༄༅།། ཁམས་འབའ་ཐང་བཙལ་བ་གྲོང་སྡེའི་བཀའ་རྒྱུད་པའི་དགོན་རྙིང་འགའ།

འབའ་བ་བློ་བཟང་མགོན་པོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-25



འབའ་བ་བློ་བཟང་མགོན་པོ།
        བཙལ་བ་གྲོང་སྡེ་ནི་ཁམས་འབའ་ཐང་རྫོང་དགེ་ལུགས་པའི་དགོན་ཆེན་འབའ་ཆོས་སྡེ་དགོན་པའི་ཁོངས་སུ་གཏོགས། བཙལ་བ་ལ་འཛམ་གླིང་ཚེར་གནའི་ཕ་ས་ཞེས་ཡང་འབོད་སྲོལ་ཡོད། བཙལ་བ་གྲོང་སྡེའི་ལྷོ་ཕྱོགས་ཀྱི་རི་སྐེད་ལ་གསེར་ལམ་ལུང་གྱང་རུལ་ཞེས་པའི་ས་ཆ་ཞིག་ཡོད། ས་ཆ་དེར་གནའ་རབས་ནས་ཤུལ་བཞག་པའི་གྱང་རྙིང་པ་ཧ་ཅང་མང་པོ་ཡོད། གྱང་རྙིང་པ་དེ་ཚོ་ད་ལྟ་ཡང་ཅུང་ཙམ་རིག་རྒྱུ་འདུག དམངས་ཁྲོད་ཀྱི་བཤད་སྲོལ་ནང་དུ་གསེར་ལམ་ལུང་གྱང་རུལ་ཡོད་ས་དེར་ཀརྨ་དགོན་པ་ཞེས་བཏགས་ཟེར། ཀརྨ་དགོན་པ་ཞེས་བཏགས་པའི་རྒྱུ་མཚན་གཙོ་བོ་ནི་བཙལ་བའི་རྒས་རབས་རྣམས་ཀྱི་ངག་རྒྱུན་དུ་ས་འདིར་བཀའ་རྒྱུད་པའི་དགོན་པ་ཞིག་ཡོད་པ་མ་ཟད་མིང་ལ་ཀརྨ་དགོན་པ་ཞེས་འབོད། གྱང་རུལ་དེ་གསེར་ལམ་ལུང་དང་བང་སྒལ་ཁད། དམ་གཏིང་ཤོང་སོགས་ལ་རིག་རྒྱུ་ཡོད། ཀརྨ་དགོན་པ་ཆགས་ས་དེ་ནི་ས་ཤིན་ཏུ་དབེན་ཞིང་འཇམ་པ་མ་ཟད་ནགས་རི་དང་ཐག་ཉེ་ས་ལ་ཡོད། སྦྱར་པ་ཤིང་དང་བེ་ཤིང་། བསང་ཤིང་སོགས་ཤིང་རིགས་མང་པོ་ཡོད། བཙལ་བ་བདེ་ལྡན་ཚང་གི་ཕ་ལེགས་བཤད་ཀྱིས་ཀརྨ་དགོན་པའི་གྱང་རུལ་ནང་དུ་ཞབས་དྲུང་ཚང་གི་ཕ་ཚེ་སྒྲུབ་དཔའ་ལྡན་གྱིས་གསེར་སྐུ་ཧ་ཅང་ཡག་པོ་ཞིག་རྙེད་མྱོང་རབས་གསལ་པོ་བཤད་རྒྱུ་འདུག
        བང་སྒལ་ཁད་ཀྱི་འོག་ལ་དུང་ཆུ་སྒལ་སྟེང་ཞེས་པའི་རི་འབུར་འབུར་ཞིག་ཡོད། ས་དེར་ས་དམར་མང་པོ་ཡོད། ས་དམར་དེ་ཚོ་ནི་ཕལ་ཆེར་ཀརྨ་དགོན་པའི་གྱང་རུལ་ཡིན་སྲིད། བཙལ་བ་གྲོང་སྡེའི་སྲོལ་རྒྱུན་ནང་དུ་ལོ་རེའི་བོད་ལོ་སར་མ་ཤར་སྔོན་ཁང་པ་ཚང་མ་