་གྱིས་འབུས། ཏུན་ཧོང་ཡིག་ཚགས་དེ་ནི་ཧྥ་རན་སིར་ཉར་བའི་ཨང་རྟགས་P. T. 840 པ་ཡིན་ཏེ། དེ་ལས་གལ་ཆེའི་དུམ་ཚན་ཞིག་ཀུན་གྱི་སྤྱན་ལམ་དུ་དྲངས་ན། “ཡུལ་མཐོ་ས་གཚང་བོད་ཀྱི་ཡུལ།། གངས་རི་མཐོ་གཚང་ཀུན་ཀྱི་གཉའ།། ཆུ་བོ་ཀླུང་ཡས་ཀུན་ཀྱི་མགོ།། ལྷ་གཉན་ཡུལ་དབྱིངས་དཀྱིལ་འདི་ན།།  རྒྱལ་པོ་ཙ་ཞེས་བྱ་བ་དེ།། ལྷའི་རིགས་ལ་བྱང་ཆུབ་སེམས་དཔའི་རྒྱུ།།  ལྷ་སྲས་ཁྲི་སྲོང་ལྡེ་བཙན་གྱིས། དམ་ཆོས་སློབས་དཔོན་རྒྱ་གར་ཡུལ་ནས་སྤྱན་དྲངས་ཏེ། མུན་ནག་དཀྱིལ་དུ་སྒྲོན་བཏེག་བཞིན།། རྒྱལ་ཁམས་ཕྱོགས་ཀྱང་སྤྱོད་པར་གནང་།། བྱང་ཆུབ་མཆོག་གི་ལམ་ལ་བཀོད། ལྷ་སྲས་ལྷའི་དྲིན་རེ་ཆེ།། བཀའ་ལུང་གཞུང་དང་འཐུན་པའི་ཚེ། ཕྱི་ནང་གཉིས་ཀྱི་སློབས་དཔོན་དང་།། ལས་ཀྱི་རྡོ་རྗེ་མཁས་དང་གསུམ།། མ་འདྲེས་སྤྱོད་ལམ་འདི་ལྟ་བུ། མཁས་བཙུན་སྤྱོད་མཁས་འཁྲུག་པ་མེད།། བོད་འབངས་ཀུན་ཀྱང་བདེ་ཞིང་སྐྱིད།། ལྷ་སྲས་དར་མ་མན་ཅད་དང་།། འོད་སྲུང་དབོན་སྲས་མན་ཅད་དུ།། སྤྱི་ནི་དམ་ཆོས་དར་ཅིང་རྒྱས། ཧ་ཆང་དར་ཆིང་རྒྱས་ཅེས་པས། མྱིར་སྐྱེས་ཀུན་ཀྱང་འགྲུབ་པར་བཞེད།། གསུམ་ཁྲིམས་འདུལ་ཁྲིམས་མྱི་ཤེས་པར།། ལས་ཀྱི་རྡོ་རྗེ་བོང་བུས་ཉོས།།  ལས་ཀྱི་དབང་དང་མྱི་ལྡན་པར།།  འདྲེན་པའི་སློབས་དཔོན་གླང་གི་ཉོ།། འདྲེན་པའི་དབང་དང་མི་ལྡན་པར།།  རྡོ་རྗེ་རྒྱལ་ཚབ་རྟ་ཡིས་ཉོས།།  རྒྱལ་འཚབ་དབང་དང་མྱི་ལྡན་པར།། རྡོ་རྗེ་རྒྱལ་པོ་བཙོན་གྱིས་ཉོ།། དྲོད་དང་ཚོད་དང་མ་སྦྱར་བའི།། ནོར་ཀར་བོར་བའི་སློབས་དཔོན་གྱིས།། འཇིག་རྟེན་འདས་པའི་དོན་མྱི་རིག། སློབ་མ་བརྒྱ་ལ་སློབས་དཔོན་བཅུ།།   ལྷ་ཆོས་ཉན་པའི་མྱི་མ་མཆིས།། གྲོང་ཙན་གཅིག་ལ་སློབས་དཔོན་བཅུ།།  ལས་ཀྱི་རྡོ་རྗེ་གྲས་ཀྱང་མེད།།  ཀུན་ཀྱང་ལྷ་རུ་འགྲུབ་སྙམ་སྟེ། མཇུག་དུ་སྡེ་ཙན་མང་པོ་ཡིས།། རྡོ་རྗེ་ཕུང་པོ་བཤིག་ག་རེ།།”ཞེས་གསུངས་སོ།།
          ཡིག་ཚགས་འདི་ནི་ད་ཡོད་ཀྱི་ལོ་རྒྱུས་ཡིག་ཚང་མཐའ་དག་ལས་སངས་རྒྱས་ཀྱི་བསྟན་པ་བོད་ལ་དར་བའི་བྱུང་རིམ་མམ་ལོ་རྒྱུས་བརྗོད་པའི་ཡིག་ཚགས་ཆེས་སྔ་མ་ཡིན་པས་དཔྱད་གཞི་རིན་ཐང་ཤིན་ཏུ་ཆེ། ཡིག་ཚགས་འདིར་“ལྷ་སྲས་ཁྲི་སྲོང་ལྡེ་བཙན་གྱིས། དམ་ཆོས་སློབས་དཔོན་རྒྱ་གར་ཡུལ་ནས་སྤྱན་དྲངས་ཏེ།།”ཞེས་པ་སོགས་གསུངས་པ་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་དུ་རྒྱ་གར་ནས་མཁན་པོ་དང་སློབ་དཔོན་སྤྱན་དྲངས་ཤིང་། བསམ་ཡས་བཞེངས་ནས་ཆོས་གྲྭ་དང་ལོ་ཙཱའི་གྲྭ་ཐོག་མར་བཙུགས་པར་མ་ཟད། སད་མི་བདུན་རབ་ཏུ་བྱུང་བ་སོགས་བཙན་པོའི་བླ་ནས་དཀོན་མཆོག་གསུམ་གྱི་རྟེན་བཙུགས་པ་དང་། དམ་པའི་ཆོས་བརྒྱུད་འཛིན་གྱི་མཁན་པོ་མཁན་བུ་ལ་མཐུན་རྐྱེན་གང་ལེགས་སྒོས་བསྐུལ་ཅིང་བསྟོད་པ་ནི་ལོ་རྒྱུས་ཀྱི་བསྟན་བཅོས་མང་པོ་དང་། བསམ་ཡས་ཀྱི་རྡོ་རིང་ཡི་གེ་སོགས་ངག་མཐུན་པས་གནའ་བོའི་ཡི་གེ་འདི་ཁུངས་ཐུབ་ཅིང་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པ་རྟོགས་ཐུབ། ཁྱད་པར་དུ་“ལྷ་སྲས་དར་མ་མན་ཅད་དང་།། འོད་སྲུང་དབོན་སྲས་མན་ཅད་དུ།།20 སྤྱི་ནི་དམ་ཆོས་དར་ཅིང་རྒྱས།།”ཞེས་པས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་དུས་སུ་རྒྱལ་བའི་བསྟན་པ་བོད་ལ་དྲངས་པ་ནས་ལྷ་སྲས་དར་མ་འུ་དུམ་བཙན་གྱི་སྐུ་རིང་དང་།  དེའི་དབོན་སྲས་འོད་སྲུང་གི་སྐུ་རིང་དུའང་སངས་རྒྱས་ཀྱི་བསྟན་པ་དེ་བོད་གངས་ཅན་གྱི་ལྗོངས་སུ་དར་ཅིང་རྒྱས་བར་བྱུང་ཞེས་གསལ་བོར་བཀོད་ཡོད་པ་དང་།  དེ་ནས་དེའི་རྗེས་སུ་ཀུན་གསང་སྔགས་ལ་སྤྱོད་ཅིང་ཀུན་ལྷ་དེ་སངས་རྒྱས་སུ་འགྲུབ་བར་སྙམ་ནས་ལོག་སྤྱོད་མང་པོ་བྱས་པས་གསང་སྔགས་རྡོ་རྗེའི་ཐེག་པའང་ཉམས་དམས་སུ་འགྲོ་བཞིན་པའི་ཚུལ་ཀྱང་བཀོད་པས། དེ་བས་སངས་རྒྱས་ཀྱི་བསྟན་པ་ནི་བཙན་པོ་འུ་དུམ་བཙན་གྱི་བཀས་བསྣུབས་པ་མ་ཡིན་པར་རྗེས་འཇུག་རང་རང་གི་སྤྱོད་ཚུལ་ལེགས་པོར་མ་སོང་བར་བསྟན་པ་ཉམས་སོང་བ་ཡིན་ནམ་སྙམ་ལ། གང་ལྟར་དེའང་བསྟན་པ་“བསྣུབས་” པའི་བར་ཆད་དམ་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་ངེས།
          འདིར་སྐབས་སུ་བབ་པའི་གླེང་གཞི་གཙོ་བོར་གྱུར་པ་ནི་བཙན་པོ་འུ་དུམ་བཙན་གྱིས་སངས་རྒྱས་ཀྱི་བསྟན་པ་བསྣུབས་མིན་ལ་དབྱེ་ཞིབ་ཡིན་གཤིས་བརྗོད་གཞིར་ཞུགས་ན། བཙན་པོ་འུ་དུམ་བཙན་གྱི་སངས་རྒྱས་ཀྱི་བསྟན་པ་བསྣུབས་རྒྱུ་ཕར་བཞོག ཁོང་ཉིད་ཀྱི་སྐུ་དུས་དང་ཁོང་གི་རྗེས་སུ་ད་དུང་སངས་རྒྱས་ཀྱི་བསྟན་པ་བོད་ཁམས་ན་དར་ཞིང་རྒྱས་པར་གསུངས་ཡོད་པས།  ཏུན་ཧོང་ཡིག་ཚགས་འདི་ལ་བློ་བཅོལ་ན་སངས་རྒྱས་ཀྱི་བསྟན་པ་འུ་དུམ་བཙན་གྱིས་བསྣུབས་ཞེས་པའི་སྡོམ་ཚིག་དེ་ཁུངས་ཐུབ་ཡིན་མིན་ལ་དོགས་པ་ཟ་ཆོག་ཆོག་ཏུ་སྣང་།  གཞན་ཡང་། ཏུན་ཧོང་ཡིག་ཚགས་འདི་ལ་ཡིད་མི་ཆེས་བའི་སྒྲུབ་བྱེད་བཙལ་ཀྱང་མ་རྙེད་པས་དོགས་གནད་དྲུག་པའོ།། བདུན་པ། འུ་དུམ་བཙན་གྱི་དབོན་རྒྱུད་ཐེག་ཆེན་ལ་ཞུགས་པ་ལས་འཕྲོས་པའི་དོགས་དཔྱོད།
          བཙན་པོ་འུ་དུམ་བཙན་གྱིས་སངས་རྒྱས་ཀྱི་བསྟན་པ་བསྣུབས་ནས་བོད་མུན་ནག་ཏུ་ཐང་སྡེའི་ལུགས་ལ་ལོ་ལྔ་བཅུ་རྩ་གསུམ། བུ་ལུགས་ལ་བདུན་ཅུ། འབྲོམ་ལུགས་པ་ལོ་དོན་བརྒྱད།  ནེའུ་ཡི་ལུགས་ལ་བརྒྱ་དང་བརྒྱད་སོགས་བཞེད་པར་མ་ཟད། བོན་ལུགས་རིག་གཞུང་དུའང་“ བསམ་ཡས་དང་ར་མོ་ཆེའི་སྒོ་འདག་ཞལ་བྱས། པོ་ཏི་ཕལ་ཆེར་ལྷ་སའི་བྲག་ལ་སྦས་ཏེ་བོད་དུ་ཆོས་ཀྱི་སྒྲ་མེད་པ་ལོ་བདུན་ཅུ་བྱུང་།” 21 བན་བོན་ལུགས་གཉིས་ནས་བཙན་པོ་འུ་དུམ་བཙན་གྱིས་བསྟན་པ་བསྣུབས་པ་དང་དེའི་རྗེས་ཡུན་རིང་བར་དུ་བོད་ན་སངས་རྒྱས་ཀྱི་བསྟན་པ་མེད་པར་གསུངས་མོད། འོན་ཀྱང་། སྔགས་དང་ཕྱག་རྒྱ་མན་ངག་གཏན་ལ་ཕབ་པ་ཞེས་པའི་ཏུན་ཧོང་ཡིག་ཚགས་སུ་ཐེག་པ་ཆེན་པོའི་ཆོས་ལ་སྤྱོད་པ་དང་དབང་ཐོབ་པའི་བཙན་པོ་ཁག་ཅིག་གི་མཚན་བྱང་བཀོད་ཡོད་དེ། དེ་རུ་བཙན་པོ་འུ་དུམ་བཙན་གྱི་ཡར་སྔོན་གྱི་བཙན་པོ་ཁག་ཅིག་བཀོད་ཡོད་པར་མ་ཟད། བཙན་པོ་ཁོང་གི་ཕྱིས་སུ་བྱུང་བའི་རྗེ་བོ་ཁག་ཅིག་ཀྱང་གསལ་ལེར་བཀོད་འདུག ཡིག་ཚགས་དེ་ནི་ཏུན་ཧོང་ཡིག་ཚགས་ཨང་རྟགས་P. T. 849 པ་ཡིན་ལ། ཡིག་ཚགས་དེར་ནང་དོན་ཆ་མང་པོ་འདུས་པ་ལས་ཐིག་ཕྲེང་113 པ་ནས་118པའི་བར་གྱི་ཕྲེང་དྲུག་ནི་ཐེག་པ་ཆེན་པོའི་ཆོས་ལ་མོས་ཤིང་སྤྱོད་པའི་རྗེ་བོའི་མཚན་བྱང་ཡིན་ཏེ། འདིར་ཡོངས་སུ་དྲངས་ན། “བོད་འཕྲུལ་གྀ་རྒྱལ་པོ་དམྱྀག་གསུམ་པ་དང་།། སྲོང་བཙན་སྒམ་པོ་དང་།། བཙན་པོ་ཁྲི་སྲོམ་ལྡེམ་བརྩན་དང་།། བཙན་པོ་ཁྲི་གཙུལ་ལྡེ་བརྩན་།། བཙན་པོ་རལ་པ་ཅན་དང་། དེ་དག་ཐམས་ཅད་ཀྱང་ཐེག་པ་ཆེན་པོའི་ཆོས་སྤྱོད་པ་། བཙན་པོ་ཁྲིས་ཀྱི་ལིང་དང་། སྲས་ཆེ་བ་པལ་བྱིན་མགོན་དང་།། བཀྲ་ཤིས་མགོན་དང་། ལེག་གཙུག་མགོན་དང་།། བཙན་པོ་བཀྲ་ཤིས་རྩགས་པ་དཔལ་དང་།། དཔལ་ལྡེ་དང་།། འོ་ལྡེ་དང་། འཁྲི་ལྡེ་དང་།། བཙན་པོ་བཀྲ་ཤིས་མགོན་པོ་དང་།  ཙན་པོ་ཨ་ཙ་ར་དང་།།  འཁྲི་ལྡེ་མགོན་དང་།།  ལྷ་ཅིག་ཅག་ཤེ་དང་།  དེ་དག་ཐམས་ཅད་ཀྱང་ཐེག་པ་ཆེན་པོའི་དབང་ཐོབ་པ་ཡིན་ནོ།།”
