༄༅།། ཁྲེན་ཏུའུ་གྲོང་ཁྱེར་ནང་གི་བོད་མི།

འབའ་བ་བློ་བཟང་མགོན་པོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-25



འབའ་བ་བློ་བཟང་མགོན་པོ།
        དེང་སང་འགྲིམ་འགྲུལ་སྟབས་བདེ་བའི་རྐྱེན་གྱིས་བོད་ཁུལ་གྱི་ས་ཆ་སོ་སོ་ནས་ཁྲེན་ཏུའུ་གྲོང་ཁྱེར་ནང་དུ་ཡོང་མཁན་བོད་མི་ཇེ་མང་ནས་ཇེ་མང་རེད། ཁ་ཤས་ཀྱིས་ཁྲེན་ཏུའུ་ལ་བོད་པ་མི་གྲངས་ཕལ་ཆེར་ཁྲི་༣༠ཙམ་ཡོད་རེད་ཟེར། ཁྲེན་ཏུའུ་གྲོང་ཁྱེར་དང་ཉེ་འགྲམ་གྱི་ས་ཆ་ཚང་མ་ལ་བོད་པ་མེད་ས་ཕལ་ཆེར་དཀོན་པོ་རེད། ཁ་ཤས་ཀྱིས་ཁྲེན་ཏུའུ་ལ་ཁང་པ་ཉོས་ནས་རྒྱུན་སྡོད་བྱེད་བཞིན་འདུག །ཁ་ཤས་སི་ཁྲོན་ཞིང་ཆེན་སྨན་ཁང་དང་ཧྭ་ཤིས་སྨན་ཁང་། ༣༦༣སྨན་ཁང་ལ་སྨན་བཅོས་བྱེད་མཁན་གྱི་ནད་པ་རེད། ཁ་ཤས་ཁྲེན་ཏུའུ་བོད་མིའི་ཁྲོམ་ལ་ཚོང་གཉེར་བྱེད་མཁན་དང་། བླ་མ་དང་གྲྭ་པ། མི་སེར། ལས་བྱེད་པ། སློབ་མ། ཚོང་པ་སོགས་ཧ་ཅང་མང་པོ་འདུག
མི་མང་ཆེ་ཤོས་ཀྱི་བྱང་ཚད་དང་བྱ་བ་སྤྱོད་པ་ཚང་མ་གཞན་གྱིས་བསྟོད་བསྔགས་བྱེད་འོས་པ་ཞིག་རེད། འོན་ཀྱང་། བོད་མི་འགའ་རེའི་ཀུན་སྤྱོད་དེ་ངེས་པར་ཏུ་བསྒྱུར་བཅོས་བྱེད་དགོས་འདུག །གལ་ཏེ་སྤྱོད་ངན་དེ་ཚོ་བསྒྱུར་བཅོས་ཅུང་ཙམ་མ་གཏོང་ན་དངོས་གནས་བོད་པའི་ངོ་ཚ་རེད།
        ཁོ་བོས་དངོས་སུ་རིག་མྱོང་བའི་དཔེ་རེ་ཟུང་བཞག་ན། ཁྲེན་ཏུའུ་ཧོར་རི་ཅུན་ཞེས་པའི་ཕུར་མཉེ་ཁྲུས་ཁང་དེའི་ནང་དུ་མགྲོན་པོ་མང་ཆེ་ཤོས་ནི་བོད་པ་རེད། མི་རིགས་གཞན་དག་གི་མགྲོན་པོ་ཡང་མང་པོ་འདུག མི་རིགས་གཞན་དག་གི་མགྲོན་པོ་དེ་ཚོ་ལ་ཁ་བརྡ་བྱས་དུས་ཁོ་ཚོ་བོད་པ་ཚོ་ལ་བསམ་འཆར་ཧ་ཅང་མང་པོ་འདུག །ཆུ་རྫིང་ཆེན་པོའི་ནང་དུ་མ་འཛུལ་སྔོན་ལུས་པོ་གཏན་ནས་མི་འཁྲུ་བ། ཆུ་རྫིང་ནང་དུ་འཛུལ་ཚར་རྗེས་ཆུ་རྐྱལ་ནས་ཆུ་བཙོག་པ་ཚང་མ་གཞན་པའི་ཁ་ནང་དུ་བཏབ་པ། ཟ་མ་ཟ་དུས་རང་གི་ཟ་ཐུབ་མི་ཐུབ་ལ་མི་ལྟ་བ་སྡེར་མ་ཚོའི་ནང་དུ་ཟས་མང་པོ་ལེན་ནས་འཕྲོག་བརླག་གཏོང་བ། ཁྲུས་ཁང་ནང་དུ་ཉལ་དུས་བོད་པ་ཁ་ཤས་ཀྱིས་སྐད་སྒྲ་མཐོན་པོའི་སྒོ་ནས་ཁ་པར་བརྒྱབ་པ་དང་ཁ་བརྡ་བྱེད་པ། བོད་པ་ལ་ལས་ཁ་པར་ནང་དུ་བརྙན་དང་གླུ་དབྱངས་སོགས་སྒྲ་ཆེན་པོས་མངགས་པ། བོད་པ་ཁ་ཤས་ཀྱིས་ངལ་གསོ་ཁང་དུ་ཉལ་བའི་མི་མང་པོ་གཉིད་དཀྲོག་པ། དེ་ཚོ་དོན་དག་ཆུང་ཆུང་ཡིན་རུང་གཟབ་གཟབ་མ་བྱས་ན་བོད་པ་སྤྱི་ལ་མི་ཁ་བཟོ་སྲིད།
