སྟག་གི་རྒྱབ་ལ་ཟག

རབ་བརྟན་དགེ་ལེགས་ཕུན་ཚོགས་ཀྱིས་བསྡུ་བསྒྲིགས་བྱས། རྩོམ་སྒྲིག་པ། སྒྲོལ་མ་ཚེ་བརྟན།ཡོང་ཁུངས།དམངས་ཁྲོད། སྤེལ་དུས། 06-18


གནའ་སྔ་མོ་ལུང་པ་ཞིག་གི་ཕུ་ན་སྟག་གི་ཚང་ཞིག་ཡོད་ཅིང་། དེ་ནས་སྟག་མོ་མི་ཟན་ཞིག་བྱུང་བས་ཡུལ་དེའི་མི་རྣམས་རེ་རེ་བཞིན་བཟས་ཏེ་སོང་བར་གདའ། ནུབ་ཅིག་ལུང་པ་དེ་ན་རྒན་མོ་མ་བུ་གཉིས་ཡོད་པ་བཟའ་རེས་ཡིན་པས། ཁོང་གཉིས་ཀྱིས་དོ་ནུབ་སྟག་གིས་བཟའ་འགྲོ་ན་མི་ཤེས་པས་སྐྱིད་པོ་བྱེད་དགོས་བཟླས་ནས། བ་རྒན་ཞིག་ཡོད་པ་འོག་ཁང་དུ་བཏགས། གྲོ་ཡི་བག་ལེབ་རེ་བཟོས་ནས་མེས་ཚིག་དུས་མར་རེ་བཅུགས་ནས་ཟ་བཞིན་བསྡད། དུས་དེར་མ་རྒན་གྱིས་བུ་མོ་ལ་དོ་ནུབ་སྟག་གིས་བཟའ་འགྲོ་ན་མི་ཤེས་པས་ཨེ་སྐྲག་དྲིས་པར། བུ་མོས་མ་ལ་སེམས་གསོ་ཞིག་བྱེད་དགོས་བསམ་ནས་ཕར་བལྟས་དུས་མ་རྒན་གྱི་བག་ལེབ་ཞབས་ནས་མར་ཁུ་ཟག་བཞིན་ཡོད་པ་མཐོང་ནས། ཨ་མ་ཟག་ཐལ། ཟག་ཐལ། ང་སྟག་ལ་མི་སྐྲག་ཅེས་སྨྲས། དུས་དེར་མ་རྒན་མ་བུ་གཉིས་པོ་བཟའ་ཕྱིར་སྟག་མོ་མི་ཟན་དེ་ཉིད་འོག་ཁང་ནང་སླེབས་ནས་ཡོད་པས་ཟག་ཐལ། ཟག་ཐལ་ཟེར་བ་གོ་ནས་ཟག་ཟེར་བ་ཞིག་ཡོད་འདུག་བསམས་ནས་སྐྲགས་ཏེ་བསྡད།
ཡང་དེ་ནུབ་ཡུལ་དེ་ན་ཐག་མཁན་ཕོ་རུ་ཟེར་བའི་ཆོམ་རྐུན་པ་ཞིག་ཡོད་པ་དེས་དོ་ནུབ་རྒན་མོ་མ་བུ་གཉིས་ཀྱི་བ་བརྐུ་རུ་འགྲོ་དགོས་བསམས་ནས། མཚན་མོར་རྒན་མོ་མ་བུ་གཉིས་ཀྱི་འོག་ཁང་ནང་འཛུལ་ཏེ། བ་སར་ལག་པ་གཡུགས་པས་སྟག་གི་གཉའ་བ་ལ་ཐེབས་དུས་བ་ཡིན་ཆགས་ཀྱིས་ཐག་པ་བརྒྱབས་ནས་ཕྱིར་ཁྲིད་ཅིང་། སྟག་གིས་ཟག་གིས་བཟུངས་ནས་ཁྲིད་འགྲོ་བ་ཡིན་ཆགས་ཀྱིས་རྐུན་པོའི་རྗེས་སྙེགས་ཏེ་སོང་། རྐུན་པོས་ཅི་འདྲའི་བ་གཡུང་པ་ཞིག་འདུག ཞོན་ནས་འགྲོ་ཆོག་འདུག་བསམས་ནས་སྟག་མོ་ཞོན་ཏེ་སོང་བས་ཕྱི་ནང་སྐྱ་རེངས་ཤར་དུས་སྟག་ཅིག་ཞོན་ནས་འགྲོ་འདུག་ཅིང་། རྒྱལ་པོས་དེ་ནང་སྔ་མོར་རབ་གསལ་ནས་གཟིགས་དུས་ཐག་མཁན་ཕོ་རུས་སྒོ་ཁ་ནས་སྟག་ཞོན་ཏེ་སོང་བ་མཐོང་བས། རྒྱལ་པོས་དེ་འདྲའི་མིག་འཁྲུལ་འདྲ་ཞིག་བསམས་ནས་ཧ་ལས་ཤིང་། མ་འདྲའི་མི་དཔའ་བོ་སྟག་ལ་