          P. T. 849 པ་ནི་ཡིག་ཚགས་ཤིན་ཏུ་རིང་པོ་ཞིག་ཡིན་ལ།  དེའི་མཇུག་བྱང་དུ་“གླང་གི་ལོ་དཔྱིད་སླ་ར་བ་འི་ཚེས་ཉི་ཤུ་གསུམ་གི་གདུགས་ལ། འབོག་རྡོ་རྗེ་རྒྱལ་པོ་དང་། སྐྱ་ཕུད་ཡང་ཨ་དགེ་དང་། རྣལ་སྦྱོར་སློབས་དཔོན་ལྡེ་ལ། རྡོ་རྗེའི་རྒྱལ་པོའི་དབང་ལུང་རྫོགས་པར་སྩལ།   སྔགས་དང་ཕྱག་རྒྱ་མན་གང་(ངག་)གཏན་ལ་ཕབ་པ་། རྫོགས་།། །།འབྲོ་དཀོན་མཆོག་དཔལ་གིས་བྲིས།།” ཞེས་བཀོད་ཡོད་པས་ཡིག་ཚགས་དེ་ནི་དབང་གི་སྐབས་ཀྱི་ཟིན་བྲིས་ལྟ་བུ་ཡིན་པར་སྣང་།  དེ་ལས་བཙན་པོ་སྲོང་བཙན་སྒམ་པོ་དང་། ཁྲི་སྲོང་ལྡེ་བཙན། ཁྲི་གཙུག་ལྡེ་བརྩན་རལ་པ་ཅན་རྣམས་ནི་ཆོས་རྒྱལ་མེས་དབོན་རྣམ་གསུམ་དུ་གྲགས་པ་ཡིན་པས་དམ་པའི་ཆོས་ལ་སྤྱོད་ཅིང་མོས་པ་ཤེས་སླ། “སྲས་ཆེ་བ་པ་ལ་བྱིན་མགོན་དང་།། བཀྲ་ཤིས་མགོན་དང་། ལེག་གཙུག་མགོན” ཞེས་པ་ནི་དཔལ་འཁོར་བཙན་གྱི་སྲས་སྐྱིད་ལྡེ་ཉི་མ་མགོན་ཀྱི་སྲས་དཔལ་མགོན་དང་། བཀྲ་ཤིས་མགོན།  གཙུག་ལྡེ་མགོན་ཏེ་སྟོད་ཀྱི་མགོན་གསུམ་དུ་གྲགས་པ་ཡིན་ལ། ཆེ་བས་མང་ཡུལ་བཟུང་། འབྲིང་པོས་སྤུ་རང་བཟུང་། ཆུང་ངུས་ཞང་ཞུང་བཟུང་བས་སྟོད་མངའ་རིས་སྐོར་གསུམ་དུ་གྲགས་པར་ཡིག་ཚང་མང་པོར་གསལ། དེ་བས་བཙན་པོ་ཁྲིས་ཀྱི་ལིང་ཞེས་པ་ནི་མགོན་གསུམ་གྱི་ཡབ་སྐྱིད་ལྡེ་ཉི་མ་མགོན་ལ་གོ་བ་རིགས་པས་དཔྱད་ན་ཤེས་མོད། | རྒྱུ་མཚན་ཅིའི་ཕྱིར་དེ་ལྟར་བྲིས་པར་གསལ་བཤད་བྱེད་དཀའ། ཡང་“བཙན་པོ་བཀྲ་ཤིས་རྩགས་པ་དཔལ་དང་།། དཔལ་ལྡེ་དང་།། འོ་ལྡེ་དང་། འཁྲི་ལྡེ”ཞེས་པ་ནི་དཔལ་འཁོར་བཙན་གྱི་སྲས་བཀྲ་ཤིས་བརྩེགས་པ་དཔལ་དང་ཁོང་གི་རིགས་སྲས་དཔལ་ལྡེ་དང་། འོད་ལྡེ།   སྐྱིད་ལྡེ་སྟེ་ལྡེ་གསུམ་དུ་གྲགས་པ་དེ་ཡིན།  ལྡེ་གསུམ་ནི་“དབུས་གཙང་རུ་བཞིའི་བཙན་པོའོ”22 ཞེས་ལྡེའུ་ཆོས་འབྱུང་དུ་གསལ། དེ་ལྟར་ན། ཁྲི་འོད་སྲུང་བཙན་ནི་དམ་པའི་ཆོས་ལ་མོས་བ་ཏུན་ཧོང་ཡིག་ཚགས་P. T. 230 དང་P. T. 840སོགས་སུ་གསལ་བ་དང་། དེའི་སྲས་དཔལ་འཁོར་བཙན་དང་འབྲེལ་བ་ཏུན་ཧོང་ཡིག་ཚགས་ལས་ད་དུང་མ་མཐོང་ཡང་“ཉང་སྨད། སྒྲོལ་བུའི་སྨད་ལུང་ལ་སོགས། གཙུག་ལག་ཁང་བརྒྱད་བཞེངས།” 23ཞེས་གྲགས།  དེའི་སྲས་གཉིས་དང་དབོན་དྲུག་པོ་ཀྱང་ཐེག་པ་ཆེན་པོའི་དབང་ཐོབ་ཤ་སྟག་ཏུ་སྣང་བས། ཁོང་རྣམས་ཀྱི་སྐུ་དུས་སུ་སངས་རྒྱས་ཀྱི་བསྟན་པ་བོད་ན་མ་ཉམས་པར་ཡོད་པ་གསལ་བཤད་བྱས་ཡོད། དེ་བས་བསྟན་པ་ཕྱི་དར་གྱི་དབུ་ཚ་ལ་ན་ཡེ་ཤེས་རྒྱལ་མཚན་གྱི་སྐབས་བརྙེས་པར་བརྗོད་ན། ཚ་ལ་ན་ནི་ཡུམ་བརྟན་ནས་མི་རབས་ལྔ་བ་(ཡུམ་བརྟན་གྱི་སྲས་ཁྲི་ལྡེ་མགོན་སྙན།  དེའི་སྲས་ཉི་འོད་དཔལ་མགོན། དེའི་སྲས་མགོན་སྤྱོད།  དེའི་སྲས་ཚ་ལ་ན་ཡེ་ཤེས་རྒྱལ་མཚན།)ཡིན་པ་དང་།  གོང་དུ་བྱུང་བའི་སྐྱིད་སྡེ་ཉི་མ་མགོན་ཡབ་སྲས་ནི་འོད་སྲུང་ནས་མི་རབས་གསུམ་པ་དང་བཞི་བ་ཡིན་པས་ཀླུ་མེས་སོགས་བོད་དབུས་སུ་མ་བྱོན་པའི་ཡར་སྔོན་དུ་བོད་ན་བསྟན་པ་ཡོད་པར་མ་ཟད་ཐེག་པ་ཆེན་པའི་བསྟན་པ་ཡོད་པར་ཁས་མི་ལེན་ཐབས་མེད་དུ་གྱུར།  རྒྱུ་མཚན་དེའི་ཕྱིར་ཡིག་ཚགས་འདིའི་དགོངས་པ་དང་བཙན་པོ་འུ་དུམ་བཙན་གྱིས་བསྟན་པ་བསྣུབས་པ་གཉིས་ལྟ་བ་ལྟག་སྤྲོད་དུ་གྱུར་པས་དོགས་གནད་བདུན་པར་བགྲངས་པ་ཡིན།
བརྒྱད་པ།   བསྟན་བསྣུབས་རྗེས་སུ་མདོ་སྨད་ན་འདུལ་བ་ཡོད་པ་ལས་འཕྲོས་པའི་དོགས་དཔྱོད།
          སྤྱིར་བཏང་ལོ་རྒྱུས་མང་པོའི་བཞེད་སྲོལ་ཏུ་བཙན་པོ་འུ་དུམ་བཙན་གྱིས་སངས་རྒྱས་ཀྱི་བསྟན་པ་བསྣུབས་པའི་དུས་སུ། མཁས་པ་མི་གསུམ་གྱིས་འདུལ་བའི་པོ་ཏི། དྲེའུ་ཁལ་རྒྱབ་གཅིག་བཀལ་ནས། མངའ་རིས་ལ་བྲོས།  གར་ལོག་ལ་ཕྱིན།  ལོ་ཙཱ་མེད་པས་འགྲོ་དོན་མ་བྱུང་བས་ཧོར་ཡུལ་བསྐོར་ནས། མདོ་སྨད་ཨན་ཆུང་རྣམ་རྫོང་དང་དན་ཏིག་ཤེལ་གྱི་ལྷ་ཁང་དུ་སླེབས།  དེས་ཀྱང་བསྟན་པ་བསྣུབས་པས་“ཡུལ་དེའི་མི་རྣམས་ཀྱིས་མཐོང་བས་ཨ་པ་ལ།  རྒྱལ་པོ་སྡིག་ཅན་གྱི་ཁྲིམས་ཀྱི་མ་ཕོག་པའི་བཙུན་པའང་འདི་ན་གདའ་ཟེར་བ་ཐོས་ནས་སྐྲག་སྟེ་དེའི་ནགས་ཁྲོད་དུ་བྲོས་ཕེབས་ནས་འཚོ་བ་མེད་པ་བསྙུན་ཏེ་བཞུགས་པ་ལ་དགེ་བསྙེན་མ་གཅིག་གིས་འཚོ་བ་བག་རེ་བཏེགས།   དེའི་དུས་སུ་ཁོང་གསུམ་དང་བླ་ཆེན་དགོངས་པ་རལ་གསལ་མཇལ་སྟེ་དེ་ལ་བརྟེན་ནས་དབུས་གཙང་དུ་འདུལ་བའི་བསྟན་པ་མི་ནུབ་པའི་ས་བོན་དེ་བསྐྱེད་བསྲིངས་ཐུབ་པ་ཡིན།” 24ཞེས་བཙན་པོ་འུ་དུམ་བཙན་གྱི་དུས་སུ་མདོ་སྨད་ཀྱི་བསྟན་པ་ཀྱང་བསྣུབས་ཟིན་པ་ལྟ་བུར་ཆོས་འབྱུང་མང་པོར་གསུངས་ཡོད་མོད། འོན་ཀྱང་ཏུན་ཧོང་ཡིག་ཚགས་ལས་P. T. 996དུ་མདོ་སྨད་ཁྲི་ཀར་བཞུགས་པའི་དགེ་བའི་བཤེས་གཉེན་ཆེན་པོ་གཉིས་ཀྱི་ལོ་རྒྱུས་བཀོད་ཡོད་པར་གཞིགས་ན་མདོ་སྨད་ཀྱི་བསྟན་པར་ཆག་འཇིགས་མ་བྱུང་བར་ཁྲི་ག་མོང་ཡོག་མདའ་དང་ཨན་ཆུང་ན་དགེ་སློང་མང་དག་བཞུགས་པའི་གནས་ཚུལ་བཀོད་ཡོད་དེ། དེ་ཡང་ཅུང་ཟད་ཞིབ་ཏུ་གླེང་ན། ཡིག་ཚགས་དེར་ཚིག་དགེ་སློང་ཚིག་ཙ་ནམ་ཀའི་སྙིང་པོ་དང་དེའི་བུ་སློབ་དགེ་སློང་སྤུག་ཡེ་ཤེས་དབྱངས་གཉིས་ཀྱི་རྣམ་ཐར་མདོར་བསྡུས་སུ་བཀོད་འདུག དེ་ལས་དགེ་སློང་ཚིག་ཙ་ནམ་ཀའི་སྙིང་པོ་ནི་རྒྱའི་ཧྭ་ཤང་མན་ལགས་ཀྱི་སློབ་མ་ཡིན་ལ།  ཁོང་ནི་“བཙན་པོ་ཁྲི་སྲོང་ལྡེ་བརྩན་གྀ་སྐུ་རྀང་ལ་། རབ་དུ་བྱུང་ནས་དགོན་སར་དམ་བཅས་པ་དང་། བསོད་སྙོམས་སྤྱོད་པ་ལ་སྩོགས་པ། དབྱངས་བའྀ་ཡོན་ཏན་གྀ་ཆོས་ཡྀ་དམ་དུ་བླངས།”  དེ་ནས་རྒྱ་གར་དང་རྒྱ་ནག བོད་རང་གི་དགེ་བའི་བཤེས་གཉེན་མང་པོའི་ཞབས་ལ་གཏུགས་པ་དང་། ཁྱད་པར་དུ་“བསམ་གཏན་གྀ་མཁན་པོ་མན་ཧྭ་ཤང་ལས།  ཐེག་པ་ཆེན་པོའི་དོན་ལ་ཅྀག་ཅར་འཇུག་པའྀ་མན་ངག་མནོས་ཏེ། བསྒོམས་པ་ལས། ཆོས་ཀྱྀ་དོན་གོ་ནས་། ལུང་ཐུབ་སྟེ། ཧྭ་ཤང་གྀས་སྨྲས་པ།  ཕ་སེང་གེ་ལས་བུ་ཝ་ལྟ་བུ་བྱུང་བ་ནྀ།  བེའུ་སྀང་ཧྭ་ཤང་ལྟ་བུའྀ་སློབས་དཔོན་ལས་། ང་འདྲ་བའྀ་སློབ་མ་བྱུང་བ་ཡྀན་ནོ།།  ཕ་ཝ་ལས་བུ་སེང་གེ་བྱུང་བ་ནྀ།  ང་འདྲ་བའྀ་སློབས་དཔོན་ལས་། ཁྱོད་འདྲ་བའྀ་སློབ་མ་བྱུང་ངོ་ཞེས་ཤྀན་དུ་བསྔགས་སོ།”ཞེས་པ་ལྟར་མན་ཧྭ་ཤང་གི་གདམ་ངག་ཡོངས་སུ་བླངས།  དེ་ནས་མན་ཧྭ་ཤང་ཕྱིར་རྒྱ་ནག་ཏུ་ཕེབས་ཁར་“བདེ་བློན་ཞང་ཁྲྀ་སུམ་རྗེ་མར་བུས་ཧྭ་ཤང་ལ་བཤོས་གསོལ། ཡོན་ཕུལ་ནས་གསོལ་པ་། ཧྭ་ཤང་གཤེགས་པའྀ་སླད་ན། ཆོས་ལམ་སྟོན་ནུས་པ་སུ་མཆྀས་།  སྨྲས་དཔའ། བདག་གྀ་སློབ་མ་ཚྀག་ཙ་ནམ་ཀ་ཆོས་ཀྱི་དོན་རིག་སྟེ། ལམ་སྟོན་ནུས་ཀྱྀས་ཆོས་ལམ་སྤྱོད་པ་རྣམས་ཀྱྀ་དེར་དྲིས་ཤིག”ཅེས་གསུངས་ནས་རྒྱ་ནག་ཏུ་ཕེབས། དེ་ནས་བཟུང་ཚིག་ཙ་ནམ་མཁའི་སྙིང་པོའི་མདོ་སྨད་ཀྱི་སློབ་མ་བསྐྱངས་པ་དང་། མཐར་དགུང་ལོ་“བདུན་ཅུ་རྩ་གཅྀག་སྟེ།  ཁྱྀ་འྀ་ལོའི་དཕྱིད་སླ་ར་བ་ཚེས་ཉྀ་ཤུ་དགུ་ལ་”ཞི་བར་གཤེགས། ཁོང་གི་རྣམ་ཐར་འདི་གཞིར་བཟུང་ན་ཁོང་ཉིད་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་སུ་རབ་ཏུ་བྱུང་ཞེས་པ་ལས་བསམ་ཡས་ཆོས་རྩོད་སོགས་སུ་ཞུགས་ཚུལ་གསུངས་མེད་པར་བརྟག་ན། སྐབས་དེར་སྐུ་ན་ཆུང་བར་བསམ། དེ་ནས་ཞང་ཁྲི་སུམ་རྗེ་དང་ཞལ་མཇལ་ནས་སློབ་བུ་སྐྱོང་བའི་སྐབས་ནི་སྐུ་ན་ཡོལ་བཞིན་པའི་སྐབས་ཡིན་པར་བྱས་ན།  ཁོང་གི་གཤེགས་ལོ་ཁྱིའི་དེ་ནི་སྤྱི་ལོ་830འམ་842 ཡང་ན་854 བཅས་གསུམ་ལས་གཅིག་ལ་འཁེལ་དགོས། སྤྱི་ལོ་830སྟེ་ལྕགས་ཁྱི་ལ་འཁེལ་བར་བྱས་ན་འཁྲུངས་ལོ་ནི་760 ལྕགས་བྱི་ལ་འཁེལ་ལ་སྐབས་དེར་བསམ་ཡས་མ་འགྲུབ་པ་དང་སད་མི་བདུན་རབ་ཏུ་མ་བྱུང་བས། བོད་ཁུལ་དུ་དགེ་འདུན་གྱི་ཁོར་ཡུག་དང་ཤུགས་རྐྱེན་ཆེན་པོ་མེད་པར་སྣང་བས་ཅུང་ཙམ་སྔ་བར་འདོད། གཤེགས་ལོ་842སྟེ་ཆུ་ཁྱི་ཡིན་པར་བྱས་ན། འཁྲུངས་ལོ་772ཆུ་བྱི་ལ་བབས་པས། དགུང་ལོ་བདུན་བརྒྱད་བཞེས་དུས་རབ་ཏུ་བྱུང་བར་གླེང་ན་སྐབས་དེར་དགེ་འདུན་གྱི་ཐོག་མར་དར་ནས་ཡུན་རིང་མ་འགོར་བ་དང་བཙན་པོའི་རབ་ཏུ་བྱུང་བར་སྐུལ་འདེད་ཀྱི་སྒང་ལ་འཁེལ་བ་འོས་ཤིང་འགྲིག་སྙམ། ཡང་གཤེགས་ལོ་854 སྟེ་ཤིང་ཁྱི་ཡིན་པར་བྱས་ན། འཁྲུངས་ལོ་784ཤིང་བྱིར་བབ་པས་དེ་ནས་བྱིས་པའི་དུས་སུ་རབ་ཏུ་བྱུང་བར་བྱས་ནའང་འགལ་བ་མེད་པར་གྱུར། འདིར་ནི་རིགས་པ་ལ་བརྟེན་པ་ཡིན་ཕྱིར་གཤེགས་ལོ་རིགས་གསུམ་ལས་བར་བ་དཀྱིལ་ཏུ་བཟུང་ན། སྤྱི་ལོ་842ལོ་སྟེ་བཙན་པོ་དར་མས་བསྟན་པ་བསྣུབས་པར་གྲགས་པའི་ལྕགས་བྱ་ལོ་དེའི་ཕྱི་ལོར་ཚིག་ཙ་ནམ་ཀའི་སྙིང་པོ་མདོ་སྨད་ནས་གཤེགས་པས།  སྐབས་དེར་ཁོང་དང་ཁོང་གི་སློབ་བུ་མང་པོར་བཙན་པོའི་“བསྟན་བསྣུབས་”ཀྱི་ཉེས་སྐྱོན་མ་ཕོག་པར་འདྲ།
          ཡིག་ཚགས་འདིར་བཀོད་པའི་དགེ་བའི་བཤེས་གཉེན་གཞན་ཞིག་ཡོད་པ་དེ་ནི་ཙིག་ཙ་ནམ་ཀའི་སྙིང་པོའི་སློབ་མ་སྤུག་ཡེ་ཤེས་དབྱངས་ཀྱི་རྣམ་ཐར་མདོར་བསྡུས་ཡིན་ལ། “དགེ་སློང་སྤུག་ཡེ་ཤེས་དབྱངས་དང་པོ།  རྒྱལ་པོ་མྱེས་ཀྱྀ་ང་ལ་རབ་ཏུ་བྱུང་ནས།  ཆོས་གྲར་ཆོས་བསླབས་ཏེ།”ཞེས་བཀོད་པ་ལས་རྒྱལ་པོ་མྱེས་ནི་བཙན་པོ་སུ་ཡིན་གསལ་བོར་གསུངས་མེད་པས་ཡུན་གྱིས་དཔྱད་ཆོག དེ་ནས་ཁོང་ཉིད་སྐུ་གཤེགས་ཚུལ་གདུང་བ་སྐྱེལ་ཚུལ་བརྗོད་དུས། “སྤུག་ཡེ་ཤེས་དབྱངས་ལོ་བརྒྱད་ཅུ་ལོན་ཏེ།  རྟ་འྀ་ལོའི་སྟོན་སླ་ར་བ་ཚེས་བརྒྱད་ལ།  ཁྲྀ་ག་མོང་ཡོག་མདའ་ན། ཚྀག་ཙ་ནམ་ཀའྀ་སྙིང་པོའྀ་དབེན་སར་། སྔ་དྲོ་མ་ཡོས་བཞྀན་དུ་ཚེ་འདས་ཏེ། སླད་ཀྱྀས་སློབ་མ་རྣམས་ཀྱྀས་ང་ཙེའི་གཙུག་ལག་ཁང་དུ་བསོད་ནམས་བགྱྀས་ནས། སྤྲུར་(སྤུར་)ཨན་ཅུང་དབེན་སར་འཁོར་དུ་ཡུལ་མྱྀ་རྣམས་ཀྱྀས་པན་གདུགས་ཀྱྀས་དྲངས་ཏེ་བསྐྱལ་བའྀ་ཚེ།  ཁྲྀ་ག་མཁར་གོང་དུ་།  སྟེང་གྀ་ནམ་ཀ་ལ་སྤྲིན་མཚོན་སྔ་(སྣ་)ལྔ་བྱུང་བ་ཡང་། ཡུལ་མྱྀ་དང་ཕྱུགས་རྫི་ཐམས་ཅན་(ཅད་) ཀྱྀས་མཐོང་། ཨན་ཅུང་འཁོར་དུ་སྤུར་སྐྱེལ་བ། དགེ་སློང་འབྲོ་ཤག་ཀྱ་ལས་སྩོགས་པས་བསྐྱལ་”ཅེས་པར་བརྟག་ན། ཐོག་མར་ཁོང་ཉིད་ཀྱི་གཤེགས་ལོའི་རྟ་དེ་སྤྱི་ལོ་གང་ལ་བབ་པར་དཔྱད་ཞིབ་བྱེད་དགོས་ལ། ཁོང་ཉིད་ཀྱི་གཤེགས་གནས་ནི་ཚིག་ཙ་ནམ་མཁའི་སྙིང་པོའི་གདན་ས་ཡིན་པས་ཚིག་ཙ་དགེ་སློང་གི་རྗེས་སུ་གཤེགས་པ་ཤིན་ཏུ་གསལ། དེ་བས་གཤེགས་ལོ་དེ་སྤྱི་ལོ་850 སྟེ་ལྕགས་རྟའམ་ཡང་862སྟེ་ཆུ་རྟ་འབབ་སྲིད། ཡང་ན་དེའི་རྗེས་ཀྱི་874 སྟེ་ཤིང་རྟ་ཡིན་ཀྱང་སྲིད་ལ།  ད་དུང་དེ་ལས་ཕྱི་ནའང་འགལ་བ་མེད། གང་ལྟར་ལོ་འདི་དག་ནི་ཁྲི་འོད་སྲུང་བཙན་གྱི་སྐབས་སུ་འཁེལ་ཡོད་པས། གོང་དུ་རྒྱལ་པོ་མྱེས་ཀྱི་སྐུ་རིང་དུ་རབ་ཏུ་བྱུང་ཞེས་པ་ནི་འོད་སྲུང་གི་མྱེས་པོ་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐབས་སུ་རབ་ཏུ་བྱུང་བར་མངོན།
          གཞན་ཡང་། ཡིག་ཚགས་འདི་ལས་ད་དུང་ཆ་འཕྲིན་གལ་ཆེན་གསུམ་ཤེས་ཐུབ་སྟེ། གཅིག་ཏུ་སྤུག་ཡེ་ཤེས་དབྱངས་ཁོང་ཉིད་ཁྲི་གའི་མོང་ཡོག་ཁོ་ནར་བཞུགས་པ་མ་ཡིན་པར། ཨན་ཅུང་སོགས་མདོ་ཁམས་ཀྱི་བསྟན་པ་སྤེལ་བའི་གནས་གཙོ་བོ་དག་ལ་འབྲེལ་འདྲིས་བྱེད་བཞིན་པ་དང་། ཁྱད་པར་དང་ཨན་ཅུང་དང་འབྲེལ་འདྲིས་ཟབ་པ་གསལ་བཤད་བྱས་ཡོད། དེ་ལྟར་མིན་ན་སྤུར་ཨན་ཅུང་ལ་གདན་འདྲེན་གྱི་དགོས་མཁོ་གང་ནས་མཆིས། གཉིས་སུ། “སླད་ཀྱྀས་སློབ་མ་རྣམས་ཀྱྀས་”ཞེས་པ་དང་“ཨན་ཅུང་འཁོར་དུ་སྤུར་སྐྱེལ་བ།  དགེ་སློང་འབྲོ་ཤག་ཀྱ་ལས་སྩོགས་པས་”ཞེས་པའི་ཚིག་ཟིན་ལས་ཁོང་ཉིད་ལ་མདོ་ཁམས་ནས་གདུལ་བྱ་ཤིན་ཏུ་རྒྱས་པས་སློབ་བུ་མང་པོ་ཡོད་པ་དང་སྐབས་དེར་གདུང་གདན་འདྲེན་གྱི་ལས་སུ་དགེ་སློང་རྣམས་ཞུགས་ཡོད་པ་ཤེས་ཐུབ། གསུམ་དུ་མདོ་སྨད་ཨན་ཅུང་ཁོ་ནར་མ་ཟད་ཁྲི་གར་ང་ཙེའི་གཙུག་ལག་ཁང་ཞེས་དགེ་འདུན་པའི་འདུས་སྡེ་ཞིག་ཡོད་པ་གསལ་བཤད་བྱས་ཡོད།
          གོང་བརྗོད་རྒྱུ་མཚན་དེ་དག་གིས་དབང་གིས། མདོ་སྨད་ཀྱི་བསྟན་པའང་ཁྲི་འོད་སྲུང་བཙན་གྱི་སྐབས་དུ་སྤེལ་དང་སྤེལ་བཞིན་དུ་མཆིས་པར་མ་ཟད། ཁྲི་ག་དང་ཨན་ཅུང་སྟེ་ཨ་ཆུང་གནམ་རྫོང་དུ་དགེ་བའི་བཤེས་གཉེན་གྱི་བརྒྱུད་དང་དགེ་འདུན་དགེ་སློང་གི་བརྒྱུད་སྔར་ལྟར་ཡོད་པས། མཁས་པ་མི་གསུམ་མཐོང་ན་ཡ་མཚན་སྐྱེས་པ་དང་ནགས་ལ་ཡིབ་ནས་བཞུགས་པའི་དགོས་པ་མ་མཆིས་པར་འདོད་པས། མདོ་ཁམས་སུ་བསྟན་པ་བསྣུབས་མིན་གྱི་དོགས་གནད་འདི་གལ་ཆེ་བར་འདོད་ནས་བརྒྱད་པར་བགྲངས་བ་ཡིན།
དགུ་བ།    གསང་སྔགས་བརྒྱུད་པའི་བླ་རབས་ནས་འཕྲོས་པའི་དོགས་དཔྱོད།