ལ་ས་དམར་བྱུགས་དགོས། ས་དམར་ལེན་ས་གཙོ་བོ་ནི་དུང་ཆུ་སྒལ་ཁད་ལ་རེད། ལོ་མ་གསར་སྔོན་གྲོང་མི་ཚང་མས་ཀུ་རུ་(བོང་བུ།)རེ་དེད་ནས་ས་དམར་ཁལ་ས་འགྲོ་དགོས། ང་རང་ཡང་དུང་ཆུ་སྒལ་ཁད་ལ་ས་དམར་ལེན་སར་ཐེངས་མ་མང་པོ་འགྲོ་མྱོང་། འོན་ཀྱང་། སྐབས་དེ་དུས་རྒས་རབས་རྣམས་དང་མཉམ་དུ་ཁ་བརྡ་བྱས་རྒྱུའི་གོ་སྐབས་མང་པོ་མེད་པས་ཀརྨ་དགོན་པའི་ལོ་རྒྱུས་གསལ་པོ་གོ་མ་མྱོང་།
        བཙལ་བ་བར་གྲོང་ཚང་གི་ཨ་མྱེས་ཚུལ་ཁྲིམས་ཀྱིས་ཀརྨ་དགོན་པ་ནི་བཙལ་བ་བཀའ་རྒྱུད་པའི་མ་དགོན་ཡིན་རབས་འདུག་ཟེར། བཙལ་བ་ལ་ད་རུང་བཀའ་རྒྱུད་པའི་བུ་དགོན་ཡང་ན་རི་ཁྲོད་མང་པོ་ཡོད་ཟེར། དཔེར་ན། བཙལ་བ་གཏེར་འཛོམས་སྟེང་ཚང་གི་ཡར་ཐད་ལ་དུང་རི་དགོན་ཞེས་ཡོད་ཟེར། གཏེར་འཛོམས་ཕ་མཁྱེན་རབས་ཀྱིས་ཁོ་རང་དུང་རི་དགོན་གྱི་གྱང་རྙིང་པའི་ནང་དུ་མེ་བསྲེགས་པའི་ས་སྐུ་ཁ་ཤས་རྙེད་ཟེར། ཁོ་རང་གིས་ས་སྐུ་དེ་ཚོ་ཕྱིར་ཁྱིམ་ལ་འཁུར་མ་ཕོད་ནས་ས་དོང་ནང་དུ་རྡོ་ལེབ་ཁ་ཤས་འཇོག་ནས་དེའི་སྟེང་ལ་བཞག་ཡོད་ཟེར། རྒྱལ་སྒོ་ཕ་རྒྱ་མཚོ་དང་གཏེར་འཛོམས་ཕ་མཁྱེན་རབས་གཉིས་ཀས་དུང་རི་དགོན་་ཀརྨ་དགོན་པའི་བུ་དགོན་ཡིན་རེད་རབས་ལོ་རྒྱུས་གསལ་པོ་བཤད་རྒྱུ་འདུག
        རྒས་རབས་དེ་ཚོའི་ངག་རྒྱུན་དུ་བཙལ་བ་ཡར་ཆུ་ལྷ་རྔ་སྟེང་ལ་ཡང་བཀའ་རྒྱུད་པའི་དགོན་པའི་གྱང་རུལ་ཡོད། མིང་ལ་ཡར་ཆུ་དགོན་ཟེར། རི་བོང་སྤང་སྟེང་གི་འོག་ཏུ་སྐུ་ཤེལ་ཞེས་པ་ས་ཆ་དེའི་གྱང་རུལ་ཚང་མ་ནི་བཀའ་རྒྱུད་པའི་དགོན་ཆུང་སྐུ་ཤེལ་དགོན་རེད་ཟེར། དུང་རི་དགོན་དང་ཡར་ཆུ་དགོན། སྐུ་ཤེལ་དགོན་གསུམ་ནི་ཀརྨ་དགོན་པའི་བུ་དགོན་ཡིན་རབས་འདུག སྤྱི་ལོ་༡༡༦༤་ལོར་ཀརྨ་པ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པས་ཀཾ་པོ་དགེ་བསྙེན་གནས་རིའི་འདབས་ལ་བཞེངས་པའི་གནས་སྒོ་དགོན་དང་བཙལ་བ་ཀརྨ་དགོན་པའི་བར་འབྲེལ་བ་ཆེན་འདུག