དཔོན་ཉམས་རིང་ལུགས་ལ་བཅོས་སྒྲིག་བྱེད་རྒྱུ་ངེས་པར་དུ་ཞིབ་ཕྲའི་ལས་ཀ་ནས་འགོ་འཛུགས་དགོས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-25


        ཉེ་བའི་དུས་མཚམས་ཤིག་རིང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་དེ་སླར་ཡང་འགོ་འབུར་ཚུགས་སུ་འདོན་བཞིན་ཡོད་པས། ཏང་ཀྲུང་དབྱང་གིས་གནད་དོན་དེར་མཐོང་ཆེན་གནང་སྟེ། རིམ་ཁག་ཏང་ཨུད་དང་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་བཟོད་སྒོམ་གཏན་ནས་མི་བྱེད་པའི་ཐོག་ནས་ཆེད་དོན་བཅོས་སྒྲིག་བྱེད་རྒྱུའི་བླང་བྱ་གསར་པ་བཏོན་ཡོད་པ་རེད། རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་གནད་དོན་ཞིབ་བཤེར་ཐག་གཅོད་དང་ཐེར་འདོན་བྱས་པ་དང་བསྟུན་ནས། ལས་བྱེད་པ་དང་མང་ཚོགས་ཚོས་སྤྱོད་ཚུལ་ཐོག་གི་གནད་དོན་དེ་དག་གི་གནོད་སྐྱོན་གྱི་རང་བཞིན་ལ་ངོས་འཛིན་ཐུབ་པ་མ་ཟད། ད་དུང་གོམ་གང་མདུན་སྤོས་ཀྱིས་གནད་དོན་སྒྱུར་བཅོས་བྱེད་པའི་ཡིད་ཆེས་ཀྱང་ཇེ་ཆེར་སོང་ཡོད་པ་རེད།

        ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་དེ་གཟུགས་དང་སྒྲིབ་མ་བཞིན་དུ་འགྲོགས་པ་སྟེ། དཔོན་ཉམས་རིང་ལུགས་ཀྱིས་ཕྱི་ཚུལ་རིང་ལུགས་ཐོན་པ་དང་། ཕྱི་ཚུལ་རིང་ལུགས་ཀྱིས་དཔོན་ཉམས་རིང་ལུགས་ལ་རམ་འདེགས་བྱེད་ཀྱི་ཡོད། དཔོན་ཉམས་རིང་ལུགས་དེ་ལས་ཁུངས་ནང་དུ་མངོན་ཚུལ་ནི་དོན་དངོས་དང་ཁ་བྲལ་བ་དང་། ཁ་བཤད་ལས་ལག་པ་མི་འགུལ་བ། གྱིད་ལུགས་སྣང་མེད་ལ་གཏོང་ཞིང་། མཐོ་ས་ཁོ་ནར་སྡོད་པ། ལས་ཁུངས་ནས་བཀོད་པ་རྐྱང་རྐྱང་གཏོང་གི་ཡོད། ད་དུང་གཞི་རིམ་ལ་མང་ཚོགས་དང་ཁ་བྲལ་ཏེ། སྤྱོད་ཚུལ་ཟ་རི་ཟི་རི་དང་། མང་ཚོགས་ཀྱི་རེ་འབོད་ལ་སྣང་མེད། སྲིད་དོན་ཁོ་ནའི་ཐོག་ལ་ཉི་མ་སྐྱེལ་ཞིང་། ཕྱི་མཛེས་ནང་སྟོང་གི་རྩོམ་ཡིག་ཁོ་ནར་མགོ་གཡེངས་ནས་སྡོད་ཀྱི་ཡོད། དཔོན་ཉམས་རིང་ལུགས་ཀྱི་མཚོན་ཚུལ་དང་གནོད་སྐྱོན་ལ་ངོས་འཛིན་གཏིང་ཟབ་བྱེད་ཐུབ་ཚེ། ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ཁྲོད་དུ་འཕྲད་པའི་གནད་དོན་གསར་པ་ཁྱད་བསད་དང་ཐག་གཅོད་བྱེད་རྒྱུར་ཕན་ནུས་ཐོན་ཐུབ་ལ། ཧུར་བརྩོན་དང་ཡར་ཐོན་གྱིས་ལས་དོན་བསྒྲུབ་པའི་ཁོར་ཡུག་དང་། དངོས་ཐོག་བདེན་འཚོལ་གྱི་བསམ་པའི་འཁྱེར་སྟངས། ལག་བསྟར་དམ་འཛིན་བྱེད་པའི་ལས་ཀའི་སྤྱོད་ཚུལ་བཅས་ཆགས་ཐུབ་ཀྱི་རེད།

        དགོད་བྲོ་བའི་སྐད་ཆ་དེ་འདྲ་ཞིག་ཡོད་པ་དེས་དཔོན་ཉམས་རིང་ལུགས་ཀྱི་གཟུགས་བརྙན་མངོན་པ་སྟེ། ནགས་ཚལ་ཞིག་ལ་མེ་སྐྱོན་གྱི་གནས་ཚུལ་ཡོད་པ་ཤེས་པ་དང་། གོང་རིམ་ལ་དུ་བ་འཕྱུར་གྱི་ཡོད་པ་སྙན་སེང་ཞུས། འགོ་ཁྲིད་ཀྱིས་མེ་འབར་གྱི་འདུག་གམ་ཞེས་དྲིས་ནས། ཇུས་ཏོག་མི་བྱེད་ལ་འགུལ་ཙམ་ཡང་མ་བྱས་པ་རེད། འོན་ཏེ་མེ་འོད་ཀྱིས་ནམ་མཁའ་ཡོངས་དམར་པོ་ཆགས་སྐབས། གཞི་ནས་ཁྱོད་ཚོས་སྔ་ས་ནས་མི་བཤད་པ་གང་ཡིན་ཞེས་སྐྱོན་འཛུགས་བྱས། དེ་ལྟའི་གནས་ཚུལ་ནི་ཅུང་དཔེ་མཚོན་ཞིག་ཡིན། དཔོན་ཉམས་རིང་ལུགས་ཀྱི་མངོན་ཚུལ་རྣམ་པ་ནི་འགའ་ཞིག་མངོན་གསལ་དོད་པ་དང་། འགའ་ཤས་ནི་མངོན་མེད་ཅིག་ཡིན་གཤིས། ཞིབ་ཕྲའི་ལས་དོན་གྱི་ཁྲོད་དུ་ད་དུང་རྣམ་པ་སྣ་ཚོགས་ཡོད་པ་གཤམ་དུ་དཔེ་འགའ་ཤས་དྲངས་ནས་བཅོས་སྐྱོང་གི་དོ་སྣང་ཡོང་རེ་བྱེད་རྒྱུ་སྟེ།

        དཔེར་ན་མ་དངུལ་དང་རྣམ་གྲངས་དོ་དམ་བྱེད་པའི་ལས་ཀའི་ཐོག གོང་རིམ་ནས་མ་དངུལ་དང་རྣམ་གྲངས་སླེབས་པ་ན། ལས་བགོས་བྱེད་རྒྱུར་བྲེལ་བ་མི་བྱེད་ཅིང་། ས་གནས་གང་ལ་དགོས་མཁོ་ཆེ་བ་དང་དོན་འཁྱོལ་བྱེད་པའི་ཆ་རྐྱེན་ཡོད་མེད་ལ་ཞིབ་ཕྲའི་ཞིབ་འཇུག་མི་བྱེད་པར་དེ་ལས་ལྡོག་ཏེ་དེ་གཞན་གྱིས་རེ་འདུན་ཞུ་རྒྱུར་སྒུག་སྡོད་ཀྱི་ཡོད། འགའ་ཞིག་གིས་ནི་ལོ་འགོར་ལས་དོན་བཀོད་སྒྲིག་མི་བྱེད་པ་མ་ཟད། ལོ་འཁོར་གྱི་དུས་དཀྱིལ་དུའང་ཕྱིར་བསྟན་གྱི་མེད། འོན་ཀྱང་ལོ་མཇུག་ལ་སླེབས་སྐབས་མ་དངུལ་བེད་མེད་དུ་བཞག་པའི་འགན་འཁྲི་དཀྲིས་དོགས་ཀྱིས་སྐྲག་ཏེ། གཞི་ནས་འཚབ་འཚུབ་ངང་བཀོད་སྒྲིག་བྱེད་ཀྱི་ཡོད་པ་རེད། གཤམ་དུ་མ་དངུལ་བཏང་བ་དེའང་ཡང་མིན་ན་འགྲོ་ཡུལ་རྩད་གཅོད་མི་བྱེད་ལ་དོན་འཁྱོལ་བྱས་མིན་ཀྱང་མི་ལྟ་བས། གཤམ་ལ་ལས་གྲྭ་ཕན་མེད་ཆགས་པ་དང་། མ་དངུལ་གཞན་གཏོང་དང་འཚང་ཁ་རྒྱག་པ། སྒེར་བགོས་སོགས་ཀྱི་འགྱོད་གཞི་བརྟག་དཔྱད་བྱེད་སྐབས་གཞི་ནས་གཉིད་ལས་བསད་པ་བཞིན་ཡོང་བ་དང་། རང་ཉིད་ཀྱི་འགན་འཛོལ་ལ་བསྐྱར་ཞིབ་དང་ངོས་ལེན་མི་ཞུ་བ་དང་། ཡང་མིན་ན་མ་དངུལ་དང་རྣམ་གྲངས་ཀྱི་བཀོད་སྒྲིག་གི་ཐད་ལ་བེད་སྤྱོད་དོན་འཁྱོལ་བྱེད་རྒྱུའི་ཆ་རྐྱེན་འགའ་ཞིག་བཟོ་བ་དང་། སྤྱིར་བཏང་གི་མ་དངུལ་དང་རྣམ་གྲངས་དགོས་མཁོ་ཡོད་པ་དེ་ལ་རྣམ་གྲངས་ཀྱི་ཁུངས་སྐྱེལ་དང་། སྔོན་འགྲོའི་ཞིབ་དཔྱད། ཞིབ་བཤེར་རྩིས་ལེན་སོགས་ཀྱི་ལས་ཀའི་འགྲོ་གྲོན་མེད་པ་དང་། དེ་འདྲ་བ་ལྟ་སྐུལ་བྱེད་སྐབས་ཧ་ལམ་ཚད་གཞི་ཡོད་པ་ལྟར་སྣང་ཡང་། ས་གནས་འགའ་ཞིག་གིས་ཞིབ་ཕྲའི་དཀའ་ངལ་ཡོད་ཚུལ་གྱིས་རྣམ་གྲངས་ལེན་འདོད་མི་བྱེད། ཡང་མིན་ན་རྣམ་གྲངས་ཀྱི་མ་དངུལ་གཤམ་དུ་བཏང་འཕྲལ་ལམ་སེང་ལྟ་སྐུལ་དང་རྩིས་ལེན་བྱེད་དགོས་ཟེར་གྱི་ཡོད་ཙང་། ཧར་ཧུར་ངང་ནས་ལས་གཞི་ཚ་འདེད་བཏང་མཐར། བྲེལ་འཚུབ་གྱིས་གྲུབ་འབྲས་འགའ་ཤས་བཟོས་ནས་བེད་སྤྱོད་མི་བཏང་གོང་དུ་སེར་ཀ་གས་ཤིང་ལྡིབ་པའི་གནས་ཚུལ་ལྷག་པར་བརྟེན་བསྐྱར་བཟོ་མ་བྱེད་ཀ་དུ་འགྱུར་གྱི་ཡོད། ལས་ཁུངས་ཀྱི་ནད་རིགས་དེ་དག་ནི་རང་རེས་སྒྲིག་བཤེར་ལས་དོན་དང་བསྡོམས་རྩིས་སྙན་ཞུའི་ཁྲོད་ནས་མཐོང་ཐུབ་པའི་སྣང་ཚུལ་ཤ་སྟག་རེད།