          རང་རེའི་ཆོས་འབྱུང་དང་རྣམ་ཐར་སོགས་ལོ་རྒྱུས་དང་འབྲེལ་བའི་བསྟན་བཅོས་མང་པོར་བཙན་པོ་འུ་དུམ་བཙན་གྱིས་ཆོས་བསྣུབས་པའི་ནག་ཉེས་བརྗོད་དུས་བསྟན་པ་ཡོངས་སུ་བསྣུབས་ཏེ་བསྟན་པའི་མིང་ཙམ་མེད་པར་ཡུན་རིང་འགོར་ཞེས་གསུངས་ཡོད་པ་དང་། དེ་ནས་གསང་སྔགས་ཀྱི་བསྟན་པའི་རབས་བརྗོད་པའི་སྐབས་སུ་“ར་ས། བསམ་ཡས། ར་མོ་ཆེ་རྣམས་ཀྱི་གཙུག་ལག་ཁང་གི་སྒོ་ལ་ཞལ་བ་བྱས།  རྒྱལ་པོ་དགྱེས་སུ་རེ་ནས་བཙུན་པ་ཆང་འཐུང་བ་སོགས་ཀྱི་གཟུགས་བརྙན་བྲིས། འོན་ཀྱང་ཁྱིམ་པ་གོས་དཀར་གྱི་རྟེན་ལ་གསང་སྔགས་སྒྲུབ་པ་དག་ནི་ནང་གི་དེ་ཉིད་རྒྱལ་བློན་གྱིས་མ་རྟོགས་ཤིང་།  རབ་བྱུང་གི་རྟགས་མེད་པས་གནོད་པ་མ་བྱུང་བ་དཔག་མེད་ཡོད་པས། ཀུན་མཁྱེན་ཡེ་བཟང་རྩེ་བའི་ཞལ་ནས། དེ་ལྟར་འདུལ་བའི་བསྟན་པ་ལ་འཕེལ་འགྲིབ་བྱུང་མོད་ཀྱི།  ཐེག་པ་ཆེན་པོ་གསང་སྔགས་ནི་དེང་སང་གི་བར་དུ་ནུབ་མ་མྱོང་ལ་ཞེས་གསུངས་པ་ཡང་འདི་ལ་དགོངས་སོ།།” 25ཞེས་གསང་སྔགས་ཉམས་སུ་ལེན་མཁན་ཐམས་ཅད་མཐའ་ཅིག་ཏུ་ཁྱིམ་པ་ཡིན་པར་དགོངས་ནས་འགོས་ལོས་གསུངས་པའི་གསང་སྔགས་བསྣུབ་མ་མྱོང་བར་བཞེད་པ་ལ་རྒྱབ་རྟེན་བཙལ་བའམ། ཡང་ན་“སྔགས་པ་ཕལ་ཆེར་ཡང་སྒྲུབ་ཐབས་འཆད་པ་དང་སྒོམ་པ་མེད་པར་བོན་པོའི་ཆོ་ག་ལ་མིག་ལྟོས་བྱས་ཏེ་སྒྲུབ། གཞུང་ངག་འདོན་དུ་གྱེར་ནས་གྲོང་ཆོག་འགྲིམ། སྦྱོར་དགྲོལ་དང་བམ་སྒྲུབ་དར་བས་མི་ལ་གནོད་དགྲོལ་བྱེད་པ་ཅིག་བྱུང་།”26  ཞེས་སྔགས་ཀྱི་སྒྲུབ་བརྒྱུད་ཀྱང་ཆད་པར་བཞེད་པ་ཡོད་མོད།  འོན་ཀྱང་ལོ་རྒྱུས་ཀྱི་དེབ་ཐེར་མང་པོར་ཞིབ་ཏུ་མཇལ་ཞིང་གུང་བསྒྲིགས་ན་སྔགས་ཀྱི་གདམས་ངག་ཟབ་མོ་ཆུ་བོའི་རྒྱུན་ལ་ཉམས་པ་མེད་པར་གནས་པར་མཐོང་། སྔ་འགྱུར་རྡོ་རྗེ་ཐེག་པའི་མདོ་སྒྱུ་སེམས་གསུམ་གྱི་ཆུ་བོའི་མགོ་ཁུངས་ནི་སློབ་དཔོན་པདྨ་སཾ་བྷ་ཝ་དང་བི་མ་ལ་སོགས་རྒྱ་གར་མཁས་པར་གཏུགས་པ་ཡིན་ལ། བོད་དུ་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་བརྒྱུད་པའི་བདག་པོ་ནི་གཉགས་ཛྙཱ་ན་ཀུ་མཱ་ར་དང་།  དེའི་དཔལ་གྱི་བུ་བརྒྱད། དེ་ནས་གནུབས་ཆེན་སངས་རྒྱས་ཡེ་ཤེས། དེ་ནས་ཁུ་ལུང་ཡོན་ཏན་རྒྱ་མཚོ།  དེ་ནས་ཉང་ཤེས་རབ་མཆོག དེ་ནས་ཉང་ཡེ་ཤེས་འབྱུང་གནས། དེ་ནས་ཟུར་པོ་ཆེ་ཤཱཀྱ་འབྱུང་གནས་སོགས་སུ་བརྒྱུད་པར་ཆོས་འབྱུང་ཀུན་ངག་མཐུན།
          དེས་ན། “ སློབ་དཔོན་གཉགས་ཛྙཱ་ན་ཀུ་མཱ་ར་ནི། ཡུལ་ཡར་ཀླུངས་ཤེས་པའམ་འཕྱོས། རུས་ལས་མིང་དུ་ཆགས་པ་གཉགས་སྟག་སྒྲ་ལྷ་སྣང་། སྲུ་བཟའ་སྒྲོན་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།  མགྲིན་པ་ན་སྨེ་བ་རྡོ་རྗེ་རྒྱ་གྲམ་ལྟ་བུ་ཡོད། མཚན་རྒྱལ་བའི་བློ་གྲོས་སུ་བཏགས། མཁན་པོ་བོ་དྷེ་ས་ཏྭ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། མདོ་སྔགས་ཀྱི་ཆོས་མང་པོའི་འགྱུར་བྱེད་སྤོབས་པ་བསམ་གྱིས་མི་ཁྱབ། སློབ་དཔོན་ཆེན་པོ་པདྨ་དང་། བི་མ་ལ་དང་།  བེེ་རོ་དང་།  གཡུ་སྒྲ་སྙིང་པོ་རྣམས་ལ་བསྟེན་པའི་བཀའི་ཆུ་བོ་བཞི་འདུས་པ་ཡིན་ཏེ། དཀྱུས་བཤད་གཞུང་གི་ཆུ་བོ་འགྲེལ་ཊིག་སྟོང་ཐུན་དང་བཅས་པ། སྙན་བརྒྱུད་གདམས་ངག་གི་ཆུ་བོ་གནད་ཡིག་དམར་ཁྲིད་དང་བཅས་པ། བྱིན་རླབས་དབང་གི་ཆུ་བོ་སྐུར་ཐབས་ངོ་སྤྲོད་དང་བཅས་པ། ཕྱག་བཞེས་ཕྲིན་སྒྲུབ་ཀྱི་ཆུ་བོ་བསྟན་སྲུང་དྲག་སྔགས་དང་བཅས་པའོ།།”27ཞེས་གསུངས་པ་བཞིན་སྔ་འགྱུར་རྡོ་རྗེ་ཐེག་པའི་མདོ་སྒྱུ་སེམས་གསུམ་ཐུན་མོང་གི་བསྟན་པའི་བདག་པོར་གྱུར། “དེ་ལ་སློབ་མའི་གཙོ་བོ་ནི་ཕུར་བ་མཁན་པོ་དག་དཔལ་བརྒྱད་དུ་འདྲེན་པར་བྱེད་དེ། སོག་པོ་དཔལ་གྱི་ཡེ་ཤེས། འོ་བྲན་དཔལ་གྱི་གཞོན་ནུ། གཉན་ཆེན་དཔལ་དབྱངས། ཐག་བཟང་དཔལ་གྱི་རྡོ་རྗེ་སྟེ་དཔལ་སྔ་མ་བཞི་དང་།  ལམ་མཆོག་དཔལ་གྱི་རྡོ་རྗེ།  དར་རྗེ་དཔལ་གྱི་གྲགས་པ།  གྲ་དཔལ་གྱི་སྙིང་པོ།  ལྷ་ལུང་དཔལ་གྱི་རྡོ་རྗེ་སྟེ་དཔལ་ཕྱི་མ་བཞི་བཅས་དཔལ་གྱི་བུ་བརྒྱད་དང་། ཨུ་པ་དོ་གསལ། དགྱེ་འཕགས་པ་ཤེས་རབ། བྷུ་སུ་ཀུ་མཆོག་རྣམས་ཏེ། དབོན་བརྒྱུད་རྣམས་ལས་ཀྱང་ཕྲིན་ལས་རྒྱ་ཆེར་བྱུང་ངོ་།།”28 བྲན་ཀ་དཔལ་གྱི་ཡོན་ཏན་ཀྱང་ཁོང་གི་སློབ་བུ་ཡིན་པར་ཉང་ཉི་མ་འོད་ཟེར་29གྱིས་གསུངས། གཉགས་དང་སྲོག་པོ་དཔལ་གྱི་ཡེ་ཤེས་ཡབ་སྲས་ཀྱི་ཐུགས་སྲས་དམ་པ་གནུབས་སངས་རྒྱས་ཡེ་ཤེས།  རུས་སུ་གྱུར་བའི་གནུབས་ལ་སྣུབས་འབྲི་བའང་ཡོད།
          གནུབས་སངས་རྒྱས་ཡེ་ཤེས་བྱོན་ཚུལ་ལ་ལྡེའུ་ཆོས་འབྱུང་དུ་གསལ་བོ་བཀོད་ཡོད་དེ། “སྣུབས་སངས་རྒྱས་རིན་པོ་ཆེ་དེ་ཡང་སྒྲགས་ཀྱི་ཆོས་འདས་ན། ཕ་སྣུབས་ནི་གུ། ཡུམ་ཡོ་ཟ་ལྕམ་མེ། བུ་ཁྲི་སུམ་རྡོ་རྗེ། ཆོས་བྱས་པའི་མཚན་སངས་རྒྱས་ཡེ་ཤེས་རིན་པོ་ཆེའོ།། དེའི་རྩ་བའི་བླ་མ་སོག་པོ་དཔལ་གྱི་ཡེ་ཤེས་ཡིན་ཏེ། དེས་ཀྱང་མ་ཚིམས་ནས། སྙག་ཛྙ་ན་ཀུ་མ་ར་ཉིད་ལ་ཐུག་གོ །དེས་ཀྱང་མ་ཚིམས་ནས་ལོ་ངོ་ལྔ་བཅུ་ང་བཞི་ལོན་ནས། བལ་པོ་བ་སུ་ཏ་ར་ལ་ཞུས་པས། བལ་པོ་བ་སུ་ཏ་རའི་ཞལ་ནས།   རྒྱ་གར་ན་ཨ་ཙ་ར་གསལ་ལེ་བྱ་བ་ལོ་དྲུག་བརྒྱ་ལོན་པ་གཅིག་ཡོད། དེར་སོང་ལ་ཆོས་ཞུས་གསུངས་ནས། རྒྱ་གར་དུ་བྱོན་ནས་མཁས་པ་བཅུའི་ཞལ་འགྲིམས།  རོམ་པོ་གུ་ཡ་ལ་ངན་སྔགས་ཞུས། ལར་རྒྱ་དང་བལ་པོར་ལན་བདུན་ཕྱིན། ལན་དྲུག་དམ་ཆོས་བཙལ་ནས། ལན་གཅིག་ཞུ་ཐིག་བྱས་སོ།  དེ་ནས་རྒྱགར་ཆོས་སྐྱོང་བའི་རྒྱལ་པོ་བྲུ་ཤར་གཤེགས་པ་ཐོས་ནས།  བྲུ་ཤར་བྱོན་པས་ཡུལ་དེར་ཆོས་སྲིད་བྱེད་པ་དང་མཇལ་ནས།  ལོ་ཙཱ་བ་ཆེ་རྩན་སྐྱེས་ཀྱི་ཞལ་མཐོང་སྐད།   གསུང་ཡང་ཐོས་ནས་བྲུ་ཤ་ནས་དགོངས་འདུས་བསྒྱུར་ནས་བོད་དུ་སྤྱན་དྲངས། སྨན་དང་སྒྲུབ་ཡིག་དང་ངན་སྔགས་མཐུ་དྲག་པ་བསྩལ་ནས་བསྒྱུར་རོ།  །གསང་སྔགས་བབས་ལུགས་སམ་འགྱུར་བཅུ་པའོ”30 ཞེས་གནུབས་རིན་པོ་ཆེ་བྱོན་ཚུལ་དང་ཁོང་གིས་རྡོ་རྗེ་ཐེག་པ་བསྒྱུར་ཚུལ་གསལ་བོར་གསུངས་ལ།  ཁྱད་པར་དུ་ཟབ་མོ་སྔགས་ལ་བབས་ལུགས་སམ་འགྱུར་ཚན་བཅུ་ཡོད་པ་ལས་དྲུག་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་དུ་བསྒྱུར་བ་དང་།  བཞི་སྲས་དང་དབོན་གྱི་རིང་ལ་བསྒྱུར་པར་གསུངས། ཕྱི་མ་བཞི་ལས་ཁྲི་ལྡེ་སྲོང་བཙན་གྱི་སྐུ་རིང་དུ་རྒྱ་གར་མཁས་པ་པྲཛྙ་བར་མ་དང་།  དཱ་ན་ཤི་ལ་སོགས་སྤྱན་དྲངས་ནས་བསྒྱུར་པ་ནི་བདུན་པ། བཙན་པོ་རལ་པ་ཅན་གྱི་སྐུ་དྲིན་ལས།  སེམས་སྒྱུ་ཕྱོགས་ཀྱི་སྒྲུབ་པ་སྡེ་ལྔ།  ཕྲ་མོ་སུམ་ཅུ་རྩ་གཅིག་ལུང་ཕྲན་བདུན་ཅུ་རྩ་གཉིས་སོགས་བསྒྱུར་བ་ནི་བརྒྱད་པ།  རལ་པ་ཅན་ནས་འུ་དུམ་བཙན་གྱི་བར་དུ་ཁམས་ཀྱི་འོ་རུ་བྱམས་ཆེན་ཞེས་པས་སློབ་དཔོན་བི་ཤ་མི་ཏྲ་ཕྱི་མ་ལ་སོགས་སྤྱན་ནས་ཡང་དག་སྒྲུབ་པ་བདག་དོན་བསྒྱུར་བ་དང་།   འོད་སྲུང་གི་དུས་སུ་ཨ་ཙ་ར་ད་ན་ཏ་ལ་བྱོན་ནས།  ཡོན་ཏན་རྒྱ་མཚོ་ལ་གཏོར་སྲུང་མང་དུ་གནང་སྟེ་བསྒྱུར་བ། རྒྱ་གར་ཙནྡྲ་ཀིརྟི་བྱོན་ནས། འོ་བྲན་བློ་གྲོས་དབང་ཕྱུག་ལ། གཤིན་རྗེ་ཐེབས་རྒྱ་གནང་ནས་བསྒྱུར་བ་བཅས་ནི་དགུ་བ་ཡིན།  དེའི་རྗེས་སུ་གནུབས་ཆེན་གྱིས་བསྒྱུར་བ་རྣམས་ནི་འགྱུར་ཚན་བཅུ་པ་ཡིན་པར་གསུངས་སོ།།
