ཇོ་མོ་གླང་མའི་སྙིང་གཏམ།

བུ་ཚེ་རིང་རྒན་པ། (གཞིས་ག་རྩེ།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-26


ང་ཡི་མིང་ལ་ཇོ་མོ་གླང་མ་ཟེར་ཞིང་། ང་ནི་གནམ་འདེགས་ས་གནོན་གྱི་རི་རྒྱལ་ལྷུན་པོ་ཞིག་ཡིན། དགུང་ཨ་སྔོན་ཐོན་པོ་འདིའི་འོག་ཏུ། དམའ་ས་གཞི་ཡངས་མོ་འདིའི་སྟེང་དུ། སྔར་ནས་ད་བར་ང་ལ་འགྲན་དུ་གཟོད་པའི་རི་བོ་ཞིག་གཏན་ནས་བྱུང་མ་མྱོང་བས། ང་ནི་སྲིད་པ་ཆགས་པའི་རྒད་པོ་ཞིག་ཡིན་ལ་ན་ཚོ་དར་བའི་ཕོ་གཞོན་ཞིག་ཀྱང་ཡིན། ང་ནི་འཇིག་རྟེན་ས་ཆེན་འདི་ཡི་གཙུག་རྒྱན་དང་། གནའ་བོའི་མི་རིགས་འདི་ཡི་དད་སེམས་དང་དཔང་རྟགས་ཤིག་ཀྱང་ཡིན།  

མི་ལོ་ཁྲི་ཚོ་སུམ་སྟོང་བརྒྱད་བརྒྱ་ཙམ་གྱི་གོང་རོལ་དུ། འཇིག་རྟེན་མཚོ་ཡིས་བསྲུབས་ཤིང་རླབས་ཀྱིས་དཀྲུགས་ཏེ། ས་གཞིའི་སྒལ་རུས་ལྟ་བུའི་མཐོ་སྒང་འདི་ཐོག་མར་ཆགས་དུས་སུ། ངས་དཔའ་དང་བློ་ཁོག་སྙིང་ལ་བཅངས་ཤིང་། དད་སེམས་གཙང་མ་ཡིད་ལ་སྒོམ་ལ། སྙིང་གི་རུས་པ་སེམས་སུ་བཅུག་ཏེ་མཐོ་སྒང་འདིའི་སྟེང་དུ་ཉམས་ཀྱིས་འགྱིང་། མི་ལོ་ཁྲི་ཚོ་མང་པོ་འདས་པའི་ད་ལྟའི་དུས་སུའང་། ངས་སྔར་བཞིན་གོ་ལའི་ཡང་རྩེར་ཉམས་ཀྱིས་འགྱིང་ནས། མཐོ་སྒང་འདི་ཡི་འཕོ་འགྱུར་མིག་གིས་འཚོས་ཤིང་། མི་རིགས་ཤིག་གི་ལས་དབང་སེམས་ལ་བསྒོམས་ཏེ། འདས་སོང་ལ་ཕྱིར་དྲན་དང་མ་འོངས་ལ་རྒྱང་ལྟ་བྱེད་ཀྱིན་ཡོད།

འཛམ་གླིང་དབུ་ཡི་རྩེ་མོ་འདིར། ངས་རྐང་པ་ས་ཐོག་ལ་བརྟན་པོར་བཙུགས་ཤིང་། སྒྱིད་པ་ཤུགས་ཀྱིས་བསྒྲེངས་པའི་ཉིན་དེ་ནས། ངས་རང་གི་འགན་འཁྲི་དང་ལས་དབང་ལ་བསམས་ཏེ། མགོ་བོ་མི་དུད་མཐོན་པོའི་མཁའ་ལ་བཏེགས་ཤིང་། མིག་རྒྱང་མི་ཐུང་འཛམ་གླིང་ཀུན་ལ་བལྟས། ལུས་ལ་མཛེས་སྡུག་ཁ་བའི་ན་བཟའ་བཀླུབས་ལ། སེམས་ལ་དད་པ་གཙང་མའི་མི་འགྱུར་དམ་བཅའ་བཞག་སྟེ། ངལ་བ་ཆེ་ཡང་འཁང་ར་མེད་པར། གནམ་ས་གཉིས་ཀྱི་བར་ན་ཀ་བའི་ཚུལ་དུ་འགྱིང་ངེར་གནས་པས། སྔར་ནས་ད་བར་རི་དང་རི་ཕྲན་མང་པོའི་ཁྲོད་དུ། ང་ལ་འགྲན་ཕོད་པའི་ལྷུན་པོ་ཞིག་དང་། ང་ལ་སྨོན་ཞིང་མི་དད་པའི་སྐྱེ་བོ་ཞིག་གང་དུ་མཆིས།