        བོད་མིའི་ཁྲོམ་ནང་དུ་ཁོར་ཡུག་གི་གཙང་སྦྲ་དང་རླངས་འཁོར་འཇོག་སྟངས་སོགས་ལ་མི་མང་པོས་བསམ་འཆར་ཆེན་པོ་འདུག །ལྷག་པར་ཏུ་དར་མདོའི་མགྲོན་མཁར་འགྲམ་གྱི་སྲང་ལམ་ཆུང་ཆུང་ཚོ་ལ་གཅིན་སྐྱག་མ་གཏོགས་རིག་རྒྱུ་མི་འདུག དབྱར་ཁར་ཁྲེན་ཏུའུ་གནམ་གཤིས་ཧ་ཅང་ཚ་པོ་ཡིན་པས་བོད་མིའི་ཁྲོམ་ལ་འགྲོ་དུས་ག་ས་ག་ལ་གཅིན་སྐྱག་གི་དྲི་མས་ཁྱབ། དེ་ཚོ་བསྒྱུར་བཅོས་གཏོང་མ་ཐུབ་ན་ང་རང་ཚོའི་ངོ་ཚ་རེད།
        གལ་ཏེ་བོད་མི་ཡོད་སའི་ཁོར་ཡུག་དེ་གཙང་སྦྲ་ཡག་པོ་དང་རླངས་འཁོར་སོགས་ཡག་པོ་འཇོག་ན་གནའ་གྲོང་ཅིས་ལིན་ལ་ཡོངས་མཁན་ཡུལ་སྐོར་བ་ཚང་མ་ཡང་བོད་མིའི་ཁྲོམ་ལ་ཡོང་སྲིད། ཡུལ་སྐོར་བ་ཚོ་ཡོང་ཐུབ་ན་བོད་ཟས་ཁང་དང་བོད་ཆས། བོད་པའི་ཚོང་ཁང་ཚོའི་ཚོང་ཇེ་བཟང་ནས་ཇེ་བཟང་འགྲོ་སྲིད། དེ་ཚོ་ཚང་མ་རང་རང་སོ་སོའི་ངོས་ནས་བསྒྱུར་བཅོས་གཏོང་ན་ལེགས། ཁྲེན་ཏུའུ་ན་ཡོད་པའི་ཤེས་ལྡན་མི་སྣ་དང་སློབ་མ་ཚོས་དང་ལེན་བྱས་ནས་བོད་མིའི་ཁྲོམ་གྱི་ཁོར་ཡུག་གཙང་སྦྲ་ལ་རྒྱབ་སྐྱོར་གནང་ཐུབ་ན་ཕན་ཆེན་པོ་ཐོགས་སྲིད།
        ཁྲེན་ཏུའུ་གྲོང་ཁྱེར་ལ་ཡོད་མཁན་བོད་པ་ཚོའི་ཕྲུ་གུ་ཚང་མ་བོད་ཡིག་སྦྱོང་བའི་ཆེད་དུ་ཁོ་བོས་ཁྲེན་ཏུའུ་གྲོང་ཁྱེར་གྱི་སྲིད་གྲོས་ཨུ་ཡོན་དང་། སི་ཁྲོན་དགེ་ཐོན་སློབ་ཆེན་རོལ་མོའི་སློབ་གླིང་གི་དགེ་རྒན་ཆེན་མོ་བ་དང་གླིང་གཙོ་གཞོན་པ་སྒྲོལ་དཀར་སྐྱིད་ལགས་བརྒྱུད་ནས་《ཁྲེན་ཏུའུ་ཡི་བོད་རིགས་འདུས་སྡོད་ས་ཁུལ་དུ་བྱིས་གཉོར་ཁང་ནས་མཐོ་འབྲིང་བར་གྱི་བོད་རྒྱ་སྐད་གཉིས་འཛིན་གྲྭ་འཛུགས་པའི་སྐོར་གྱི་བསམ་འཆར།》ཞེས་པའི་གྲོས་གཞི་(ཨང་༣༩པ)བཏོན། མ་འོངས་པར་ཁྲེན་ཏུའུ་ལ་བོད་སྐད་དང་བོད་ཡིག་སྦྱོང་ས་མང་པོ་མཁོའོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1