༄༅། །ན་གཞོན་སྒྲུང་བ་བསོད་ནམས་བློ་གྲོས།

མི་གསལ། རྩོམ་སྒྲིག་པ། སྒྲོལ་མ་ཚེ་བརྟན།ཡོང་ཁུངས། གླིང་གེ་སར་རིག་ནས་དྲ་བ། སྤེལ་དུས། 09-26


 

                  ཕ་ཡུལ་བོད་ལྗོངས་ནགས་ཆུ་ཁའི་འབྲི་རུ་ཚ་ཆུ་ཡུལ་ཚོའི་འཕེལ་ཐང་གྲོང་ནས་ཡིན་པའི་ན་གཞོན་སྒྲུང་བ་བསོད་ནམས་བློ་གྲོས་ཞུ་བ་ནི། ད་ལོ་དགུང་གྲངས་21 ཡིན་ལ། ཁོང་ནི་སྔོན་སྨོན་རྟེན་འབྲེལ་གྱི་འཕྲོ་བཟང་པོའི་དབང་གིས་གླིང་གེ་སར་གྱི་རྣམ་ཐར་བསྟོད་སྒྲུང་རིང་མོ་ངག་ཐོག་ནས་གང་ཤར་དུ་བཤད་ཤེས་མཁན་ཞིག་ཡིན་འདུག་ལ།ཁོང་གི་ངག་ཐོག་ནས་གླིང་སྒྲུང་སྣ་ཁ་མི་འདྲ་བ13ཙམ་བཤད་ཐུབ་པ་ནི། 1ལྷ་གླིང་། 2འཁྲུང་གླིང་། 3རྟ་རྒྱུག 4 བདུད་གླིང་། 5ཧོར་གླིང་། 6འཇང་གླིང་། 7མོན་གླིང་། 8སྟག་གླིང་། 9བྱེ་གླིང་། 10ཨ་གྲགས་གཟི་རྫོང་། 11སོག་གླིང་། 12སྨུག་གུ་དྲི་རྫོང་། 13མེ་རུའི་ཁྲོ་རྫོང་། རྣམས་ཡིན་ལ་དེ་དག་གི་ནང་ཚན་འཇང་གླིང་ནང་གཡུ་ལྷ་བཟུང་བ་དང་།མོན་གླིང་ནང་རྫོང་སྒོར་བཅར་བ་སོགས་འགའ་ཞིག་ཟེར་སྡེར་དུ་ཕབ་མྱོང་ཟེར་གྱིན་འདུག