མི་ཡུལ་འདི་ན་མིང་དུ་གྲགས་པའི་ཆུ་མོ་ཡར་ཀླུང་གཙང་པོ་འདི་ཡང་། ངའི་ལུས་སྟེང་གི་ཁ་བའི་འདབ་མ་རེ་རེ་དང་འཁྱགས་རྡོག་རེ་རེ་བཞུར་བ་ལས་བྱུང་ཞིང་། ཆུ་འགོ་ང་ལ་གཏུགས་པའི་འདང་ཅན་གྱི་གཙང་ཆུ་འདིས་ཀྱང་། མཐོ་སྒང་འདི་ནས་རིམ་གྱིས་བཞོལ་མཐར་འཛམ་གླིང་ས་མཐའ་དལ་གྱིས་བསྐོར་ཏེ། སྲོག་ལྡན་སྐྱེ་འགྲོ་དང་སྲོག་མེད་རྩི་ཤིང་ཀུན་གྱི་སྲོག་རྒྱུན་བསྲིངས་པས། སྲོག་ལྡན་སྲོག་མེད་ཀུན་གྱིས་ལང་ཚོའི་མཛེས་ཞལ་ངོམ།  

དེ་ལྟར་གྱི་མི་ལོ་མང་པོ་ཞིག་གི་ནང་། ངས་འཇིག་རྟེན་འདིའི་འདས་མ་ད་གསུམ་ལ་རྒྱང་ལྟ་བྱེད་དུས། འཇིག་རྟེན་འདིའི་ཁ་ཞེང་ཆེ་བས། སྣ་ཚོགས་ལྟད་མོས་ངའི་འདྲེན་བྱེད་དབང་པོ་ཡོངས་སུ་འཁྲུལ་ཞིང་། དུས་ཀྱི་གོམ་འགྲོས་རླུང་ལྟར་མྱུར་བས། རྨི་ལམ་འདྲ་བའི་མཐོ་སྒང་འདི་ཡི་འཕོ་འགྱུར་སྣ་ཚོགས་ངའི་བསམ་ཚོད་ལས་ཡོངས་སུ་འདས།  

ནམ་དུས་ཀྱི་འགྱུར་བ་སྣ་ཚོགས་བརྒྱུད། ད་གཟོད་ཉམས་འགྱུར་ཁ་བའི་གར་སྟབས་ཇེ་ཉུང་དང་། ཤང་ཤང་ཆུ་མོའི་བཞུར་སྒྲ་ཇེ་རྒྱང་རེད་ལ། སྣ་ཚོགས་སྤྱན་གཟན་རི་དྭགས་ཀྱི་གཟུགས་བརྙན་ཇེ་ཉུང་དང་ཐང་གཤོངས་བྱེ་མའི་རླུང་བུ་ཇེ་རྒོད་རེད། ནམ་དུས་དབང་གིས་ཁྲ་ཚོམ་མེ་ཏོག་མང་པོའི་ལང་ཚོ་དགུན་ཟླར་འགྲན་ཞིང་། འདབ་བྱའི་གཤོག་འགྱུར་ཡངས་མོ་ས་མཐར་འཇབ་ལ། རྩི་ཤིང་ནགས་ཀྱི་མཆོར་གོས་ཧྲལ་ཧྲུལ་ལ་གྱུར།

