སྤྲེའུས་གྲོ་མ་བསྐྱིས་པ།

སྨིན་དབུས་པོས་བསྡུས། རྩོམ་སྒྲིག་པ། སྒྲོལ་མ་ཚེ་བརྟན།ཡོང་ཁུངས།དམངས་ཁྲོད། སྤེལ་དུས། 06-18


གནའ་སྔ་མོར་ས་ཆ་ཞིག་ཏུ་སྤྲེའུ་སྒྱིད་ལུག་ཅིག་ཡོད་པ་དེ་དུས་དང་རྣམ་པ་ཀུན་ཏུ་ཁ་ཡག་ལ་བསྒྱུར། མགོ་ཡོག་ལ་བསྡུས་ཏེ་ཟ་འདོད་འགུལ་དཀའི་བསམ་ངན་ཡིད་ལ་བཅངས་ཏེ་འཚོ་བ་ཞིག་ལགས། ཉིན་ཞིག་ཁོང་གི་ཟས་ཡོད་ཚད་ཟད་སོང་བས་རི་བོང་གི་དྲུང་དུ་སོང་སྟེ། གཅུང་པོ་རི་བོང་ལགས། ང་ལ་གྲོ་མ་ཅུང་ཙམ་སྐྱིས་དང་ངས་སང་ཉིན་ཁྱེད་སླེབས་ཚེ་སྟེར་ཡོང་ཞེས་བཤད་པར། རི་བོང་གིས་ཁོའི་ངོ་མ་ཆོག་པར་གྲོ་མ་ཁུག་མ་གང་བསྐྱིས་པ་རེད། དེ་ནས་ཡང་ཝ་མོའི་དྲུང་དུ་སོང་ནས། ཨ་ཅེ་ཝ་མོ་ལགས། ང་ལ་གྲོ་མ་ཅུང་ཙམ་སྐྱིས་དང་སང་ཉིན་སྔ་མོ་ཁྱེད་སླེབས་ཚེ་སྟེར་ཡོང་ཞེས་བཤད་པས། ཝ་མོས་ཀྱང་གྲོ་མ་ཁུག་མ་གང་བསྐྱིས་པ་རེད། དེའི་རྗེས་སླར་ཡང་སྤྱང་ཀིའི་དྲུང་དུ་ཕྱིན་ཏེ་ཨ་ཇོ་སྤྱང་ཀི་ལགས། བདག་ལ་གྲོ་མ་ཅུང་ཙམ་སྐྱིས་དང་སང་ཉིན་ཁྱེད་སླེབས་སྐབས་སྟེར་ཡོང་ཞེས་བཤད་པ་དང་། སྤྱང་ཀིས་ཀྱང་གྲོ་མ་ཁུག་མ་གང་བསྐྱིས། དེ་བཞིན་དུ་སྟག་གི་མདུན་དུ་སོང་སྟེ་སྔར་བཞིན་བཤད་དེ་གྲོ་མ་ཁུག་མ་གང་བསྐྱིས་ཏེ་མཐར་རང་ཁྱིམ་དུ་ལོག ཕྱི་ཉིན་སྐྱ་རེང་ལྷ་མོའི་འཛུམ་ཞལ་མངོན་ཚེ་སྤྲེའུ་ཁང་སྒོར་བུད་དེ་ལྟ་དུས། རི་བོང་གིས་སྔར་ནས་སྒུག་འདུག་ཅིང་། ད་ནི་གྲོ་སྐྱིན་དགོས་ཞེས་བཤད་སྐབས། སྤྲེའུ་ཡིས་ཝ་མོའང་ཡོང་བ་མཐོང་ནས་རི་བོང་ལ། ཁྱེད་མྱུར་དུ་ངའི་ཁང་རྒྱབ་ཏུ་ཡིབ་མ་གཏོགས། ཝ་མོ་ཡོང་གིན་ཡོད་པས་ཁྱེད་ཀྱི་ཚེ་སྲོག་ལ་གནོད་པ་བྱེད་རྒྱུ་རེད་ཅེས་པར། རི་བོང་གིས་བདེན་པར་སེམས་ཏེ་ཁང་རྒྱབ་ནས་གབ། ཝ་མོ་སླེབས་པ་དང་སྤྲེའུ་ཡིས། ཨ་ཅེ་ལགས། སྐུ་ཉིད་ཁང་རྒྱབ་ཏུ་ཕྱིན་ལ་རི་བོང་ཞིག་ཡོད་པ་དེ་སོད་ལ་དེར་ཡིབ་མ་གཏོགས། གལ་སྲིད་ཨ་ཇོ་སྤྱང་ཀི་སླེབས་ན་ཁྱེད་ཟ་ངེས་རེད་ཅེས་བཤད་ཚེ། ཝ་མོས་བདེན་པར་སེམས་ཏེ་སྤྲེའུ་ཡིས་བཤད་པ་ལྟར་བྱས། དེའི་སྐབས་སྤྱང་ཀི་དལ་གྱིས་སླེབས་པ་དང་། སླར་ཡང་སྤྲེའུ་ཡིས། ཨ་ཇོ་ལགས། ཁང་རྒྱབ་ཏུ་ཝ་མོ་ཞིག་ཡོད་པས་ཁྱེད་ཀྱིས་དེ་ཟོས་ཏེ་ཡིབ་ནས་སྡོད་མ་གཏོགས། གལ་སྲིད་ཨ་ཁུ་སྟག་ཐོན་ན་ཁྱེད་ཀྱི་སྲོག་ལ་རྒོལ་ངེས་རེད་ཅེས་པར། སྤྱང་ཀིས་ཀྱང་བདེན་པར་བསམ་སྟེ་སྤྲེའུ་ཡིས་བཤད་པ་ལྟར་བྱས་ཏེ་བསྡད། དེའི་དུས་ན་སྟག་དེ་བློ་བདེ་བག་ཕེབས་ཀྱི་ངང་ནས་སླེབས་སྐབས་སྤྲེའུ་ཡིས། ཨ་ཁུ་ལགས། ཁང་རྒྱབ་ཏུ་སྤྱང་ཀི་ཞིག་ཡོད་པས་དེ་སོད་མ་གཏོགས་རང་རེ་རི་སྐྱེས་སྲོག་ཆགས་ཀྱི་གདོན་འདྲེ་རུ་གྱུར་འདུག་ཅེས་བཤད་པར། སྟག་མོས་ཀྱང་ཞལ་གྱིས་བཞེས་ཏེ་སྤྱང་ཀི་བསད་ཅིང་ཕྱིར་ཡོང་ནས་གྲོ་སྐྱིན་དགོས་ཞེས་བཤད་སྐབས། སྤྲེའུ་དེ་ཧ་ལས་པའི་ངང་ནས། ཨ་ཙེ། ཨ་ཁུ་ལགས། ཁྱེད་ལ་སྲོག་ཆགས་གསུམ་གྱི་ཤ་ཕུལ་ཡོད་པས་ད་དུང་མི་ཉན་པ་ཨེ་རེད་ཅེས་དྲིས་ཚེ། སྟག་ཡ་མཚན་སྟེ། སྲོག་ཆགས་གསུ་དེ་གང་དག་ཡིན། ཞེས་ཡིད་མི་ཆེ་བའི་ངང་ཕྱིར་དྲིས། སྐབས་དེར་སྤྲེའུ་ཡིས། རི་བོང་ཝ་མོས་བསད། ཝ་མོ་སྤྱང་ཀིས་བསད། སྤྱང་ཀི་ཁྱེད་ཀྱིས་བསད་པས་སྲོག་ཆགས་གསུམ་གྱི་ཤ་ཁྱེད་ཀྱིས་ཟོས་པ་མིན་ནམ་ཞེས་སྨྲས་ཀྱང་སྟག་གིས་ཁས་མི་ལེན་པར་མི་ཚད། ངས་ཁྱོད་རང་གསོད་རྒྱུ་ཡིན་ཞེས་མཆོངས་ཡོང་ར། སྤྲེའུ་ཡིས། འོ་ན་ངས་ཁྱོད་ལ་བཤད། ཟླ་འདིའི་ཚེས་བཅོ་བརྒྱད་ཉིན་ཡ་གིའི་ལྕང་སྡོང་གི་འོག་ཏུ་ཤོག་དང་ངེད་གཉིས་ཀྱིས་རྒྱལ་ཕམ་གྱི་དབྱེ་བ་འབྱེད་ཟེར་བར། སྟག་མོས་རང་ཉིད་རྒྱལ་ངེས་ཡིན་པའི་ཡིད་ཆེས་བརྟན་པོའི་ངང་། ཆོག་གི། ཆོག་གི་ཞེས་རང་ཁྱིམ་དུ་ལོགཚེས་བཅོ་བརྒྱད་ཀྱི་ཞོགས་པའི་སྐྱ་རེངས་གསལ་བ་དང་སྤྲེའུ་ཡིས་རྡོ་ཞིབ་ཁུག་མ་གང་དང་ཆུ་ཟོ་བ་གང་། ཕ་བོང་ལུག་མགོ་ཙམ་ཞིག་བཅས་ཁྱེར་ཏེ་ལྕང་མའི་མགོར་འགོས་ཏེ་སྟག་ཡོང་བར་བསྒུག་ཅིང་བསྡད། ཉི་མའི་འོད་ཟེར་ས་གཞིར་ཕོག་པ་དང་ལྷན་དུ་སྟག་གིས་ཀྱང་འཇིགས་པའི་ཆས་བཅོ་བརྒྱད་དང་བཅས་ཏེ་ལྷགས། སྤྲེའུས། ཨ་ཁུ་ལགས། ངེད་གཉིས་ཀྱི་གྱོད་ལ་དངོས་གནས་འགྲིག་རྒྱུ་མེད་དམ་ཞེས་དྲིས་ཚེ། སྟག་གིས། ཁྱོད་ཀྱིས་བདག་ལ་གྲོ་མའི་སྐྱིན་པ་སུམ་འཇལ་མ་བྱས་ན་གྱོད་ལ་འགྲིག་རྒྱུ་གཏན་ནས་མེད། འགྲིག་སོང་ན་སྟག་ཅེས་པ་མེད་པའི་རྟགས་ཡིན་ཞེས་ལབ། སྤྲེའུས། གལ་སྲིད་ངས་ལྷ་སྲིན་སྡེ་བརྒྱད་དབང་དུ་བསྡུས་ཏེ་ཁྱོད་ཀྱི་སྟེ་དུ་ཐོག་སེར་ཕབ་ན། ཁྱོད་མི་སྐྲག་གམ་ཞེས་སྨྲས་པར། སྟག་གིས། ཁྱོད་ཀྱིས་གནམ་ས་བླ་འོག་བརྗེས་ཀྱང་ཁོ་བོ་མི་འཇིགས་ཞེས་སྨྲས། ཡང་སྤྲེའུས། འོ་ན་སྡོང་འོག་ཏུ་ཚུར་ཤོག་ཅེས་སྟག་ཤིང་སྡོང་འོག་ཏུ་ཁྲིད་ཅིང་ཆུ་ཟོ་བ་གང་བོ་སྟེང་དུ་བྱོས་པ་དང་། རྡོ་ཞིབ་རྣམས་སྟེང་དུ་བླུགས་ཏེ་དྲག་ཆར་དང་སེར་བ་འདྲེས་མ་བབས་སོང་ཞེས་འུར་བརྒྱབ། དེ་བཞིན་ཕ་བོང་ལུག་མགོ་ལྟ་བུ་དེ་གཅིག་འཕངས་ཏེ་གནམ་ལྕགས་ཀྱི་ཐོག་མདའ་བར་མེད་དུ་འཕེན་རྒྱུ་རེད་ཅེས་འུར་ཚེ། ཕ་བོང་དེ་ལྷུང་ནས་སྟག་གི་མགོ་དཀྱིལ་དུ་བརྒྱབ་པས་ཁོ་རབ་ཏུ་འཇིགས་ཏེ། བྱམས་བརྩེ་དང་ལྡན་པའི་སྤྲེའུ་དམ་པ་ལགས། ད་ཅི་ངས་ཁྱེད་ལ་བཤད་པ་ཐམས་ཅད་ཀུ་རེ་ཡིན། དེ་རིང་ང་ཁྱེད་ལ་གྲོ་སྐྱིན་མི་དགོས་ཟེར་བར་འོང་བ་ཡིན་ཞེས་ཕྱིར་ལྟ་ཙམ་ཡང་མེད་པར་བྲོས་སོང་བ་རེད།


རྩོམ་ཡིག་སྔོན་མ།
འ་ཞའི་སྐོར་བཤད་པ།
རྩོམ་ཡིག་རྗེས་མ།
སྟག་གི་རྒྱབ་ལ་ཟག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1