དེ་ཡང་ཁོང་གིས་བཤད་པའི་སྒྲུང་གླུ་ལས།

༄༅། །སེང་ཅམ་འབྲུག་མོའི་བཀྲ་ཤིས་སྨོན་གླུ།

ཁྲ་བོ་གླིང་གི་དཔའ་རྟུལ་ཕུ་ནུ་རྣམས་ཀྱིས་སྟག་གཟིག་ཡུལ་གྱི་ནོར་བོད་ལ་བཞག་པ་དང་།མི་སེར་རྣམས་ལ་རྒྱུ་ཡི་དངོས་གྲུབ་སྩལ་ཅིང་། མདོ་ཁམས་གླིང་ལ་གླིང་རྗེ་ཡིས་ཆོས་འཁོར་མིང་དུ་སྐོར། དེ་ནས་ལྷ་རྒྱུད་སྡེ་ཚོགས་རྣམས་ཕ་ཡུལ་དུ་ལོག་རན་བའི་དུས་ལ་བབས་པ་ན། གླིང་དཀར་གྱི་མཁའ་འགྲོ་བཅུ་གསུམ་དང་ལྷག་པར་སྤྲིན་གྱི་ནང་ནས། འདོ་ཁམས་རྒྱལ་མོ་འབྲུག་མོ་དེའི་དཔའ་ཕུ་ནུ་རྣམས་པར་ཆང་ཕོར་པ་གང་རེ་འདྲེན་ཚར་པ་ན། དར་དཀར་པོ་དྲི་མ་མེད་པ་དར་སྟོད་ལ་བཀྲ་ཤིས་རྟགས་བརྒྱད་ཡོད་པ་དང་། དར་སྨད་ལ་རྒྱལ་སྲིད་སྣ་བདུན་ཡོད་པ་དར་དཀྱིལ་ལ་ཨ་གེ་གུ་པད་མ་རང་བྱུང་ཡོད་པ་ཞིག་ལག་གིས་ནམ་མཁར་ཕྱར་ནས་སྐྱ་ལོའི་སེང་ལྕམ་འབྲུག་མོས་བཀྲ་ཤིས་སྨོན་འདེབས་ཀྱི་གླུ་འདི་དགུ་སེང་དྲུག་འགྱུར་ངག་རྟ་ལ་དྲངས་ནས་གསུངས་སོང་།གླུ་ཨ་ལ་ཐ་ལ་ཐལ་རེད།།ཐ་ལ་མོ་གླུ་ཡི་ལེན་ལུགས་རེད། །ངས་དེ་རིང་ལྷ་ཞིག་འབོད་ལེ་ལ། །ཤར་གཡུ་ལོ་བཀོད་པའི་ཞིང་ཁམས་ནས། །གནས་དུག་ལོ་འབར་བའི་ཁྲི་སྟེང་ནས། །མ་རྗེ་བཙུན་སྒྲོལ་མ་ཚེ་ཡི་ལྷ། །ཁྱེད་ཚེ་ཡི་ལྷ་ལ་བསོལ་བ་འདེབས། ། ས་འདི་རྨ་ཁམས་གླིང་ཡུལ་ལ། །ས་བཟང་སྨོན་ལམ་ལ་ཁ་རེད། །སྨན་ང་དང་ངོ་མ་ཤེས་ན། །ཡབ་ལ་སྐྱ་ལོ་སྟོན་པ་ཟེར། །ཡུམ་ལ་རྨ་བྱ་མཛེས་ལྡན་ཟེར། །ང་རང་སེང་ལྕམ་འབྲུག་མོ་ཟེར། །ང་དབྱར་ལ་མ་འཁྲུངས་དགུན་ལ་འཁྲུངས། །དགུན་བོད་ཟླ་བཅུ་གཉིས་ནང་ལ་འཁྲུངས། །སྨན་ང་རང་འཁྲུངས་པའི་ཉིན་མོ་ལ། །དཀར་ཡག་གངས་ལ་སེང་ཞིག་འགྱིང་། །དོག་མོའི་ས་ལ་ལྕམ་ཞིག་སྐྱེས། །ཨ་སྔོན་གནམ་ནས་འབྲུག་ཅིག་གྲགས། །ང་སེང་ལྕམ་འབྲུག་མོ་དེ་ནས་ཐོགས། ། སྦྲ་ཡར་ལོའི་རྩེ་ལ་ཐང་དཀར་བབས། །ང་ཤ་ལོ་དཀར་བ་དེ་ནས་བྱུང་།སྦྲ་མར་ལོ་རྩེ་ལ་ཐང་སྨུག་བབས། །ང་སྐྲ་ལོ་སྨུག་པ་དེ་ནས་བྱུང་། །ཆོན་ཆེན་སྟེང་ལ་ཁུ་བྱུག་བབས། །ང་སྐད་ངག་སྙན་པ་དེ་ནས་བྱུང་། །ཀ་བའི་རྩེ་ལ་ཁྭ་ཏ་བབས། །ང་མི་ཁ་ཆེ་བ་དེ་ནས་བྱུང་། །རྒྱ་མཚོའི་དཀྱིལ་ལ་གསེར་ཉ་འཁྱུགས། །ང་སྐུ་ལུས་བདེ་འགྱུར་དེ་ནས་བྱུང་། ། དེ་ཚོ་བུ་མོའི་ཡིན་ལུགས་ཡིན། །རང་སྟོད་མ་ཡིན་ངོ་མ་ཡིན། །འོ་ན་ཚོ་དྲུག་གླིང་གི་སྡེ། །གསོན་དང་ཞུ་རྒྱུ་འདི་འདྲ་གདའ། །ད་ལོ་གནམ་ལོ་འདི་སར་ལ། །ཁྲ་བོ་གླིང་གི་ལས་དམག་དེ། །དབུ་ནག་བོད་ཀྱི་དོན་དག་དང་། །སངས་རྒྱས་ཆོས་ཀྱི་སྤྱི་དོན་ལ། །མ་བསྡད་སྟག་གཟིགས་ཡུལ་ལ་སོང་། ། བདུད་བློན་རྣམས་པ་དམ་ལ་བཏགས། །མི་སེར་དམ་པའི་ཆོས་ལ་བརྒྱུར། །དཀར་པོ་དགེ་བའི་དངོས་གྲུ་སྩལ། །དེ་ལས་དགའ་བ་གང་ན་ཡོད། །དེ་ནས་ཁྲ་བོ་གླིང་གི་སྡེ། །ཨ་ཁུ་སྤྱི་དཔོན་ནོར་དགོས་བྱས། །གེ་སར་རྒྱལ་པོའི་གཡང་འགུག་བྱས། །དེ་ལས་སྐྱིད་པ་གང་ན་ཡོད། །དེ་རིང་བཀྲ་ཤིས་ཉི་མ་ལ། །ཉམས་དགའ་བའི་ཕུ་ནུ་འཛོམས་པ་ལ། །བཀྲ་ཤིས་སྨོན་ལམ་ང་ཡིས་འདེབས། །ཁྱེད་རྣམ་པ་རང་ཡུལ་ལོག་ཁ་ལ། །བཀྲ་ཤིས་པའི་སྨོན་ལམ་ཚིག་གསུམ་ཡོད། །གནམ་ལ་བཀྲ་ཤིས་ཉི་ཟླ་གཉིས། །སྐར་ཚོགས་མང་པོའི་མཐའ་ནས་སྐོར། །གསལ་སྒྲིབ་མེད་པའི་བཀྲ་ཤིས་ཤོག །ས་ལ་རི་བཞི་རི་རབ་གླིང་། །གླིང་བཞི་གླིང་ཕྲན་མཐའ་ནས་སྐོར། །མཐའ་བུད་མེད་པའི་བཀྲ་ཤིས་ཤོག ། བར་ལ་གེ་སར་རྒྱལ་པོ་བཞུགས། །གྲུབ་ཐོབ་བརྒྱད་ཅུས་མཐའ་ནས་བསྐོར། །ཁམས་གསུམ་བདེ་བཀོད་བཀྲ་ཤིས་ཤོག །ལྷ་རྒྱུད་གླིང་གི་སྡེ་ཚོགས་རྣམས། །རང་ཡུལ་ཕྱོགས་ལ་ལོག་དུས་མོ། །མི་ལ་ན་ཚ་མི་ཡོང་བ། །སངས་རྒྱས་སྨན་ལྷའི་བཀྲ་ཤིས་ཤོག །ཕྱུག་ལ་ཉམས་ཆགས་མི་ཡོང་བ། །རྣམ་ཐོས་སྲས་ཀྱི་བཀྲ་ཤིས་ཤོག ། ནོར་དང་དངོས་གྲུབ་མི་ཉམས་པ། །ཛམ་བྷ་ལྷ་ཡི་བཀྲ་ཤིས་ཤོག །ཚེ་ལ་བར་ཆད་མི་ཡོང་བ། །ཚེ་དཔག་མེད་ཀྱི་བཀྲ་ཤིས་ཤོག །བཀྲ་ཤིས་ནམ་མཁའ་གང་བར་ཤོག ། སྨོན་ལམ་ས་ཞི་ཁྱབ་པར་ཤོག །ཅི་བསམ་ལྷུན་གྱིས་འགྲུབ་པར་ཤོག

།གླིང་དཀར་ཕུ་ནུ་རྣམ་པ་ཚོ། །བཀྲ་ཤིས་པའི་ངང་ནས་བདེ་མོར་ཕེབས། །གླུ་འཁྲུལ་བ་སོང་ན་ཐོལ་ལོ་བཤགས།།ངག་འཁྱལ་བ་བྱུང་ན་དགོངས་དག་ཞུ། ། ལྷ་རྒྱུད་ཐུགས་ལ་དེ་ལྟར་ཞོག །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1