ཏང་གི་གསར་གཏོད་རིགས་གཞུང་“མི་སེར་ཕལ་ཆེ་བའི་ཁྱིམ་དུ”སྐྱེལ་དགོས།

ལིའུ་དབྱི། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-25


        “དྲིལ་བསྒྲགས་བྱེད་ཐབས་དང་གཏམ་བཤད་སྤེལ་ཐབས་ཀྱི་གསར་གཏོད་ཐོག་ལ་ཤུགས་སྣོན་བརྒྱབ་ནས། ཏང་གི་གསར་གཏོད་རིགས་གཞུང་དེ་ཉིད་མི་སེར་ཕལ་ཆེ་བའི་ཁྱིམ་དུ་སྐྱེལ་དགོས”ཞེས་པ་དེ་ནི་ཉེ་ཆར་འཚོགས་པའི་རྒྱལ་ཡོངས་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་ཚོགས་འདུས་ཏང་གི་རིགས་གཞུང་གསར་གཏོད་དྲིལ་བསྒྲགས་བྱེད་པར་སྟོན་པའི་གཞི་རྩའི་རྩ་དོན་ཞིག་ཡིན།

        མར་ཁེ་སིས“མང་ཚོགས་ཀྱིས་རིགས་གཞུང་ལ་རྒྱུས་མངའ་བྱུང་འཕྲལ་དངོས་པོའི་སྟོབས་ཤུགས་སུ་འགྱུར་ངེས་ཡིན་པ་དང་། རིགས་གཞུང་གིས་མི་རྣམས་ཀྱི་བློ་ཡིད་འགུག་ཐུབ་ཚེ་མང་ཚོགས་ལ་ཚོད་འཛིན་བྱེད་ནུས”ཞེས་བསྟན་ཡོད་པས།--ཏང་གི་གསར་གཏོད་རིགས་གཞུང་ནི་ལག་ལེན་ཐོག་ནས་བྱུང་ཞིང་། ལག་ལེན་ལ་མཛུབ་ཁྲིད་བྱེད་ཐུབ་པ་མ་ཟད། དུས་རབས་རང་བཞིན་དང་། ལག་ལེན་རང་བཞིན། ཚན་རིག་རང་བཞིན། སྒོ་དབྱེའི་རང་བཞིན་བཅས་ལྡན་ཡོད་པས། ཏང་གི་གསར་གཏོད་རིགས་གཞུང་དེ་ཉིད་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བསམ་པའི་དད་པ་ཞིག་དང་། བྱ་སྤྱོད་ཀྱི་མཛུབ་སྟོན། བསམ་གཞིགས་ཀྱི་བྱེད་ཐབས་བཅས་སུ་འགྱུར་བ་བྱེད་དགོས་ན། དྲིལ་བསྒྲགས་བསམ་བློའི་འཐབ་ཕྱོགས་ཀྱི་ལས་དོན་པ་རྣམས་ཀྱིས་ཏང་གི་གསར་གཏོད་རིགས་གཞུང་དེ་ཉིད་མི་སེར་རྣམས་ཀྱིས་རྒྱུས་མངའ་དང་གོ་བ་ལེན་བདེ་ཤོས་ཀྱི“ཕལ་སྐད་གསལ་པོ”ཞིག་གི་ཐོག་ནས་བཤད་དེ། ཏང་གི་གསར་གཏོད་རིགས་གཞུང་གི་ཤེས་རབ་དེ་ཉིད་མི་སེར་ཕལ་པ་རྣམས་ཀྱི་སེམས་དབུས་སུ་ཟུག་ཐུབ་པ་བྱེད་དགོས།