        དཔེར་ན་ཁྱབ་ཁོངས་འགའ་ཞིག་གི་ནང་། རྣམ་གྲངས་ཁ་ཤས་ལ་ཐོག་མར་དངུལ་གྱི་རོགས་སྐྱོར་མི་ལྡང་བར་གནས་ཤིང་། རྨང་གཞིའི་ལས་དོན་དོན་འཁྱོལ་བྱེད་ཁག་པོ་ཡོད། འོན་ཏེ་འགྲོ་གྲོན་འགྱུར་བ་དང་། ཆེད་དོན་འཛུགས་སྐྲུན་གྱི་མ་དངུལ་གཏོང་ཤུགས་ཇེ་ཆེར་བཏང་བ་དང་བསྟུན་ནས། གོང་གི་གྲོན་དངུལ་སྣ་ཚོགས་རིམ་བཞིན་འབྱོར་བ་ན། ས་ཁུལ་འགའ་ཤས་དང་གཞི་རིམ་ཚན་པ་ག་བྱེད་འདི་བྱེད་མེད་པར་འགྱུར་ནས། ཇི་ལྟར་དོན་འཁྱོལ་བྱེད་དགོས་པ་མ་ཤེས་པར་ཡང་ན་ཟ་ཟིར་དོན་འཁྱོལ་བྱེད་པའམ། ཡང་ན་མ་དངུལ་བེད་མེད་དུ་འཇོག་པའམ། ཡང་ན་རྣམ་གྲངས་མཇུག་སྒྲིལ་བའི་སྙན་ཞུ་བཟོས་ཏེ་ཁག་ཐེག་བྱེད་པའམ། ས་ཁུལ་འགའ་ཞིག་ལ་ཐ་ན་རྣམ་གྲངས་དངུལ་སྒེར་ལ་བགོ་ཤ་རྒྱག་པ་དང་། དགའ་ཉེ་དང་གྲོགས་པོར་ལྟ་སྐྱོང་བྱེད་པར་སྤྲོད་པ་སོགས་ཀྱི་གནད་དོན་ལྷག་བཞིན་ཡོད། དེ་བཞིན་དབུལ་སྐྱོར་ཁྱབ་ཁོངས་དང་། འགྲིམ་འགྲུལ་ཆུ་བེད་འཛུགས་སྐྲུན་སོགས་ཀྱི་ཁྱབ་ཁོངས་སུ་ཡང་དེ་དང་འདྲ་བའི་གནད་དོན་ལྷག་བཞིན་ཡོད། ཁྱབ་ཁོངས་ཀྱི་གནད་དོན་དེ་དག་ནི་ང་ཚོས་གསལ་བསྒྲགས་བྱས་པའི་འགྱོད་གཞིའི་ཁྲོད་དུ་གཅིག་མཚུངས་ཀྱི་མངོན་ཚུལ་ཇི་སྙེད་ཅིག་ཡོད།

        དཔེར་ན་ས་ཁུལ་འགའ་ཞིག་ལ། ཇུས་འགོད་བྱས་པའི་དམིགས་ཡུལ་དང་འཆར་འགོད་དེ་དོན་དངོས་ལས་ཁ་བྲལ་བར་བརྟེན། ལག་བསྟར་བྱེད་མཁན་རྣམས་ཅི་བྱེད་འདི་བྱེད་མེད་པར་འགྱུར་ནས་མིག་བཀབ་ནས་ཁང་བྱེའུ་འཛིན་པའི་ཚུལ་སྐྱོང་ཞིང་། ཕུགས་བསམ་ཆེས་མཛེས་སྡུག་ལྡན་ན་ཡང་། དོན་ངོ་མ་ཐབས་ཆག་ཅིག་ལས་མེད་པས། བརྟག་ཞིབ་དང་དཔྱད་དཔོག་གི་ཁ་ཕྱོགས་ཇི་བཞིན་ལག་བསྟར་བྱེད་རྒྱུར་ལྟ་སྐུལ་བྱེད་པ་དང་། གཤམ་དུའང་རྒྱུ་ཆ་རྫུན་མ་བཟོས་ཏེ་ཕན་འབྲས་གོང་ཞུ་བྱེད་ཅིང་། ཕན་ཚུན་ཚང་མས་ཤེས་ཀྱི་ཡོད་ཀྱང་གནད་དོན་ཤོད་ཀྱི་མེད་པ་རེད། རྣམ་གྲངས་འགའ་ཤས་ནི་མང་ཚོགས་ཀྱི་འཇོན་ཚོད་དང་ནོར་སྲིད་ཀྱི་སྟོབས་ཤུགས་ལས་རྒལ་ཡོད་པ་ནི། རྨོངས་ཚོད་ཀྱིས་དངུལ་གཡས་ནས་སྣུམ་ལམ་རྒྱ་ཆེན་བཟོ་བ་དང་། རྒྱ་ཆེའི་ཐང་ཆེན་བཟོ་བ། གསར་སྤེལ་ཁུལ་གཉེར་བ། ས་ཆའི་མཚོན་བྱེད་ཀྱི་ཐོག