          ད་དུང་གནུབས་ཆེན་ཉིད་ནས་གསུངས་པའི་མགུར་དུ་ཁེང་ལོག་གི་དུས་རིམ་ཉམས་སུ་བཞེས་པའི་གནས་ཚུལ་བཀོད་ཡོད་དེ། “རྒྱལ་པོའི་བཀའ་བཞིན་བྱེད་པའི་བུ་མེད་པས།།  ལོ་ན་བརྒྱ་དང་བཅུ་གཉིས་ལོན་དེ་ཤི་ལ་ཉེ།།  ལུང་དང་བསྟུན་པའི་གཏེར་ཁ་གསུམ་དུ་སྦས།། ཁ་བྱང་བརྒྱད་དུ་མན་ངག་ཟབ་ཚོ་བཀོད།།  རྩིས་རྒྱ་གཅིག་ཏུ་རྩིས་ཀྱི་ཁ་བྱང་བཀོད།། རྩིས་རྒྱ་གཅིག་ཏུ་བལ་པོའི་ཆོས་ཚོ་བཀོད།། རྩིས་རྒྱ་གཅིག་ལ་དྲག་སྔགས་བརྒྱད་ཅུ་བཀོད། རྩིས་རྒྱ་གཅིག་ལ་ཉམས་སུ་བླངས་པའི་ཆོས་བཞི་རྒྱུད་དང་བཅས་པ་བཀོད།  རྩིས་རྒྱ་གཅིག་ལ་ཉམས་སུ་བླངས་པའི་ཆོས་གསུམ་བཀོད།། རྩིས་རྒྱ་གཅིག་ལ་ཤན་ཏིམ་གར་པའི་འཁྲུལ་འཁོར་དྲུག་པོ་དང་།། ནག་འཐུང་ནག་པོའི་སྒྲུབ་ཡིག་བཅས་པ་བཀོད།། དེ་ལྟར་བཀོད་ནས་བཀའ་སྲུང་རྣམས་ལ་གཏད། བདག་ནི་དུས་ཟད་ལུས་ཀྱི་ཁོག་ཤོར།། འབངས་ཀྱིས་ཁེང་ལོག་རྒྱལ་ཁམས་ཕུང་བར་བྱས།། བལ་ཡུལ་ཡམ་བུ་ཉིད་དུ་འགྲོ་སྙམ་པས།། ལས་ཀྱིས་གཏུགས་ནས་བརྟོལ་བར་མ་ཐར་བས།།  ལེ་ལོ་ཅན་གྱི་ཡོན་ཏན་རྒྱ་མཚོ་ལ།། ཤོག་ཅིག་ཤོག་ཅིག་བྱས་པས་ཁོ་མ་བྱུང་། ཕུག་པོ་རིན་པོ་ཆེ་ལ་གཏེར་དུ་སྦས།།  ཕྱི་རབས་བྱང་ཆུབ་སེམས་པའི་རིགས། ཤ་མདངས་སེར་ལ་སྐྲ་ལོ་ལི།། སོ་ནི་དུང་སོ་འཁོར་བར་ཡོད།། ལུས་ཀྱི་བོང་ཆུང་འབྲུག་ལོ་པ་གཅིག། འདི་དང་འཕྲད་ནས་བསྟན་པ་སྲུང་བར་ཤོག མ་ཧཱ་ཀ་ལ་མགོན་པོ་ནག་པོ་ཁྱོད།། བཀའི་སྲུང་མ་གཉེན་པོ་འདི་སྲུངས་ཤིག།” 31མགུར་འདི་ལས་ཁོང་ཉིད་སྐུ་ཚེ་རིང་པོར་བཞུགས་པ་དང་བོད་ཡུལ་ཁེང་ལོག་གིས་ཟང་ཟིང་དུ་གྱུར་པའི་གནས་ཚུལ་གསལ་བོར་གསུངས་ཡོད། དེའི་ཕྱིར་འགོས་ལོས་“སངས་རྒྱས་ཡེ་ཤེས་འདི་བྱོན་པའི་དུས་ཀྱང་། ལ་ལས་ཁྲི་སྲོང་ལྡེ་བཙན་གྱི་དུས་དང་། ལ་ལས་རལ་པ་ཅན་གྱི་དུས་དང་། ལ་ལས་ཁྲི་བཀྲ་ཤིས་བརྩེགས་དཔལ་གྱི་དུས་སུ་བྱུང་བར་སྨྲ་སྟེ།  རལ་པ་ཅན་གྱི་རིང་ལ་བྱུང་ནས། ཁྲི་བཀྲ་ཤིས་བརྩེགས་དཔལ་གྱི་བར་དུ་བཞུགས་པ་དོན་ལ་གནས་སོ།།”32ཞེས་པ་དང་། “ཆུ་བྱི་ལ་གནུབས་ཆེན་འཁྲུངས།  ཆུ་བྱི་འདི་ནི་ཁྲི་སྲོང་ལྕགས་རྟ་ལ་འཁྲུངས་པའི་ཞེ་གསུམ་པ་དང་། མེ་ལུག་ལས་སད་མི་བདུན་རབ་ཏུ་བྱུང་བའི་དྲུག་པ་ཡིན། གནུབས་ཆེན་གྱི་དགུང་ལོ་བཅུ་བདུན་བཞེས་པའི་ས་འབྲུག་ལ་ཁྲི་སྲོང་སྐུ་གཤེགས།           དེ་ནས་ལོ་དགུ་བཅུ་གོ་ལྔ་པ་ཆུ་སྟག་ལ་གནུབས་ཆེན་གཤེགས་པས་ན། དར་མས་བསྟན་པ་བསྣུབས་པའི་འོག་ཏུའང་ལོ་བཞི་བཅུ་ཞེ་གཉིས་ཙམ་བཞུགས་པར་མངོན།  ཁྱོན་མི་ཡུལ་དུ་ལོ་བརྒྱ་དང་བཅུ་གསུམ་གྱི་བར་དུ་བཞུགས་ནས། མཐར་རང་བཞིན་རྫོགས་པ་ཆེན་པོའི་ལམ་ལས་ལྷུན་གྲུབ་འོད་ཀྱི་ཕུང་པོར་མྱ་ངན་ལས་འདས་སོ།།”33ཞེས་ཚུལ་གསུམ་དཔྱད་པའི་གཏན་ཚིགས་བསྒྲགས་པ་ནི་ཡང་དག་པའི་གཏམ་མོ།།དེ་ནས་གནུབས་ཁོང་ཉིད་ཀྱིས་བསྐྱངས་པའི་སློབ་བུ་ཤིན་ཏུ་མང་པོ་ཡོད་ལ།  དེ་རྣམས་ལས་གཙོ་བོ་ནི་དབུས་ཀྱི་ཐུགས་སྲས་ལྔ་དང་གཙང་སྟོད་ཀྱི་རིན་ཆེན་རྣམ་གསུམ་ཡིན།  ཐུགས་ཀྱི་སྲས་བཞི་སྦས་པའི་སྲས་དང་ལྔ་ལས།   ཐུགས་ཀྱི་སྲས་ནི་སོ་ཡེ་ཤེས་དབང་ཕྱུག  སྤ་གོར་འཕགས་པ་རླན་ཆེན། དན་ཡོན་ཏན་མཆོག   སྲུ་ལེགས་པའི་སྒྲོལ་མ་བཅས་དང་།  སྦས་པའི་སྲས་ནི་ཁུ་ལུང་ཡོན་ཏན་རྒྱ་མཚོ་ཡིན། རིན་ཆེན་རྣམ་གསུམ་ནི་གཙང་སྟོད་ཀྱི་གདུང་ཚབ་བྱང་ཆུབ་རིན་པོ་ཆེ། སྣུབས་དཔལ་འབྱུང་རིན་པོ་ཆེ།  ཁྱུང་བོ་དབྱིག་གི་རིན་པོ་ཆེ་བཅས་སོ།།  དེ་དག་ལས་“སོ་ཡེ་ཤེས་དབང་ཕྱུག་ལ་ལྟ་བ་སྒང་དྲིལ་ཏུ་བཤད། སྤ་གོར་འཕགས་པ་ལ་གོལ་སྒྲིལ་བདར་ཤ་བཅད་དེ་བཤད། དན་ཡོན་ཏན་མཆོག་ལ་ལྟར་ཁ་གེགས་སེལ་་དུ་བཤད། སྲུ་ལེགས་པའི་སྒྲོལ་མ་ལ་ཚིག་སྡེབས་སྦྱོར་ལེགས་སུ་བཤད། ཁུ་ལུང་ཡོན་ཏན་རྒྱ་མཚོ་ལ་གབ་པ་མངོན་དུ་ཕྱུང་སྟེ་བཤད།”33ད་དུང་སྲས་དཔལ་འཁོར་བཙན་ལ་“ སྣུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེའི་ཞལ་ནས། ཡབ་མེས་ཀྱིས་དཀའ་བ་སྤྱད་ཅིང་བྱིན་རླབས་ཐམས་ཅད་འདི་ལྟར་ཉམས་སུ་བླངས་པས་དངོས་གྲུབ་ཐོབ་པ་ཡིན་གསུངས་ནས་གསང་སྔགས་ཡར་ཕུར་དང་། འཇམ་དཔལ་ཞི་ཁྲོ་གཤིན་གྱི་བཀའ་རྣམས་གཏད་”35པའི་ལོ་རྒྱུས་ཀྱང་ཡོད་པས་ཞིབ་ཏུ་ཡིག་ཚང་སོ་སོར་གཟིགས་རྒྱུ་མཁྱེན།
          དེ་ལྟར་གནུབས་ཆེན་ཁོང་ནི་བསྟན་པ་སྔ་ཕྱིའི་བར་མཚམས་བརྒྱུད་པའི་གསང་སྔགས་བརྒྱུད་འཛིན་གྱི་ལོ་ཙཱ་བ་དང་པཎ་ཊི་ཏ། རྣལ་འབྱོར་པ་ཞིག་ཡིན་པའི་ཆ་ནས་དཔྱད་ན། ཁོང་ནི་ཁྱིམ་མམ་རི་ཁོ་ནར་ཡིབ་ནས་སྒོམ་ལ་བཞུགས་པའི་རྣལ་འབྱོར་བ་ཙམ་མ་ཡིན་པར། སྟོད་རྒྱ་གར་དང་། བལ་པོ། བྲུ་ཤ་སོགས་སུ་ཞབས་ཀྱིས་བཅགས་ནས་གསང་སྔགས་ཀྱི་བསྟན་པ་རིན་པོ་ཆེ་བོད་ལ་ནང་འདྲེན་གྱི་ལོ་པཎ་བཀའ་དྲིན་ཅན་དང་། སློབ་བུ་བསྐྱངས་ནས་བསྟན་པ་བོད་ཡུལ་ཏུ་སྤེལ་མཁན་གྱི་དགེ་བའི་བཤེས་གཉེན་བཀའ་དྲིན་ཅན་ཡིན་པས། བསྟན་པ་ཐལ་བར་བརླགས་ཤིང་པོ་ཏི་ཆུ་མེ་ལ་བསྒྱུར་བའི་སྐལ་བ་ངན་པའི་ནང་ཆོས་ཇི་ལྟར་སྦྱངས། ཇི་ལྟར་བསྒྱུར། ཇི་ལྟར་སྤེལ། དངོས་ནས་“ཁྱིམ་པ་གོས་དཀར་གྱི་རྟེན་ལ་གསང་སྔགས་སྒྲུབ་པ་དག་ནི་ནང་གི་དེ་ཉིད་རྒྱལ་བློན་གྱིས་མ་རྟོགས་”36ཡིན་ནམ། ཞེས་པའི་དྲི་བ་མི་ཞུ་རང་དབང་མེད།
          དེ་བས་“ཡིག་ཚངས་རྙིང་པ་ཁ་ཅིག་ལས་རྒྱལ་པོས་ད་ནི་ཆོས་ཐམས་ཅད་ངས་བསྣུབས་སོ་ཞེས་ང་རྒྱལ་དུ་མུ་ཅོར་སྨྲས་པས་བཙུན་མོ་ཆེན་མ་ན་རེ་ད་དུང་གཙང་རོང་སྣུབས་ཡུལ་ན་སྣུབས་སངས་རྒྱས་ཡེ་ཤེས་བྱ་བའི་སྔགས་ནུས་པ་ཅན་འཁོར་ལྔ་བརྒྱ་དང་བཅས་པ་དང་། ཡེར་པའི་བྲག་ཁུང་ན་ལྷ་ལུང་དཔལ་གྱི་རྡོ་རྗེ་ཞེས་བྱ་བའི་སྒྲུབ་པ་པོ་དངོས་གྲུབ་ཐོབ་པ་ཡོད་དེ་རྒྱལ་པོས་སྔར་བསད་སྤྱུགས་ཕབ་པ་ཐམས་ཅད་ལས་དེ་གཉིས་ལྷག་གོ་ཞེས་སྨྲས་པས་ཁྲོས་ཏེ་གཉི་ག་ལ་ཕོ་ཉ་བཏང་སྟེ་བཀུག་པས་སྣུབས་སངས་རྒྱས་ཡེ་ཤེས་བྱ་བ་ལ་ཁྱོད་སུ་ཡིན་ལས་སུ་ཅི་བྱེད་པ་ཡིན་དྲིས་པས། ང་དཀོན་མཆོག་སྔགས་པ་བྱ་བ་ལས་སུ་སངས་རྒྱས་ཀྱི་བསྟན་པ་སྲུང་བ་ཡིན་བྱས་པས།  འོ་ན་བསྟན་པ་ངས་བཤིག་ཟིན་གྱི་ཁྱོད་ལ་ད་ནུས་པ་ཅི་ཡོད་་ཟེར་བས་ངས་སྔགས་ཙམ་བཟླས་པའི་ནུས་པ་འདི་ལ་གཟིགས་ཤིག་ཅེས་སྡིགས་མཛུབ་གནམ་དུ་འཕྱར་བས་སྡིགས་མཛུབ་ཀྱི་སྟེང་ན་ལྕགས་ཀྱི་སྡིག་པ་ནག་པོ་གཡག་གྲུས་པོ་ཙམ་དགུ་བརྩེགས་སུ་འདུག་པ་མཐོང་བས་རྒྱལ་པོ་སྐྲག་སྟེ་དཀོན་མཆོག་སྔགས་པའི་སྐུ་ལ་མི་བསྡོའོ་ཆོས་མཛོད་ཅིག་ཟེར། ད་དུང་ནུས་པ་འདི་ལ་གཟིགས་ཤིག་ཟེར་ནས་སྡིགས་མཛུབ་ཀྱིས་ཐོག་ཕབ་སྟེ་ཕ་རིའི་བྲག་ལ་བསྣུན་པས་ཚལ་བར་སོང་། དེར་རྒྱལ་པོ་འཇིགས་ཤིང་སྐྲག་ནས་ཁྱེད་འཁོར་བཅས་ལ་གནོད་པ་མི་བྱེད་དོ་ཟེར་ནས་བཏང་”37ཞེས་ངག་རྒྱུན་གཏམ་རྒྱུད་ལྟ་བུར་ཁུངས་བཅོལ་ནས་སྔགས་ཀྱི་བསྟན་པ་མ་བསྣུབས་པར་བཞེད།   དེ་ལྟར་ནའང་གོང་ནས་གླེང་ཟིན་པ་སྟེ་“སྔགས་པ་ཕལ་ཆེར་ཡང་སྒྲུབ་ཐབས་འཆད་པ་དང་སྒོམ་པ་མེད་པར་བོན་པོའི་ཆོ་ག་ལ་མིག་ལྟོས་བྱས་ཏེ་སྒྲུབ།”ཞེས་པ་དང་ནང་འགལ་དུ་གྱུར། དེ་བཞིན་དུ་བསྟན་པ་བསྣུབས་ཚུལ་དང་སྔགས་བརྒྱུད་བླ་རབས་གླེང་དུས་ཡིག་ཚང་མང་པོར་མགོ་མཇུག་ཆ་མི་འཕྲོད་པ་ལྟ་བུར་སྣང་།