ཞོན་ནུས་པ་ཞིག་ཟེར་ནས་མང་པོ་བོས། ཐག་མཁན་ཕོ་རུ་སྐྲག་ཆེས་པས་ད་མྱུར་དུ་མ་འབབ་ན་སྟག་ཚང་ནང་སླེབས་དུས་བཟའ་ངེས་པས་དེ་ལས་སར་མཆོངས་ན་དགའ་སྙམས་ཏེ་སྟག་གོང་ནས་འཕགས་པས། སྟག་མོས་ཟག་འཕགས་སོང་སྙམས་ནས་སྐྲག་ཀྱིན་ལུང་པའི་ཕུ་ལ་བྲོས་སོང་ངོ་། །ཐག་མཁན་ཕོ་རུ་རྒྱལ་པོས་ཕོ་བྲང་དུ་ཁྲིད་ནས་སྟོན་མོ་རྒྱ་ཆེར་བཤམས་ཤིང་། རྒྱལ་པོས་ཐག་མཁན་ལ་བཀའ་བསྩལ་བ་ལ། འདི་འདྲའི་མི་ལ་འཚེ་བའི་སྟག་མོ་མི་ཟན་དེ་སྔར་ནས་གསོད་དགོས་ཀྱང་སུས་ཀྱང་གསོད་མ་ཐུབ། ད་ལན་སྟག་མོ་གསོད་པའི་ནུས་པ་ཁྱོད་ལ་འདུག་པས་མྱུར་དུ་གསོད་ཐུབ་པར་བྱེད་དགོས། སྟག་མོ་སོད་དུས་བྱ་དགའ་ལ་རྒྱལ་སྲིད་ཕྱེད་ཀ་སྦྱིན་རྒྱུ་ཡིན་ཞེས་བཀའ་གནང་། ཐག་མཁན་ཕོ་རུའི་སེམས་ལ་ང་འདྲའི་མི་ཞིག་ལ་སྟག་མོ་གསོད་ཐུབ་ཐབས་ཅི་ཡོད་བསམས་ནས་ཉལ་བསྡད་ཅིང་། གནམ་ལ་ཡར་ལྟ་དུས་ཕོ་བྲང་ནང་གི་གདུང་མ་དང་ཀ་བ་རྣམས་མཐོང་ནས། གཞུ་ཟེར་ན་གདུང་མ་ཙམ། མདའ་ཟེར་ན་ཀ་བ་ཙམ། མར་ཟན་ཟེར་ན་སྒོ་ལེབ་ཙམ་ཟེར་ནས་མང་པོ་བཟླས། རྒྱལ་པོ་ཚང་གིས་ཕྱི་ནས་ཉན་དུས་ཁོ་ལ་ལག་ཆ་དེ་འདྲ་དགོས་རེད་བསམས་ནས། བློན་པོ་རྣམས་ཀྱིས་གདུང་མས་གཞུ་བཀུགས། ཀ་བས་མདའ་བཟོས། ཟན་མར་ལེབ་སྒོ་ཙམ་པ་ཞིག་བཟོས་ནས་ཕྱི་ཉིན་ཁོ་དང་མཉམ་དུ་ལུང་པའི་ཕུ་ལ་བསྐྱལ། ཐག་མཁན་ཕོ་རུ་སྟག་ཚང་ནང་དུ་སོང་བས་སྟག་མི་འདུག་པ་ན། ཁོས་ཅི་བྱ་མ་བྱུང་བར་མར་ཟན་ཅུང་ཞིག་བཟས་ཏེ་བསྡད་པས་གཉིད་དུ་ཡུར། སྟག་ཚང་དེ་བྲག་སྐེད་ཅིག་ལ་ཡོད་པས་དགོང་ཁར་སྟག་མོ་མི་ཟན་དེ་ཚུར་སྟག་ཚང་ནང་དུ་ཡོང་དུས་མི་ཞིག་ཉལ་འདུག་པས་ངར་ལངས་ཤིང་། གཞུ་ཐིག་གི་སྟེང་གི་ཟན་མར་དེ་ལ་སོ་ཞིག་བརྒྱབས་པས་མདའ་འཕགས་པ་སྟག་ལ་ཕོག་སྟེ་སྟག་མོ་བྲག་མགོ་ནས་ལྷུང་སྟེ་ཤི། དེ་ནས་ཐག་མཁན་ཕོ་རུ་སེམས་རབ་ཏུ་དགའ་ནས་སྟག་མོ་མི་ཟན་གྱི་པགས་པ་བཤུས་ནས་རྒྱལ་པོའི་ཕོ་བྲང་དུ་སོང་བས། རྒྱལ་བློན་འཁོར་བཅས་ཀྱིས་བསྟོད་བསྔགས་ཚད་མེད་པ་བྱས་ཤིང་རྒྱལ་སྲིད་ཕྱེད་ཀ་ཁོ་ལ་ཐོབ་པར་གྱུར་ཏོ། ། 
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1