་ཁང་ཟེར་བ་བརྒྱབ་ནས། ཕྱོགས་གང་སར་དངུལ་བུན་བཟོས་པར་བརྟེན། དངུལ་ཁང་དང་ཁེ་ལས། དམངས་བཟོ་སོགས་ཀྱི་རྟག་ཏུ་བུན་འདེད་དང་ཞུ་གཏུགས་རྒྱག་ཏུ་ཡོང་གི་ཡོད། ལས་བྱེད་པ་འགའ་ཤས་ཀྱིས་ཀྲུང་དབྱང་ནས་གསལ་བསྒྲགས་ཡང་ཡང་གནང་བའི་འཁོར་ཡུག་མཐའ་ཐིག་གི་བླང་བྱ་བརྩིས་མེད་དུ་བཏང་ནས། མིག་སྔར་གྱི་ཁེ་ཕན་དང་མི་ཉུང་ཤས་ཀྱི་ཁེ་ཕན་གཅིག་པོ་བསམས་ཏེ། རང་སྣང་གང་ཤར་གྱིས་ས་ཞིང་དང་གཏེར་ཁའི་ཐོན་ཁུངས་སྔོགས་པའི་དབང་ཆ་སྤྲོད་པའམ། ཡང་ན་སྔོགས་སྤེལ་ཚོང་པས་ཆུ་མགོ་དང་། ཁོར་ཡུག་སྲུང་སྐྱོང་ཁུལ། ལོ་རྒྱུས་རིག་གནས་སྲུང་སྐྱོང་ཁུལ་བཅས་ལ་གང་བྱུང་སྔོགས་གཏོར་དང་། མར་བཤིག་ཡར་སྐྲུན་ཤུགས་ཆེན་བྱས་ཏེ། འབྱུང་ཁམས་རིག་གནས་ཁོར་ཡུག་ལ་གནོད་སྐྱོན་གསབ་ཐབས་བྲལ་བ་བཟོ་གི་ཡོད། སྣང་ཚུལ་དེ་དག་ནི་ང་ཚོའི་བརྡ་ཁྱབ་སྣ་ཚོགས་ཀྱི་ཁྲོད་ནས་མཐོང་ཐུབ།

        དཔོན་ཉམས་རིང་ལུགས་ཀྱི་སྣང་ཚུལ་ལས་ཁུངས་ཁག་ནང་མངོན་པ་དང་། གཞི་རིམ་ལ་མངོན་པ། ཚན་ཁག་ནང་མངོན་པ་མ་ཟད། ད་དུང་ཁྱབ་ཁོངས་ནང་ལའང་མངོན་པ། ཇུས་འགོད་ཀྱི་ཐོག་མངོན་པ། དོན་འཁྱོལ་གྱི་ནང་ལའང་མངོན་གྱི་ཡོད། མི་བྱེད་པ་དང་གང་བྱུང་དུ་བྱེད་པ་ནི་དཔོན་རིང་ལུགས་ཡིན་ལ། བལྟས་ཀྱང་མི་མཐོང་བ་དང་གཡོ་ཟོལ་བྱེད་རིགས་ཀྱང་དཔོན་ཉམས་རིང་ལུགས་ཡིན། དོན་དངོས་དང་ཁ་བྲལ་ཞིང་གནད་དོན་སྣང་མེད་དུ་གཏོང་བ་ནི་དཔོན་ཉམས་རིང་ལུགས་ཡིན་ལ། བཀའ་རྒྱ་ཁོ་ན་གཏོང་བའི་རིང་ལུགས་དང་མཇུག་མའི་རིང་ལུགས་ཀྱང་དཔོན་ཉམས་རིང་ལུགས་ཡིན། གལ་སྲིད་སྤྱིར་བཏང་རང་བཞིན་ཙམ་གྱི་འགན་མི་འཁུར་བའི་སྐད་ཆ་འདྲ་ཤོད་པ་དང་། དོན་དངོས་ནང་དོན་གང་ཡང་མེད་པའི་ཚོགས་འདུ་ཁ་ཤས་འཚོགས་པ། ཞྭ་དཔེ་ལྷམ་འགེབས་ལྟ་བུའི་སྤྱི་འགྲོས་གཞུང་ཡིག་འགའ་ཞིག་སྤེལ་བ་བཅས་དེ་དག་ཚང་མ་གོམས་གཤིས་སུ་འགྱུར་ནས་ཧང་སངས་རིན་མེད་པ་ཞིག་ལགས་ན། ཞིབ་ཕྲའི་ལས་དོན་ཁྲོད་དུ་དེ་དང་འདི་འདྲའི་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་ལྷག་པ་དེ་རྣམས་ནི་གནོད་འཚེ་ཅུང་ཆེ་བ་ཞིག་ཡིན་པས། དོ་སྣང་བྱེད་དགོས་ཁར་དམིགས་གཏད་རང་བཞིན་གྱི་བྱེད་ཐབས་སྤྱད་དེ་བཅོས་སྒྲིག་གང་ལེགས་བྱེད་དགོས།