          དེ་བས་ཁོ་བོར་སྐབས་འདིར་སྐྱེས་པའི་དོགས་གནས་ནི་“བསྟན་པའི་གཞི་མ་ཡིན་པས་འདུལ་བ་ཉོན། བསྟན་པའི་སྙིང་བོ་ཡིན་པས་ཤེར་ཕྱིན་ཉོན། བསྟན་པའི་ཉིང་ཁུ་ཡིན་པས་གསང་སྔགས་ཉོན”38 ཞེས་པའི་བསྟན་པའི་ཉིང་ཁུ་ཟབ་མོ་རྡོ་རྗེ་ཐེག་པའི་བརྒྱུད་པ་མ་ཉམས་པར་མ་ཟད། ཁྲི་འོད་སྲུང་བཙན་གྱི་སྐུ་རིང་དུ་ད་དུང་རྒྱ་གར།  བལ་པོ།  བྲུ་ཤ་སོགས་ནས་བསྒྱུར་ཅིང་སྤེལ་བཞིན་པའི་ལོ་རྒྱུས་བོད་དབུས་གཙང་དུ་ཡོད་བཞིན་དུ། བཙན་པོ་འུ་དུམ་བཙན་གྱིས་བསྟན་པ་བསྣུབས་པས་ལོ་པཎ་བསད་པ་དང་། སྤྱུགས་པ། ལྕེབས་ལ་སོགས་པར་གསུངས་པ་དང་། བསྟན་མེད་མུན་ནག་དུ་གནས་ཞེས་པའི་རྒྱུ་མཚན་ཅི་ཡིན་སྙམ་བྱུང་།
བཅུ་བ། ཤུལ་བཞག་གཙུག་ལག་ཁང་དང་བཀའ་བསྟན་གཙུག་ལག་ལས་འཕྲོས་པའི་དོགས་དཔྱོད།
          སྔོན་བྱོན་མེས་པའི་ཤུལ་བཞག་གཅེས་ནོར་ལ་དངོས་པོ་དང་ཤེས་རིག་སོགས་སྣ་མང་འདུ་བ་ལ། དེ་ལས་ཆེས་ཁྱད་དུ་འཕགས་ཤིང་རིན་ཐང་བྲལ་བ་ནི་ཡིད་ཀྱི་སྒོ་འབྱེད་ལ་ཤེས་པ་ཡངས་པོར་བྱེད་པའི་རིག་པའི་གནས་ཡིན་པ་ནི་འཛམ་གླིང་ཧྲིལ་བོས་གླེང་བཞིན་པ་ལྟར་ལགས། རང་ཅག་བོད་ལ་མཚོན་ན་མེས་པོའི་ཤུལ་ཏུ་བཞག་པའི་གཅེས་ནོར་མང་པོ་ལས་ཆེས་འོད་འཚེར་ལ་མཚར་དུ་དངར་བ་ནི་བཅུ་ཕྲག་རིག་པ་དང་སྒོས་སུ་བོད་བརྒྱུད་ནང་བསྟན་རིག་གནས་ཡིན་པ་དང་། དེ་ཡང་འཛམ་གླིང་ཤེས་རིག་ནོར་བུའི་གླིང་དུ་བཀྲག་མདངས་མངོན་པར་བཀྲ་བའི་མེ་ཏོག་ཆུན་པོ་ཞིག་ཡིན་ཞེས་རྒྱལ་ཁབ་ཕྱི་ནང་གཉིས་ཀྱི་མཁས་པའི་ཞལ་ནས་གསུངས་དང་གསུང་བཞིན་དུ་འདུག་པ་དེ་ལྟར་ལགས། དེ་བས་སྐབས་འདིར་བོད་བཙན་པོ་རིམ་བྱོན་སྐབས་སུ་ཕྱག་རིས་སུ་མཛད་པའི་གཅེས་ནོར་ཤེས་རིག་ནོར་བུའི་ཚོགས་ལས། ད་ལྟའང་བཀྲག་མདངས་མ་ཉམས་པར་ཡོད་པའི་གཙུག་ལག་ཁང་དང་བསྟན་བཅོས་རྣམས་མདོ་གཅིག་ཏུ་དྲིལ་ནས་འུ་དུམ་བཙན་གྱི་བསྟན་བསྣུབས་དང་འབྲེལ་ཏེ་ཅུང་ཙམ་གླེང་ན།
          གཅིག ཤུལ་བཞུགས་གཙུག་ལག་ཁང་ལས་འཕྲོས་པའི་དོགས་དཔྱོད། བཙན་པོ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་ལྷ་སའི་ར་ས་འཕྲུལ་སྣང་དང་ར་མོ་ཆེའི་གཙུག་ལག་ཁང་བཞེངས་པ་དང་། ཁྲི་ལྡེ་གཙུག་བརྟན་གྱིས་བྲག་མར་མགྲིན་བཟང་བཞེངས་པ། ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་བཞེངས་པ། ཁྲི་ལྡེ་སྲོང་བཙན་གྱིས་སྐར་ཆུང་ལྷ་ཁང་བཞེངས་པ། མངའ་བདག་རལ་པ་ཅན་གྱིས་བཞེངས་པའི་འུ་ཤང་རྡོ་དཔེ་མེད་བཀྲ་ཤིས་དགེ་འཕེལ་གྱི་ལྷ་ཁང་སོགས་དང་། ཁྲ་འབྲུག  དབུ་སྟོད་ཞྭ་ལྷ་ཁང་། མདོ་སྨད་ཀྱི་འབུམ་གླིང་སོགས་ལྷ་ཁང་མང་པོ་སྤྱི་ལོ་དུས་རབས་བཅུ་དགུ་དང་ཉི་ཤུའི་བར་དུ་སྔ་ཚུལ་མ་ཉམས་པར་ཡོད་པས་ལོ་རྒྱུས་གསལ་པོ་ཡིན་པ་དང་། ཁྱད་པར་དུ་ལོ་རྒྱུས་ཀྱི་དོན་སྙིང་ལྡན་ལ་འཛམ་གླིང་དུ་གྲགས་སྙན་ཆེ་བའི་འཕྲུལ་སྣང་གི་གཙུག་ལག་ཁང་དང་བསམ་ཡས་གཙུག་ལག་ཁང་སོགས་ཀྱིས། མི་ལོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་རིང་མོའི་ཁྲོད་གཟི་བརྗིད་མ་ཉམས་མདང་མ་འགྱུར་བར་ད་ལྟའང་མཇལ་བསྐོར་བ་དང་ལྗོངས་རྒྱུ་བའི་དམིགས་མདུན་དང་པོར་གྱུར་ཡོད།
          དེ་བས་གཙུག་ལག་ཁང་མ་བཤིག་པའི་དོན་དངོས་འདི་དང་བཙན་པོས་ཆོས་མེད་པར་བྱས་པ་ནང་འགལ་དུ་འགྲོ་བར་སྙམ་ནས། ལོ་རྒྱུས་རྩོམ་པ་པོ་རྣམས་ཀྱིས་“བསྟན་པ་བསྣུབས་རྗེས་བོད་ཀྱི་ཁྱིམ་པ་རྣམས་ཀྱིས་ཀྱང་དཀོན་མཆོག་གསུམ་ལ་གུས་པར་བྱས་ནས།  ལྷ་ས་དང་བསམ་ཡས་ལ་སོགས་པའི་གཙུག་ལག་ཁང་ཆེན་པོ་རྣམས་མ་ཞིག་” 39ཞེས་གསལ་བཤད་བྱས་པར་མ་ཟད། “ དེ་ཡིས་ནག་པོའི་ཕྱོགས་རྣམས་དར་གྱུར་ནས།། སངས་རྒྱས་བསྟན་པ་ཤིན་ཏུ་ནུབ་པར་འགྱུར།། གཙུག་ལག་ཁང་བཤིག་ཕན་ཚུན་ཆད་པ་གཅོད།། དགེ་བ་སྤྱོད་ལ་ལོག་པའི་བཀའ་བཀྱོད་འབེབས། སྡིག་པ་སྤྱོད་ལ་ལེགས་པའི་བྱ་དགའ་སྟེར།། དགོན་གནས་ཐམས་ཅད་རི་དྭགས་དགོན་པར་འགྱུར།། གཙུག་ལག་ཁང་རྣམས་ཕྱུགས་ར་དག་ཏུ་འགྱུར།།”40ཞེས་དང་། “ཆོས་འཁོར་ཐམས་ཅད་ཉམས་དམས་ལྷ་ས་ཆུས་བཤིག དཀར་ཆུང་མེས་ཚིག བསམ་ཡས་བྱེ་མས་བཤིག རི་དྭགས་ཀྱི་ཚང་བཅས།”41ཞེས་པ། “གནས་གཞི་ཐམས་ཅད་ཝ་ཚང་དང་སྤྱང་ཚང་། ཡབ་མེས་ཀྱི་དགེ་དང་ཡིག་ཚང་ཁྲིམས་དང་བཙུགས་ལག་ཐམས་ཅད་ཀྱང་ནུབ་ཅིང་བསུབས།”42 ཞེས་སོགས་གསུངས་བཞིན་ཡོད། གསུངས་དེ་དག་ལ་ཞིབ་འདང་ཞིག་བརྒྱབ་ན། ལྷ་སའི་གཙུག་ལག་ཁང་སྟེ་འཕྲུལ་སྣང་ཆུས་བཤིག་ན་ད་བར་དུ་གནས་ཐུབ་བམ། བསམ་ཡས་སོགས་སུ་བྱེ་མས་བཀང་ཤིང་རི་དྭགས་ཀྱི་ཚང་བྱས་པ། ཁྱད་པར་དུ་ཝ་དང་སྤྱང་ཀའི་ཚང་དུ་གྱུར་པ་བདེན་ན་གནས་དེར་མི་མེད་པར་ལུང་སྟོང་དུ་གྱུར་པར་ཟད་ཞེས་པ་ལས་འོས་མེད་པར་སྣང་། དེ་སོགས་ཀྱིས་ཆ་ཤས་ནས་སྤྱི་ལ་བསམ་བློ་གཏོང་བའི་རིགས་ལམ་ཤིག་འཚོལ་བ་ལས་གནད་གཙོ་བོ་མིན།
          སྐབས་འདིར་དེ་རྣམས་གླེང་བའི་བརྗོད་གཞི་གཙོ་བོར་གྱུར་པ་ནི། བཙན་པོའི་བཀའ་ལུང་ལྡིད་མོས་སངས་རྒྱས་ཀྱི་བསྟན་པ་དངོས་ནས་བསྣུབས་པ་བདེན་ན།  བཀའ་དང་བསྟན་བཅོས་བཞུགས་པའི་གནས། དགེ་འདུན་འདུས་པའི་གཞི། བསྟན་བཅོས་བསྒྱུར་པའི་གྲྭ  སྡོམ་བརྒྱུད་སྤེལ་སའི་ཁུངས་དགོན་སྡེ་མ་བཤིག་པར་ཤུལ་ཏུ་འཇོག་དོན་ཅི་ཡིན། ཁྱིམ་པ་རྣམས་དངོས་ནས་དམ་ཆོས་ལ་དད་ཞིང་ཞེན་ན། དགེ་འདུན་ལ་སྲུང་སྐྱོབ་མི་བྱེད་པར་གསོད་དོན་དང་བསྣུབས་དོན་ཅི་ཡིན། བཀའ་ལུང་ནི་བཙན་པོས་བསྒྲགས། བློན་པོས་དང་དུ་བླངས། ཁྱིམ་པ་འབངས་ཀྱིས་བསྒྲུབ་དགོས་པ་ཞིག་ཡིན་པ་ལས་བཙན་པོ་དང་བློན་པོ་ཁོ་ནས་ལག་ལེན་ལ་བརྟེན་ན་སྲིད་སྐྱོང་ཐུབ་བམ། ཞེས་དོགས་གནད་མང་པོ་རིམ་པར་འབྱུང་སྲིད། དེ་ལའང་ཡུན་རིང་གནའ་བོའི་ལོ་རྒྱུས་བཤད་མི་དགོས།  ཉེ་དུས་ཀྱི་ལོ་བཅུའི་རིང་གི་རིག་གནས་གསར་བརྗེ་ཆེན་པོ་ལ་སོམས་དང་།  དགོན་སྡེ་ག་ཚོད་བརླགས་པའི་ཡི་གེ་གསལ་བོ་ཡིན་ལ།  ལ་ལ་ཤུལ་མེད་དུ་གྱུར་པའང་མིག་མཐོང་ལག་ཟིན་རེད།  དེ་ལྟ་བུའི་ཡ་ང་བའི་དུས་སྐྱོན་ཆེན་པོ་དེ་རུ་མདོ་དབུས་ཁམས་གསུམ་དུ་སྡོམ་རྒྱུན་མ་ཆད་པར་གནས་ཐུབ་པ་ལ་བསམ་བློ་རེ་གཏོང་འོས།  བཙན་པོ་འུ་དུམ་བཙན་གྱི་སྐབས་དེར་བོད་ལ་དགེ་འདུན་བྱུང་ནས་ཡུན་རིང་མ་འགོར་བས་འདུས་སྡེ་གཙོ་བོ་དང་དགེ་འདུན་གྱི་འབྱུང་ཁུངས་གཙོ་བོ་བསམ་ཡས་ཡིན་པས་དེ་ལ་ཆག་སྐྱོན་མ་བྱུང་བར་དབུས་ཀྱི་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དང་། ཕྱོགས་བཞིའི་གླིང་བཞི་གླིང་ཕྲན་བརྒྱད། མཆོད་རྟེན་བཞི་དང་བཅས་པ་ད་ལྟའང་ལྷང་ངེར་གནས་པ་ལ་ངོ་མཚར་མི་སྐྱེའམ། དྲི་བ་འདི་དག་དུས་ནམ་ཡིན་ཡང་བྱུང་སྲིད་པས། “ལྷ་ས་གཞིག་པའི་ཕྱིར་མར་མེ་མཛད་ཀྱི་སྒོ་སྲུང་ཕྱག་རྡོར་གྱི་མགུལ་ལ་ཐག་པ་བཏགས་པས་དེ་མ་ཐག་འདོགས་མཁན་ཁྲག་བསྐྱུགས་ནས་དེ་ཀར་ཤི་བས་འཇིག་མ་ནུས། ...