        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་ཐུགས་དཀྱེལ་ཤིན་ཏུ་ཡངས་པས། གཏམ་བཤད་གནང་སྐབས་རྟག་ཏུ་གནའ་དེང་ཕྱི་ནང་གི་གཏམ་རྒྱུད་དང་། སྙན་ངག་གི་ཚིག་སྦྱོར་ཐོལ་ཐོལ་དུ་གསུངས་གནང་བ་དང་ཆབས་ཅིག ཁོང་གིས“ཕལ་སྐད་གསལ་པོ”ཞིག་ལ་བརྟེན་ནས་བྱང་ཆུབ་པའི་ངང་རྒྱལ་སྐྱོང་འདུ་ཤེས་བརྒྱུད་སྤྲོད་གནང་གི་ཡོད་དེ། ཁོང་གིས“ལྷམ་ཏག་ཏག་ཡིན་མིན། གོན་ན་གཞི་ནས་ཤེས་ཀྱི་རེད”ཅེས་གསུངས་པ་དེས་རྒྱལ་ཁབ་འཕེལ་རྒྱས་ཀྱི་ལམ་བུ་ནི་མི་དམངས་མང་ཚོགས་ཀྱིས་བདམས་པ་ཞིག་ཡིན་པ་དེ་རྒྱས་བཤད་གནང་བ་དང་། “པད་ཚལ་དང་ལ་ཕུག་གང་ཞིམ་པ། མི་སོ་སོའི་དགའ་མོས་མི་གཅིག་པས་རེད”ཅེས་པ་དེ་ནི་ཤེས་དཔལ་གྱི་སྣ་མང་རང་བཞིན་ལ་དཔེ་བཞག་གནང་བས། ཐོས་ན་ཚིག་བདེ་ལ་སྙིང་ཉེ་བ་ཞིག་དང་། བསྣམ་ཚེ་ས་ཡི་དྲི་ཞིམ་འཐུལ་བ། བསམ་ན་གོ་དོན་གཏིང་ཟབ་ལྡན་པ་ཞིག་རེད་འདུག

        ཏང་གི་གསར་གཏོད་རིགས་གཞུང་དེ་ཉིད་མི་སེར་ཕལ་ཆེ་བའི་ཁྱིམ་དུ་སྐྱེལ་དགོས་ན། དང་ཐོག་ཇི་ལྟར་ཤོད་རྒྱུའི་ལས་དོན་བསྒྲུབ་དགོས། “དཔོན་ཉམས་རྩོམ”དེ“ཕལ་སྐད་གསལ་པོ”ཞིག་ལ་འགྱུར་བ་བྱས་ནས“མང་ཚོགས་རང་བཞིན”གྱིས“རང་བཞིན་མང་ཚོགས”ལ་འགྱུར་བར་སྐུལ་འདེད་བཏང་སྟེ། གནས་ལུགས་ཆེན་པོ་དག་དོན་ཆུང་ངུས་སྟོན་པ་མ་ཟད། ཟུར་ཆུང་ཡང་མཐོང་ཆེ་བ་དང་། ལྟ་བ་ཕྲན་ཡང་གོ་དོན་ཟབ་པ། གཏམ་རྒྱུད་ཆུང་ཡང་རྟོག་རྒྱ་ཡངས་པ་བཅས་ཀྱི་ཐོག་ནས་རིགས་པའི་གཞུང་ལུགས་ཀྱི་ཉམས་འགྱུར་མངོན་པར་བྱེད་ཅིང་། ཏང་གི་གསར་གཏོད་རིགས་གཞུང་དེ་དོན་དངོས་ཀྱིས་བསྟན་ཏེ། མང་ཚོགས་ཀྱིས་དགའ་བའི་སྐད་ལུགས་དང་། ཉེ་འགྲམ་གྱི་དོན་དངོས་ཀྱི་ཐོག་ནས་གཏིང་ཟབ་པའི་རིགས་གཞུང་ལ་རྒྱས་བཤད་བྱེད་དགོས་པ་དང་། རིགས་གཞུང་དེ་གསོན་ཉམས་དོད་པོས་བསྟན་ཏེ། གསར་ཉམས་དང་། གསོན་ཉམས། སྤྲོ་ཉམས་བཅས་དོད་པའི་དཔེ་མཚོན་དང་གསར་ཐོན་སྨྱན་བྱེད་ལ་བརྟེན་ནས་རིགས་གཞུང་གི་གཞི་རྒྱ་སྐྱེད་དགོས། དཔེར་ན། འཕེལ་རྒྱས་དང་ཁོར་ཡུག་གི་འབྲེལ་བ་གསལ་སྟོན་བྱེད་པའི་ཚེ། “གསེར་རི་དང་དངུལ་རི་དགོས་ལ། ཆུ་ལྗང་དང་རི་སྔོན་ཡང་དགོས།”ཞེས་ཕྱོགས་བསྡུས་གནང་བ་དང་། དམ་པ་དོན་གཉེར་བྱེད་པར་སྐུལ་སློང་བྱེད་སྐབས་དཔེ་འདི་འདྲ་ཞིག་གསུངས་པ་སྟེ། “མིད་པ་ཚ་ཚ་བཤད་པ་ལས། ལག་གཉིས་འགུལ་ན་དགའ་གི་རེད།”ཅེས་པ་ལ་སོགས། ཁ་གསལ་གོ་བདེའི་སྐད་ཆ་དེ་དག་གིས་ཏང་གི་གསར་གཏོད་རིགས་གཞུང་དེ་ཉིད“མཐོ་སྡོད་གཤམ་སྣོན་བྱེད་པ་དང་། རང་རང་ཅིག་ལབ་རྒྱག་པ་བཞིན”གྱི་ཐབས་སྡུག་གནས་ལས་བྲལ་ཡོད།

        ཏང་གི་གསར་གཏོད་རིགས་གཞུང་དེ་ཉིད་མི་སེར་ཕལ་ཆེ་བའི་ཁྱིམ་དུ་སྐྱེལ་དགོས་ན། དེ་བས་རྣམ་འགྱུར་ཇི་འདྲ་ཞིག་གི་ཐོག་ནས་ཤོད་རྒྱུའི་ལས་དོན་བསྒྲུབ་དགོས། སྐད་ཆ་གང་ཞིག་ཤོད་མིན་གྱི་ཐོག་ནས་བསམ་བློའི་ཆུ་ཚད་མངོན་ཞིང་། སྐད་ཆ་ཇི་ལྟར་ཤོད་མིན་གྱི་ཐོག་ནས་ལས་ཀའི་སྤྱོད་ཚུལ་མཚོན་གྱི་ཡོད། ལས་ཀ་གཏིང་ཟབ་མ་བྱས་པར་བརྟེན་སྐད་ཆ་ཡང་ངོ་མ་ཤོད་མི་ཤེས་པ་དང་། དཔྱད་གཞི་ཁུངས་གཏུག་དེ་མ་ལོན་པར་བརྟེན་སྐད་ཆ་བཤད་པར་གནས་ལུགས་གང་ཡང་མེད་པ། སྤོབས་པ་ཆེ་ཞིང་འགྱིང་ཉམས་སྟོན་ནས་སྐད་ཆ་བཤད་པར་མི་རྣམས་བསུན་སྣང་སྐྱེ་བ། བག་མེད་ལོངས་སྤྱོད་ཀྱིས་དམངས་དང་ཁེ་ཕན་རྩོད་པར་བརྟེན་སྐད་ཆ་དྲང་པོ་ཞིག་ཤོད་མི་ཐུབ། དེ་དག་ཕྱི་ནས་བལྟས་ན་མང་ཚོགས་ཀྱི་ལས་དོན་བསྒྲུབ་མི་མཁས་པ་ལྟར་སྣང་ཡང་དོན་ངོ་མའི་འབྱུང་རྐྱེན་ནི་སྤྱོད་ཚུལ་ཧ་རེ་ཧུ་རེ་ཡིན་པས་རེད། འབངས་མི་སེར་དང་འབྲེལ་བ་བྱེད་སྐབས་འགག་གནད་ནི་ཏན་ཏན་ཏིག་ཏིག་བྱེད་རྒྱུ་དེ་ཡིན། ཁ་མཁས་ཚིག་སྙན་དང་དཔོན་གཏམ་དཔོན་ཉམས་སྟོན་མི་རུང་ཞིང་། གཏམ་སྤྱོད་གང་ཅིའི་ཐོག་ནས་འབངས་མི་སེར་དང་རང་བཞིན་གྱི་ཤ་ཚ་སྐྱེ་དགོས་ཤིང་། མང་ཚོགས་ཀྱིས་ཁྱེད་རང་གཤིས་རྒྱུད་དྲང་བར་ངོས་འཛིན་པ་ལྟར་ཁྱེད་ཀྱི་སྐད་ཆར་ཡང་རང་བཞིན་དུ་ཉན་འདོད་བྱེད་ཀྱི་ཡོད་པས། དེ་ལྟར་ཏང་གི་གསར་གཏོད་རིགས་གཞུང་གི་བརྗོད་དོན་ཀྱང་ཅི་གྲོས་མོལ་གྲོས་ཀྱི་ཁྲོད་དུ་ཤུགས་རྐྱེན་དང་ཕན་ནུས་ཐོན་ངེས་ཡིན།