        གཏམ་བཤད་ནི་སྙན་ཞུ་ལས་ཀྱང་སྙན་ཞིང་འཇེབས་ལ། སྙན་ཞུ་ནི་འགན་འཁྲིའི་ཡི་གེ་ལས་ཀྱང་མཛེས་པ། འགན་འཁྲིའི་ཡི་གེ་ནི་དོན་དངོས་ལས་དོན་ལས་ཀྱང་མཚར་ཞིང་སྡུག་པ་ཞིག་ཡོད་པ་དང་། དོན་མེད་སྟོང་བཤད་ནི་དིར་དིར་སྒྲོག་ཀྱང་། དྲང་གཏམ་ཤོད་དུས་ལྕེ་ལ་མདུད་པ་ཐེབས་འགྲོ་བ། འཆར་གཞི་བཟོ་ཞིང་སྐུལ་སློང་བྱེད་སྐབས་ཚ་ཚ་འུར་འུར་བྱེད་ཀྱང་། དོན་འཁྱོལ་དམ་འཛིན་དང་དོན་དངོས་བསྒྲུབ་སྐབས་ཕན་ནུས་ཐོན་དཀའ་བ་ཡོད་པ། བརྒྱུད་རིམ་བཤད་དུས་ཐག་སྒྲ་ལིང་ལིང་བཤད་ཀྱང་། མཇུག་འབྲས་འདྲི་སྐབས་ག་ཤོད་འདི་ཤོད་མི་ཤེས། རང་གིས་འགན་མི་འཁྱེར་བ་ལྟ་ཅི་སྨྲོས། དེ་ལས་གནས་ཚུལ་ལྷག་སྐབས་འགན་འཁྲི་གང་སར་དཀྲི་བ་བཅས་ཀྱི་གནད་དོན་དེ་དག་ནི་སྐབས་འཕྲལ་དུ་ཤེས་པ་དང་བཅོས་སྒྲིག་ནན་པོ་བྱེད་དགོས་པ་འདུག

        དགག་རྒྱག་གི་དྲག་ཆས་ཀྱིས་དྲག་ཆས་ཀྱི་དགག་རྒྱག་གི་ཚབ་བྱེད་མི་ཐུབ། ཕྱག་མས་མི་སྙོབས་སར་ས་རྡུལ་རང་བཞིན་ངང་ནས་གཙང་མ་ཆགས་མི་སྲིད་པས། དཔོན་ཉམས་རིང་ལུགས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་ན།--བསམ་བློའི་ཐོག་ནས་འགན་འཁྲི་འཁུར་བའི་འདུ་ཤེས་ལ་ཤུགས་སྣོན་རྒྱག་དགོས་ཤིང་།--བྱང་ཚད་ཀྱི་ཐོག་ནས་འགན་འཁྲི་འཁུར་བའི་ནུས་པར་ཤུགས་སྣོན་རྒྱག་པ་མ་ཟད། དེ་བས་དོན་དངོས་ལས་སྒོའི་བྱ་བའི་ཁྲོད་དུ་གནད་དོན་ཐོན་པ་དང་། རྣག་ཐོག་གཙག་འཁེལ་དང་། ནད་བསྟུན་སྨན་བཅོས་བཅས་བྱས་ཚེ་གཞི་ནས་ནད་བཅོས་གཟུགས་སྟོབས་རྒྱས་པར་བྱེད་ཐུབ།

སྐལ་རྣམ་གྱིས་བསྒྱུར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1