…བསམ་ཡས་གཞིག་པར་བསྒོས་ནས་མཆོད་རྟེན་འོད་འབར་ཡིན་ཡང་ཟེར། ཁམས་གསུམ་དང་དབུ་རྩེའི་བར་ན་མཆོད་རྟེན་ནག་པོ་ཆུང་ངུ་ཞིག་ཀྱང་ཡོད་ཟེར་ཏེ་དེ་བཤིག་པས་ཐོག་བབ་ནས་བཤིག་མཁན་རྣམས་ཤི་བས་འཇིག་འཕྲོ་བཅད། 43”ཅེས་སེམས་གཙོའི་ཐབས་ལ་བརྟེན་ནས་མི་གསུངས་ཐབས་མེད་བྱུང་།
          དེ་བས།   སྔོན་བཙན་པོ་རིམ་བྱོན་གྱི་སྐུ་རིང་ལ་བཞེངས་པའི་ར་ས་དང་བསམ་ཡས་སོགས་ལ་མཇལ་ན། བོད་ལ་དངོས་ནས་བསྟན་པ་མཐའ་གཅིག་ཏུ་བསྣུབས་པའི་དུས་སྐབས་ཤིག་བརྒྱུད་མྱོང་ངམ་ཞེས་དོགས་པ་མི་ཟ་རང་དབང་མི་འདུག
གཉིས། ཤུལ་བཞུགས་བཀའ་དང་བསྟན་བཅོས་ལས་འཕྲོས་པའི་དོགས་པ།
          “ལོ་ཙཱ་བ་ལ་སྔ་བ་ཐོན་མི་སམྦྷོ་ཊ། དྷརྨ་ཀོ་ཥྛ། ལྷ་ལུང་རྡོ་རྗེ་དཔལ། བྲན་ཀ་མུ་ལ་ཀོ་ཥ་རྣམས་ཆོས་རྒྱལ་སྲོང་བཙན་གྱི་དུས་ཀྱི་ལོ་ཙཱ་བའོ།།” 44ཞེས་གསུངས་པ་བཞིན་སློབ་དཔོན་ཐོན་མི་ནི་བོད་ཀྱི་ལོ་ཙཱ་བ་ཐོག་མར་གྲགས་པ་དང་།  ཁོང་གིས་“སྲོང་བཙན་སྒམ་པོས་བཀས་བསྐུལ་བ་ལྟར་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག་དང་། འདུས་པ་རིན་པོ་ཆེའི་ཏོག་གི་གཟུངས། མདོ་ཏིང་ངེ་འཛིན་རྒྱལ་པོ།   མདོ་སྡེ་དཀོན་མཆོག་སྤྲིན། དམ་པ་ཏོག་དཀར་གྱི་མདོ།   དགེ་བ་བཅུའི་མདོ།  ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་ལ་སོགས་པའི་དམ་ཆོས་མང་དུ་བསྒྱུར་ཡོད་”45པར་གསུངས་བཞིན་ཡོད་མོད། འོན་ཀྱང་ད་ལྟ་བཞུགས་པའི་བཀའ་བསྟན་ལས་སྡེ་དགེ་བསྟན་འགྱུར་མདོ་མང་པོད་ཡ་བར་བཞུགས་པའི་སྤོང་སྐོང་ཕྱག་བརྒྱ་བའི་འགྱུར་བྱང་དུ་ཐུ་མི་སམྦྷོཊས་བསྒྱུར་ཞེས་བཀོད་ཡོད་པ་ལས། ལྷ་ས་སོགས་ཀྱི་དཔར་ན་འགྱུར་བྱང་བཀོད་མེད། གཞན་ཡང་། ཐུགས་རྗེ་ཆེན་པོའི་མདོ་རྒྱུད་ཉེར་གཅིག་ལས་དང་པོར་བགྲངས་པ་ཟ་མ་ཏོག་བཀོད་པ་ཞེས་པའི་མདོའི་འགྱུར་བྱང་དུ། “པཎྜི་ཏ་ཛི་མ་མི་ཏྲ་སོགས་དང་།  ལོ་ཙཱ་བ་བན་དེ་ཞང་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་པ་”ཞེས་བཀོད་འདུག་པས་ཐོན་མའི་འགྱུར་རྣམས་ལ་ད་དུང་བརྟག་འོས།
          དངོས་སུ་ཆོས་བསྒྱུར་བའི་གྲྭ་བཙུགས་ཤིང་རྒྱ་གར་སློབ་དཔོན་སྤྱན་དྲངས་ནས་དམ་ཆོས་མང་པོ་བོད་ལ་བསྒྱུར་བ་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་ཕྱག་རྗེས་ཡིན་ལ།   བསམ་ཡས་སྒྲ་སྒྱུར་རྒྱ་གར་གླིང་བཙུགས་པ་ནས་བཟུང་བེེ་རོ་ཙ་ན་སོགས་གནམ་མཁའི་མཐའ་དང་མཉམ་པའི་ལོ་ཙཱ་བ་རབས་དགུ་གཙོ་བྱས་པའི་ལོ་པཎ་མུ་ཏིག་ཕྲེང་རིམ་རིང་དུ་བསྟར་པ་ལྟ་བུ་བྱོན་པས་དམ་ཆོས་མང་པོ་བོད་དུ་བསྒྱུར།  སྔ་དར་དུས་ཀྱི་ལོ་ཙཱ་དེ་དག་གི་འགྱུར་ཆོས་མང་པོ་ད་ལྟའང་མིག་མཐོང་ལག་ཟིན་ཏུ་བཀའ་འགྱུར་དང་བསྟན་འགྱུར་ཁྲོད་བཞུགས་ཡོད། དཔེར་ན།  བཙན་པོའི་དུས་ཀྱི་ལོ་ཙཱ་ཆེན་པོ་སྐ་བ་དཔལ་བརྩེགས་ལགས་ནས་བསྒྱུར་ཅིང་ད་ལྟ་བཀའ་བསྟན་གྱི་ཁྲོད་དུ་དངོས་སུ་བཞུགས་པ་ནི། འཕགས་པ་མིའམ་ཅིའི་སྡོང་པོས་ཞུས་པའི་མདོ་དང་དེ་བཞིན་གཤེགས་པའི་རིགས་རྣམ་པར་སྣང་མཛད་ཆེན་པོ་མངོན་པར་བྱང་ཆུབ་པ་རྣམ་པར་སྤྲུལ་ལ་བྱིན་གྱིས་རློབས་པ་ཤིན་ཏུ་རྒྱས་པ་མདོ་སྡེ་རྒྱལ་པོ་རིམ་པར་ཕྱེ་བ་བདུན་པ་སོགས་རྒྱལ་བའི་བཀའ་ལ་གཏོགས་པའི་མདོ་རྒྱུད་གཞུང་ཁག་བཅུ་དྲུག་དང་། སློབ་དཔོན་སེང་གེ་བཟང་པོས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བའི་འགྲེལ་བ་དང་། སློབ་དཔོན་བོ་དྷེ་ས་ཏྭས་མཛད་པའི་རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་བཤད་པ་སོགས་མདོ་རྒྱུད་གཞུང་འགྲེལ་གྱི་བསྟན་བཅོས་ཁག་ང་བཞི། ད་དུང་འཕགས་པ་བསྐལ་བཟང་སོགས་ཞུས་གཞུང་ཁག་ཉེར་ལྔ་བཅས་སོགས་བསྡོམས་ན་རྒྱ་གཞུང་ཁག་བརྒྱ་དང་ལྔ་བསྒྱུར་བ་དང་ཞུས་པ་རྣམས་བཀའ་བསྟན་ཁྲོད་མ་བསྣུབས་པར་བཞུགས་ཡོད་པ་དང་། བོད་བཙན་པོའི་རྒྱལ་རབས་ཀྱི་དུས་མཇུག་ཏུ་བྱོན་པའི་ལོ་ཙཱ་ཆེན་པོ་འགོས་ཆོས་གྲུབ་ཀྱིས་རྒྱ་ནག་ནས་བོད་ལ་བསྒྱུར་པ་མཛངས་བླུན་ཞེས་བྱ་བའི་མདོ་བམ་པོ་བཅུ་གཉིས་དང་ལེའུ་ལྔ་བཅུ་རྩ་གཅིག་པ་དང་།  རྒྱའི་སློབ་དཔོན་མཁན་པོ་ཝེན་ཚེག་གིས་མཛད་པའི་འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་བའི་མདོའི་རྒྱ་ཆེར་འགྲེལ་བ་སོགས་གཞུང་ཁག་དགུ་བཀའ་བསྟན་ཁྲོད་བཞུགས་འདུག་པ་སོགས་སྔ་དར་སྐབས་ཀྱི་ལོ་ཙཱ་བ་མང་པོའི་འགྱུར་ཆོས་རི་བོའི་གཏོས་དང་མཉམ་པ་ད་ལྟའང་ད་དུང་བཀའ་འགྱུར་དང་བསྟན་འགྱུར་ཁྲོད་བཞུགས་འདུག་པས།  སྔ་དར་དུས་ཀྱི་ལོ་པཎ་གྱིས་ཤུལ་བཞག་འགྱུར་ཆོས་ལས་དམ་པའི་ཆོས་དང་གཙུག་ལག་ནོར་བུའི་ཕྲེང་བར་བར་ཆད་མ་བྱུང་བར་ད་ལྟར་བརྒྱུད་པར་མངོན།
          དེ་ལྟར་སྟོང་ལོའི་སྔོན་དུ་བྱོན་པའི་མེས་པོ་གོང་མ་རྣམས་ཀྱིས་ང་ཚོར་ཤུལ་ཏུ་བཞག་པའི་གཅེས་ནོར་གཙུག་ལག་ཁང་དང་བཀའ་བསྟན་གཙུག་ལག་རྣམས་ལ་བསམ་བློ་རེ་བཏང་ནས་ཞིབ་འདང་ཞིག་བརྒྱབ་ན། ཆོས་འབྱུང་དེབ་ཐེར་སོགས་སུ་གསུངས་པ་བཞིན་གྱི་བསྟན་བསྣུབས་མུན་ནག་གི་དུས་རིམ་ཞིག་བརྒྱུད་པར་ཡིད་ཆེས་དཀའ་བར་སྙམ་ནས་དོགས་གནད་བཅུ་བར་བཞག་པ་ཡིན།