        ཏང་གི་གསར་གཏོད་རིགས་གཞུང་དེ་ཉིད་མི་སེར་ཕལ་ཆེ་བའི་ཁྱིམ་དུ་སྐྱེལ་དགོས་ན། གལ་ཆེ་ཤོས་ནི་ས་གནས་གང་ལ་སྐད་ཆ་ཤོད་དགོས་པ་དེ་ཡིན། མའོ་ཙེ་ཏུང་གིས་ཏང་ཡོངས་ལ་སློབ་གསོ་སྐྱོན་དོན། “ང་ཚོས་མི་དམངས་མང་ཚོགས་ཀྱི་ཁྲོད་དུ་དྲིལ་བསྒྲགས་སློབ་གསོའི་ལས་དོན་རྒྱ་ཁྱབ་ངང་སྤེལ་ནས། མི་དམངས་ཀྱིས་ཀྲུང་གོའི་གནས་ཚུལ་ངོ་མ་དང་འགུལ་ཕྱོགས་ཤེས་སུ་བཅུག་སྟེ། རང་ངོས་ཀྱི་སྟོབས་ཤུགས་ལ་ཡིད་ཆེས་ཡོད་པ་བྱེད་དགོས”ཞེས་གསུངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་ཐེངས་མང་གནང་དོན། སློབ་གསོ་རྒྱག་ས་གང་དུ་ཡོད་པ་དེར་དྲིལ་བསྒྲགས་བསམ་བློའི་ལས་དོན་ལེགས་པར་སྤེལ་དགོས། ཏང་གི་གསར་གཏོད་རིགས་གཞུང་གི་དྲིལ་བསྒྲགས་ལས་ཀ་ཡག་པོ་བྱེད་དགོས་ན། མང་ཚོགས་དང་ཁ་བྲལ་མི་རུང་ལ། “དཔེ་ཁང་”དུ་བསྡད་དེ་རང་གཏམ་རང་བཤད་དང་། དོན་མེད་ལས་རྙོག་ཁོ་ན་བཟོ་མི་རུང་བར། མང་ཚོགས་དང་མཉམ་དུ་རྐུབ་སྐྱག་གཅིག་གི་ཐོག་ལ་བསྡད་དེ་ཏང་གི་གསར་གཏོད་རིགས་གཞུང་དེ་ནི་མང་ཚོགས་ཀྱི་ཟས་གོས་སྡོད་གསུམ་དང་། ཇ་ཚྭ་སྣུམ་གསུམ་དང་འབྲེལ་བར་ཉམས་ཞིབ་བྱས་ཐོག “གླེང་སྟེགས་ཆེན་པོ”དང་“སྒྲོག་འགྲེལ་ཆུང་ངུ”གཉིས་ཀྱི་དགེ་མཚན་ཟུང་འབྲེལ་གང་ལེགས་བྱས་ཏེ། དོན་ཆེན་བསྒྲུབ་པར་ངང་རིང་དགོས་པའི་ཚུལ་བསྐྱངས་ནས་སྙིང་དོན་ཟབ་ལ་གོ་བདེ་བ་དང་། ཟུར་བསྟན་ལེབ་མཐོང་གིས་ཏང་གི་གསར་གཏོད་རིགས་གཞུང་དེ་ཉིད་མི་སེར་ཕལ་ཆེ་བའི་ཁྱིམ་དུ་སྐྱེལ་དགོས་སོ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1