སྙིང་གི་དཀྱིལ་དུ་ཉར་བའི་ཁྱེའུ་དཀར་པོ།

ཐང་འཁོར་སྒྲོལ་མ་སྐྱབས། (ཀན་སུའུ།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-26


སྣང་ཞེན་མཁའ་ལ་བཏབ་པའི་རེ་བའི་སྐར་ཚོམ་དག།

སོམ་ཉིའི་སྤྲིན་པ་ཐར་ཐོར་མཚམས་སུ་འདུར་བའི་བར།།

དགའ་སྐྱོའི་རླུང་གིས་གཡོ་ཞིང་མངོན་ལ་གབ་པས་ན།།

བར་ཐག་སྨག་གིས་མིད་པའི་ཚུལ་ལ་ཞེ་རེ་སྨྲེང་།།

འོད་དཀར་མདངས་ཀྱིས་བྱུགས་པའི་མཚན་མོའི་མཁའ་དབྱིངས་ན།།

ཟེར་མའི་རྣ་རྒྱན་འདོགས་པའི་སྐར་འོད་གཉོམ་པོ་ཞིག།

ས་ཡི་ཀུ་མུད་ཟེར་བཞིན་མིག་ཟུང་འཛུམ་ཞིང་འཛུམ།།

སྙིང་གི་ཐིག་ལེ་ཟེར་བཞིན་མིག་ཆུ་བག་ཙམ་གཏོང་།།

རེ་སྨོན་མཁའ་ལ་བཅོལ་སའི་དབྱིངས་ཀྱི་པད་མོ་དག །

གཅེས་འཛིན་འདར་འདར་བྱེད་པའི་སྙིམ་པའི་དཀྱིལ་བར་ན།།

གདུང་སེམས་སྤོས་ཆུས་བྱུགས་པའི་དྲི་དྲུག་འདབ་ལོ་བཅས།།

སྟོང་བའི་ཕ་མཐའ་ཟེར་བཞིན་མགོ་བོ་གཉོམ་གཉོམ་བྱེད།།

སྲིད་པའི་མཚོ་ཆེན་བགྲོད་པའི་གཉེན་པོའི་གྲུ་གཟིངས་ལ།།

རྟེན་འབྲེལ་སྐྱ་རེངས་གསར་བས་དགའ་མགུའི་རི་མོ་འབྲི།།

དུག་གསུམ་ཞིང་ལ་བཙུགས་པའི་མེ་ཏོག་རྙིད་པོ་འདི།།

མཛེས་སྡུག་གཡབ་མོ་བྱེད་པའི་སྦྲིད་ཆུའི་བུམ་རྒྱན་ཡིན།།

སྡུག་གུར་མིག་ཏུ་སྨིན་པའི་གཟུགས་ཀྱི་ཕྲ་རྒྱན་དག།

ལས་ཀྱི་རྔུལ་ཆུ་འབྱིན་པའི་ན་ཟུག་ལྷག་མ་ཡིན།།

ཡིད་ཀྱི་སྦྲམ་བུར་སྦས་པའི་གསེར་གྱི་གདུ་བ་དེ།།

ལང་ཚོའི་ཁྲག་དམར་འཐུང་བའི་བདུད་བུ་སྐེ་རིང་ཡིན།།

ཚོན་གྱི་བླ་བྲེ་བཀླུབས་པའི་ཁྱེའུ་དཀར་པོ་ཁྱོད།།

འོད་ཀྱི་ས་བོན་འཚོལ་སླད་གཤོད་ཟུང་མཁའ་རུ་རྐྱོངས།།

སྨག་མུན་ཤུགས་ཀྱིས་བརྟོལ་བཞིན་བདེ་བའི་ཕ་མཐའ་ལ།།

འཁྲེང་བའི་ཕྱིར་མིག་མེད་པར་བདེ་ལེགས་ཐོན་པར་ཤོག།


རྩོམ་ཡིག་སྔོན་མ།
སྣང་བའི་ཆོ་འཕྲུལ།
རྩོམ་ཡིག་རྗེས་མ།
རྗེ་ཙོང་ཁ་པ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1