          མདོར་ན། དར་མས་ལྷ་ཁང་བཞེངས་པ་དང་། བསྟན་བཅོས་མཛད་པ། ཁོང་གི་སྐུ་ཡོན་ཏུ་བསྔོས་པའི་སྨོན་ལམ་བཅས་བཙན་པོ་འུ་དུམ་བཙན་དང་འབྲེལ་བའི་དོགས་གནད་ཆེན་པོ་གསུམ་དང་། ཕོ་བྲང་འོད་སྲུང་གིས་མཆོད་སྟོད་འབུལ་བའི་སྨོན་ལམ་དང་། ཁྲི་འོད་སྲུང་བཙན་གྱི་ཆེད་དུ་བསྔོས་པའི་སྨོན་ལམ། ཁྲི་འོད་སྲུང་བཙན་གྱི་བར་དུ་བསྟན་པ་འཕེལ་རྒྱས་ཀྱི་ལོ་རྒྱུས་རྒྱུད་རིམ་བཅས་ལྷ་སྲས་འོད་སྲུང་དང་འབྲེལ་བའི་དོགས་གནད་ཆེན་པོ་གསུམ། བཙན་པོ་འུ་དུམ་བཙན་གྱི་དབོན་རྒྱུད་ཐེག་ཆེན་ལ་ཞུགས་ཚུལ་དང་། བསྟན་བསྣུབས་རྗེས་སུ་མདོ་སྨད་ན་འདུལ་བསྟན་ཡོད་ཚུལ། གསང་སྔགས་བརྒྱུད་པའི་བླ་རབས་བཅས་བསྟན་བསྣུབས་རྗེས་སུ་བོད་མདོ་དབུས་སུ་དམ་ཆོས་སྤེལ་བཞིན་པའི་ཚུལ་ལས་འཕྲོས་པའི་དོགས་གནད་གསུམ། དེ་ནས་བོད་བཙན་པོའི་སྐབས་ཀྱིས་ཤུལ་བཞག་ད་ལྟར་ཀྱང་མཇལ་བའི་ཡུལ་དུ་གྱུར་པའི་གཙུག་ལག་ཁང་དང་བཀའ་བསྟན་ལས་འཕྲོས་པའི་དོགས་གནད་བཅས་མདོར་དྲིལ་བཅུ་དང་། བཙན་པོའི་དུས་སུ་བྲིས་ཤིང་ཕྱིས་སུ་རྙེད་ལ་གཞན་གྱིས་བཅོས་སླད་མ་ཞུགས་པའི་ཏུན་ཧོང་བོད་ཡིག་ཡིག་ཚགས་P. T. 134  དང་།  P. T. 131 P.T. 999 P.T. 1123 P.T. 120   P. T. 840 P. T. 849 P T : 996 IOL Tib. J. 40བཅས་ཡིག་ཆ་གལ་པོ་ཆེ་དགུ་གསལ་བོར་དྲང་ས་ཏེ་ཞིབ་ཏུ་དཔྱད་ན། བཙན་པོ་འུ་དུམ་བཙན་གྱིས་སྲིད་དབང་འཛིན་སྐབས་དང་། ཕྱིས་ཀྱི་ཁྲི་འོད་སྲུང་བཙན་གྱིས་སྲིད་དབང་འཛིན་སྐབས་སུ་བོད་ཀྱི་ཡུལ་གྲུ་ཀུན་ཏུ་སངས་རྒྱས་ཀྱི་བསྟན་པ་ཡོད་པར་འདུག་པས། རྒྱུན་འབྱམས་ཀྱི་འདོད་ཚུལ་ཏེ་དར་མས་བསྟན་བསྣུབས་ཞེས་པའི་གླེང་ལུགས་ཀྱིས་གཏན་ཚུགས་ཐུབ་མིན་བཤད་དཀའ་སྙམ་མོ།།
          དཔྱད་གཞིའི་ཡིག་ཆ།
          ① བདེ་ཁང་བསོད་ནམས་ཆོས་རྒྱལ་གྱིས་བསྒྱུར།  མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱི་གསུང་རྩོམ་ཕྱོགས་བསྒྲིགས་《མདའ་དང་འཕང་། 》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།2007. 9
          ②林冠群:《唐代吐蕃史论集》[M],北京: 中国藏学出版社,2006年。          ③གཉའ་གོང་དཀོན་མཆོག་ཚེ་བརྟན། བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས། 《རྒྱལ་སྡེ་སྐར་ཆུང་ལྷ་ཁང་གི་རྡོ་རིང་ཡི་གེ》 ཀྲུང་དབྱང་མི་རིགས་སློབ་ཆེན་དཔེ་སྐྲུན་ཁང་། 1995. 8  P. 163
          ④⑨ 《སྔོན་གྱི་གཏམ་མེ་ཏོག་ཕྲེང་བ།》   ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་བསྒྲིགས། བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2005. 12     P. 25 P. 29 
          ⑤ 19 ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུ། 《རྒྱལ་བའི་བསྟན་པ་རིན་པོ་ཆེ་བྱང་ཕྱོགས་སུ་འབྱུང་བའི་རྩ་ལག་བོད་རྗེ་ལྷ་བཙན་པོའི་གདུང་རབས་ཚིག་ཉུང་དོན་གསལ》 ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་བསྒྲིགས། བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2005. 12 P. 65   P . 77
          ⑥23 《རྒྱ་བོད་ཡིག་ཚང་ཆེན་མོ》 དཔལ་འབྱོར་བཟང་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1985. 6 P.202P. 214
          ⑦《དབའ་བཞེད་བཞུགས་སོ།། 》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010. 11 P. 291
          ⑧⑩⑾2230313441 མཁས་པ་ལྡེའུ། 《རྒྱ་བོད་ཆོས་འབྱུང་རྒྱས་པ།》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།1987. 6   P. 265 P. 365 P. 364  P. 384 P. 321   P.327 P. 326   P. 366
          ⑿སུམ་པ་ཡེ་ཤེས་དཔལ་འབྱོར། 《ཆོས་འབྱུང་དཔག་བསམ་ལྗོན་བཟང་།》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།1992. 12 P. 345
          ⒀《དཀར་ཆག་འཕང་ཐང་མ།》བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ནས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་།  2003. 12 P. 57
          ⒁《བུ་སྟོན་ཆོས་འབྱུང་། 》 བུ་སྟོན་རིན་ཆེན་གྲུབ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1988. 9 P. 310
          ⒂ 《ཕོ་བྲང་ཞི་བ་འོད་ཀྱི་བཀའ་ཤོག་ལ་དཔྱད་པ།》 བདེ་ཁང་བསོད་ནམས་ཆོས་རྒྱལ་གྱིས་བསྒྱུར། མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱི་གསུང་རྩོམ་ཕྱོགས་བསྒྲིགས་《མདའ་དང་འཕང་།》ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007. 9
          16ཏུན་ཧོང་ཡིག་ཚགས་P. T.230སྟེ་ལྷ་སྲས་ཁྲི་འོད་སྲུང་བཙན་གྱི་སྐུ་ཡོན་དུ་བསྔོས་པའི་སྨོན་ལམ་ན་གསལ།  
          17《ཀྲུང་གོའི་བོད་རིག་པ་》 (རྒྱ་ཡིག་) 2009ལོའི་དེབ་དང་པོ་དང་།   《ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ་》བོད་ཡིག་མ་2012ལོའི་དེབ་དང་པོར་གཟིགས་པར་ཞུ།
          18黄维忠:《8-9世纪藏文发愿文研究》,北 京:民族出版社,2007年,第104页。
          20མད་ཅད་ནི་ཡན་ཅད་ཞེས་པའི་བྲིས་ནོར་ཡིན་པར་སྣང་།
          21《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ། 》 སྤ་བསྟན་རྒྱལ་བཟང་པོ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1991. 12 P. 184
          24 45《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་སྟོད་ཆ།》 ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་སོགས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1989. 10 P. 578 P. 167
          25 36《བོད་ཀྱི་ལོ་རྒྱུས་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།》རྒྱལ་དབང་ལྔ་བ་ཆེན་མོ། མི་རིགས་དཔེ་སྐྲུན་ཁང་།  1988. 5 P. 76 P. 76
          26 37 43 44《ཆོས་འབྱུང་མཁས་པའི་དགའ་སྟོན། 》 དཔའ་བོ་གཙུག་ལག་ཕྲེང་བ། མི་རིགས་དཔེ་སྐྲུན་ཁང་། 1986.6 P. 431. P. 428 P. 4 26 P. 525
          27 28 33《བདུད་འཇོམས་ཆོས་འབྱུང་།》 བདུད་འཇོམས་ཆོས་འབྱུང་།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།1996. 11 P. 225 P 231 P.240
          29 35《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། 》 ཉང་ཉི་མ་འོད་ཟེར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།   1988. 3 P. A56
          32 38 39 《དེབ་ཐེར་སྔོན་པོ།》འགོས་ལོ་གཞོན་ནུ་དཔལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1985. 1 P.141 P. 257  P. 84
          40《བཀའ་ཆེམས་ཀ་ཁོལ་མ།》 ཇོ་བོ་ཨ་ཏི་ཤས་གཏེར་ནས་བཏོན་པ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1989. 9  P. 277
          42 《ལྡེའུ་ཆོས་འབྱུང་། 》ལྡེའུ་ཇོ་སྲས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987. 9 P. 140

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1