སློབ་ཆེན་ནས་ཆ་རྐྱེན་གང་མང་མེད་པར་ཤེས་བྱ་དང་བདེན་ལུགས་དོན་གཉེར་བྱ་དགོས།

ལིག་ཐེ་ཧྥང་གིས་བརྩམས། རུ་མང་ཀླུ་མཁར་རྒྱལ་གྱིས་བསྒྱུར། (ཟི་ལིང་།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-26


ང་ཚོ་ནི་ཤེས་བྱས་གྲུབ་པའི་འཇིག་རྟེན་ཞིག་ཏུ་འཚོ་ཞིང་བཞེས་མོད།ང་ཚོའི་མིག་མདུན་དུ་བསྟར་བའི་ཤེས་བྱ་ནི་ཤེས་བྱ་དེ་ཁོ་ན་ཉིད་ཙམ་དུ་མ་ངེས་པར་བསྒྱུར་བཀོད་དང་དབྱིབས་འགྱུར་གང་མང་བྱུང་ཡོད་པའི་ཤེས་བྱ་ཡིན་སྲིད།ཤེས་བྱ་ཇི་ལྟར་བསྒྱུར་བཀོད་གཏོང་ངམ།ཤེས་བྱ་ཇི་ལྟར་སྒེར་ཞིག་ལ་ཞུགས་སྲིད་དམ།ང་ཚོས་ཚུལ་ཇི་ལྟར་གྱིས་ཤེས་བྱ་རྣལ་མ་ཞིག་དང་མིའི་རིགས་ལ་ངེས་པ་དོན་གྱིས་མཉམ་སྤྱོད་བྱ་ཐུབ་པའི་ཤེས་བྱ་ཞིག་འཚོལ་དགོས་སམ།ཤེས་བྱ་དང་བདེན་ལུགས་ནི་རང་ཤུགས་སུ་མི་སོ་སོའི་བསམ་པའི་འཚོ་བའི་ནང་མངོན་སྲིད་པ་ཞིག་མ་ཡིན་པར་འདུ་ཤེས་འཛིན་སྟངས་སྣ་ཚོགས་ཀྱི“བསྲེགས་ཐམ”དགོད་དགོས་པ་ཡིན།དེའི་ཁྲོད་དུ་ཆབ་སྲིད་ཀྱི་འདུ་ཤེས་འཛིན་སྟངས་ཡོད་ལ་སྤྱི་ཚོགས་ཀྱི་འདུ་ཤེས་འཛིན་སྟངས་གཞན་པའང་ཡོད་པ་ཡིན།ཁེ་ཕན་བླ་ན་མཐོ་བའི་དུས་སྐབས་སུ།ཁེ་ཕན་དེ་ཉིད་ཉིན་རྒྱུན་འཚོ་བའི་འདུ་ཤེས་འཛིན་སྟངས་ལ་ཁ་ལོ་བསྒྱུར་མཁན་ཞིག་ཡིན་ཞིང་འདུ་ཤེས་འཛིན་སྟངས་རིགས་འདི་ནི་ང་ཚོའི་རིམ་འབྱུང་གི་ཉེས་སྒྲིབ་དང་འདྲ་བར་ཚབས་ཆེ་བ་རེད།དོན་སྙིང་འདིའི་སྟེང་ནས་བརྗོད་ན།ང་ཚོས་ཨ་རེ་ཟི་ཐྲོ་ཐྲེས༼Aristotleཀེ་རི་སིའི་མཚན་ཉིད་རིག་པ་བ་ཞིག་གི་མིང་།༽“བསླབ་པ་སློབ་ལ་གཉེར་བ་ནི་འཚོ་བའི་རང་བཞིན་ཡིན”ཞེས་གསུངས་པ་དེའི་སྟེང་དུ་འབབ་དགོས། ཡང་གཅིག་བྱས་ན་ང་ཚོས་ཆ་རྐྱེན་གང་ཡང་མེད་པར་ཤེས་བྱ་དང་བདེན་ལུགས་དོན་གཉེར་བྱ་དགོས།