དམངས་ཁྲོད་ནང་དུ་མ་དགོན་བཙལ་བ་ཀརྨ་དགོན་པའི་དུང་འབུད་དུས་བུ་དགོན་དུང་རི་དགོན་དང་ཡར་ཆུ་དགོན། སྐུ་ཤེལ་དགོན་གསུམ་ཡང་དུང་འབུད་དགོས་ཟེར།དུང་རྒྱང་འཐེན་རྒྱུ་ནི་དགོན་པ་སོ་སོའི་བར་ལ་བརྡ་གཏོང་ས་དང་འབྲེལ་བ་བྱེད་སའི་སྒྲོལ་ཟམ་ཞིག་ཡང་རེད། བཙལ་བ་སྙུང་འཛུམ་གྱི་རི་གདོང་དེ་ནི་ཀཾ་པོ་དགེ་བསྙེན་གྱི་རི་རྒྱུད་ལས་ཆད་པ་རེད་ཞེས་བཤད་སྲོལ་འདུག དངོས་གནས་དེ་འདྲ་ཡིན་མིན་གསལ་པོ་བརྟག་དཔྱད་དགོས་འདུག
        འབའ་ཐང་རྫོང་གི་ས་གནས་ལོ་རྒྱུས་ནང་དུ་༡༦༣༩ལོར་མཚོ་སྔོན་གྱི་སོག་པོའི་འགོ་ཁྲིད་བསྟན་འཛིན་ཆོས་ཀྱི་རྒྱལ་པོ(固始汗)ཞེས་པ་དེས་དམག་ཁྲིད་ནས་འབའ་ཐང་ལ་སླེབས། སྐབས་དེ་དུས་འཇང་ས་དམ་རྒྱལ་པོས་འབའ་ཐང་ལ་དབང་བསྒྱུར་ནས་ལོ་ངོ་བདུན་བཅུ་ཙམ་སོང་ཟིན། བཙལ་བ་གྲོང་སྡེའི་ཀརྨ་དགོན་པའི་ལོ་རྒྱུས་དེ་ཡང་སོག་པོའི་དམག་འབའ་ཐང་ལ་མ་ཡོངས་སྔོན་ཡིན་སྲིད། འོན་ཀྱང་། འབའ་ཐང་དང་འབྲེལ་བ་ཡོད་པའི་ལོ་རྒྱུས་ཡིག་ཚགས་ནང་དུ་ཀརྨ་དགོན་པའི་ལོ་རྒྱུས་ད་རུང་རིག་མ་སོང་། འཇང་ས་དམ་རྒྱལ་པོ་དང་ཀརྨ་པ་གཉིས་ཀྱི་བར་ལ་འབྲེལ་བ་ཧ་ཅང་བཟང་པོ་ཡིན། འཇང་ས་དམ་རྒྱལ་པོས་བཀའ་བརྒྱུད་པའི་བསྟན་པ་དར་འཕེལ་སྐོར་ལ་རྒྱབ་སྐྱོར་ཆེན་པོ་ཡོད།
        བཙལ་བ་གྲོང་སྡེའི་བཀའ་རྒྱུད་དགོན་པ་དེ་ཚོའི་ལོ་རྒྱུས་ཡིག་ཐོག་ཏུ་ད་སྔར་ང་རང་གི་རིག་མ་སོང་། མང་ཆེས་ཤོས་བཙལ་བ་རྒས་རབས་རྣམས་ཀྱིས་ངག་རྒྱུན་དུ་བཤད་པ་ནམ་བཞིན་ཡིག་ཐོག་ལ་ཕབ་པ་ཡིན། གལ་ཏེ་དེའི་སྐོར་ལ་ཞིབ་འཇུག་བྱེད་མཁན་དང་ལོ་རྒྱུས་ཡིག་ཚགས་ཡོད་མཁན་ཡོད་ན་ཕན་ཐོགས་ཧ་ཅང་ཆེན་པོ་འདུག །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1