ང་མཐོ་སྒང་འདི་རུ་ལངས་ཏེ་གང་སར་བལྟ་དུས། མི་ལོ་སྟོང་ཕྲག་འགའ་ཡི་གོང་རོལ་དུ། ཕ་སྤྲེལ་རྒན་བྱང་ཆུབ་དང་མ་བྲག་སྲིན་མོ་གཉིས་ཀྱིས། རླབས་ཆེན་གྱི་མི་རིགས་ཤིག་མཐོ་སྒང་འདི་རུ་བསྐྱེད་བསྲིངས་མཛད་ཅིང་། རླབས་ཆེ་བའི་མི་རིགས་འདིས་ཤེས་རབ་དང་བློ་གྲོས། དེ་བཞིན་ཞུམ་མེད་ཀྱི་དད་སེམས་དང་སྙིང་རུས་ལ་བརྟེན་ཏེ། སེམས་ཁམས་ཡངས་མོ་ནམ་མཁའི་མཐོངས་ལ་འགྲན་ཞིང་། སྒྱིད་པ་མཁྲེགས་པོ་རྡོ་རྗེའི་བྲག་ལ་འགྲན། བློ་སྣ་རིང་པོ་དལ་འགྲོའི་རྒྱུན་དང་མཉམ་ཞིང་། ཆོས་སེམས་དཀར་པོ་ཁ་བའི་རང་མདངས་འཛིན། དད་སེམས་གཙང་མ་ཁ་བའི་གཞི་རུ་གྲུབ་པས། ཤེས་རིག་གི་འོད་སྣང་ཕྱོགས་བཞིར་ཁྱབ་ཅིང་སྙན་དང་གྲགས་པ་མེ་ལྟར་འབར། ལ་རྒྱའི་དབུ་འཕངས་མཁའ་ལྟར་མཐོ་ཞིང་ངོ་མཚར་ལོ་རྒྱུས་དལ་འགྲོའི་རྒྱུན་དང་མཚུངས།

ཨེ་མ་ཧོ། མི་ལོ་སྟོང་ཕྲག་མང་པོར་འཚོ་བའི་མི་རིགས་འདིས། སྐེད་པ་རྡོ་ལྟར་མཁྲེགས་ཤིང་དད་པ་མཚོ་ལྟར་ཟབ་ལ། སྤོབས་པ་མཁའ་ལྟར་ཡངས་པའི་མི་རིགས་འདིས། འགྱུར་དུ་མེད་པའི་དད་པ་ཞིག་དང་གཡོལ་དུ་མེད་པའི་འགན་འཁྲི་སེམས་སུ་བཅངས་ཤིང་། དཀའ་སྤྱད་སྙིང་རུས་ལ་བརྟེན་ཏེ། ཤེས་རིག་ཉི་མའི་འོད་ཟེར་ས་སྒང་འདི་རུ་སྤྲོས་ཤིང་། དཔལ་ཡོན་དུང་ཟླའི་འོད་ཀྱིས་ཕྱོགས་བཞིའི་མུན་པ་བགསལ།རིག་གཞུང་ཁ་བའི་འདབ་མས་མཐོན་པོའི་གླེགས་བམ་བརྩེགས་ཤིང་། ཉམས་མེད་སྲོག་གི་གཏམ་རྒྱུད་ཆུ་མོའི་གཞུང་ལ་འགྲན་པས། ངོ་མཚར་ལོ་རྒྱུས་མེ་ཏོག་ས་ཕྱོགས་ཀུན་ལ་བཞད།

གཟིགས་དང་། འགྱུར་དུ་མེད་པ་ནི་གནས་འདིར་འཚོ་བའི་གནའ་བོའི་མི་རིགས་འདིའི་སྙིང་སྟོབས་དང་ལ་རྒྱ་རེད། རླབས་ཆེན་མེས་པོའི་ཕྱི་རབས་པ་ཚོས། མེས་པོ་ཚོ་འཚོ་མྱོང་བའི་འཇིག་རྟེན་མི་ཡུལ་གྱི་སྒལ་གཙུག་འདི་ན། ལུས་ཀྱི་སྒལ་ཚིགས་ཀ་བ་ལྟར་སྒྲེང་ཞིང་། ཡིད་ཀྱི་སྤོབས་པ་རླབས་རྒྱུན་བཞིན་འཕྱུར་ལ། དབུ་འཕངས་ཞུམ་མེད་མཐོན་པོར་བཏེགས་ཤིང་། དད་སེམས་གཙང་མའི་གླུ་དབྱངས་དང་འགྲོགས་ཏེ། གཏམ་རྒྱུད་གསར་པའི་དབུ་ཁྱུད་འཐེན་བཞིན་མཆིས།།

(ལྷུག་རྩོམ་བསྐུར་སའི་ཡིག་སྒྲོམ། 2408416708@qq.com)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1