ཤེས་བྱ་དང་བདེན་ལུགས་དོན་གཉེར་བྱ་དགོས་ཟེར་དོན་གང་ཡིན་ཞེ་ན།ཐོག་མར་ཤེས་བྱ་དང་བདེན་དོན་ནི་རང་བཞིན་ལྷུན་གྱིས་འགྲུབ་པ་ཞིག་མིན་པར།ངེས་པར་དུ་མི་རང་སྟེང་ནས་དོན་གཉེར་བྱ་དགོས་པ་ཞིག་ཡིན།མི་རབས་ཤིག་དང་མི་སྒེར་ཞིག་ལ་མཚོན་ན།ཤེས་བྱ་དང་བདེན་ལུགས་དོན་དུ་གཉེར་བ་ནི་ཚབ་བྱེད་དུ་མེད་པའི་བརྒྱུད་རིམ་ཞིག་རེད།མི་རབས་གང་ཞིག་དང་མི་སུ་ཞིག་ཡིན་རུང་སླ་བཅོས་ཀྱིས་སྔ་རབས་པའི་ཤེས་བྱ་དང་བདེན་དོན་བསྐྱར་ཟློས་བྱེད་མི་སྲིད་པར།རང་ཉིད་དངོས་སུ་ཤེས་བྱ་དང་བདེན་ལུགས་དོན་དུ་གཉེར་བའི་བརྒྱུད་རིམ་ཁྲོད་སོར་ལོག་བྱ་དགོས་ཤིང་།ཤེས་བྱས་ཚེ་སྲོག་བྱེ་བྲག་པའི་གུ་ཡངས་རང་བཞིན་སྲུང་འཛིན་དང་ཤེས་བྱ་དང་བདེན་ལུགས་དོན་དུ་གཉེར་བར་བརྟེན་རང་ཉིད་ཀྱི་བློ་གཤོག་བརྐྱང་དགོས།

དེ་ནས།“ཆ་རྐྱེན་གང་ཡང་མེད་པར”ཤེས་བྱ་དང་བདེན་ལུགས་དོན་དུ་གཉེར་དགོས་ཟེར་དོན་གང་ཡིན་ཞེ་ན།གལ་སྲིད་ཆ་རྐྱེན་ལྡན་སོང་བ་ཡིན་ན་བདེན་ལུགས་ཀྱི་ཚངས་ཐིག་གཅོག་སྲིད་ཅིང་།ཤེས་བྱ་དང་བདེན་ལུགས་དོན་དུ་གཉེར་བའང་ལག་ཆ་ཙམ་དུ་འགྱུར་སྲིད་ལ།གལ་སྲིད་ཤེས་བྱ་གཞན་འགྱུར་བྱུང་ན་དབང་ཤུགས་དང་དབང་གྲགས་ཀྱི“ངན་རོགས”སུ་གྱུར་འགྲོ།ནམ་ཞིག་རང་ཉིད་ཤེས་བྱ་དང་བདེན་ལུགས་དོན་གཉེར་བྱེད་པའི་བརྒྱུད་རིམ་ཁྲོད་ནས་ཕྱིར་བུད་དེ་ཤེས་བྱ་དང་བདེན་ལུགས་ཀྱི་མགྲིན་ཚབ་པར་གྱུར་ན།ཤེས་བྱ་དང་བདེན་ལུགས་ཀྱིས་རང་སྟེང་གི་གུ་ཡངས་རང་བཞིན་སྲུང་འཛིན་མི་བྱེད་པ་དང།ཤེས་བྱའི་དོན་གཉེར་ལ་བརྟེན་ཏེ་ཤེས་རབ་ཀྱི་ཁྱད་འཕགས་འཐོབ་པར་བྱ་མི་ནུས་པར།དེ་ལས་ལྡོག་སྟེ་རང་ཉིད་ཀྱི་འཇིག་རྟེན་འཚོ་བའི་དབང་ཆ་དང་དབང་ཤུགས་ཇེ་དྲག་ཏུ་གཏོང་ཆེད།འཇིག་རྟེན་པའི་ཁེ་ཕན་དམིགས་སུ་འཛིན་པར་འགྱུར།ཁེ་ཕན་འདི་ནི་མི་སྒེར་ཞིག་གི་ཡིན་སྲིད་ལ་ཚོགས་སྤྱི་ཆུང་བ་ཞིག་གི་ཡིན་ཡང་སྲིད།སློབ་ཆེན་ནས་ཆ་རྐྱེན་གང་ཡང་མེད་པར་ཤེས་བྱ་དོན་གཉེར་བྱ་དགོས་པ་ཁས་ལེན་དུས།དོན་གྱིས་བསམ་པའི་འཚོ་བའི་རང་ཚུགས་རང་བཞིན་ཁས་བླངས་པ་ཡིན།ཡང་གཅིག་བྱས་ན་ཕྱིའི་ཁོར་ཡུག་ཅི་འདྲ་ཞིག་ཡིན་ཡང་ཤེས་བྱ་དང་བདེན་ལུགས་ཆ་རྐྱེན་མེད་པར་དོན་གཉེར་བྱ་རྒྱུ་སྲུང་འཛིན་དང་།འཇིག་རྟེན་གྱི་འཆིང་རྒྱ་ལས་གྲོལ་བའི་བསམ་པ་སྲུང་འཛིན།བསམ་པའི་འཚོ་བ་དང་འཚོ་བའི་སྐྱེ་སྟོབས་ཀྱི་རང་ཚུགས་རང་བཞིན་སྲུང་འཛིན་བྱ་དགོས།ཁྲིན་ཡུས་ཁུ(陈寅恪)ཡིས་ཝང་གོ་ཝེའི(王国维)མྱ་ངན་ཞུ་ཚིག་སྟེང་བྲིས་པའི“རང་མོས་ཀྱི་བསམ་བློ་དང་རང་ཚུགས་ཀྱི་སྙིང་སྟོབས”ཞེས་པས་ཀྱང་དོན་དངོས་ཐོག་སློབ་ཆེན་སློབ་མ་ཞིག་གི་སྤྱོད་ཚུལ་དང་རང་མོས་ཀྱི་བསམ་བློས་རང་ཚུགས་ཀྱི་སྙིང་སྟོབས་འགྲུབ་པར་བྱ་དགོས་པ་གསལ་སྟོན་བྱས་པ་ཡིན།རང་ཚུགས་ཀྱི་སྙིང་སྟོབས་ནི་རང་མོས་ཀྱི་བསམ་བློའི་དམིགས་སྒོ་ཡིན་ཞིང་ལྡོག་སྟེ་བཤད་ན་རང་ཚུགས་ཀྱི་སྙིང་སྟོབས་ནི་རང་མོས་ཀྱི་བསམ་བློའི་ཆ་རྐྱེན་དུ་འགྱུར།རང་མོས་ཀྱི་བསམ་བློ་དང་རང་ཚུགས་ཀྱི་སྙིང་སྟོབས་ཀྱིས་ད་གཟོད་ཤེས་རབ་འཕེལ་བ་དང་སྙིང་སྟོབས་རྒྱས་པར་སྐུལ་འདེད་དང་འགྲོ་བ་མིའི་ཤེས་རབ་ཀྱི་བར་སྟོང་བསྐྱེད་ཐུབ།ནམ་ཞིག་ཤེས་ཡོན་ལ་སྤྱི་ཚོགས་ཀྱི་ལྟོས་བཅས་སྒེར་ཚུགས་རང་བཞིན་དང་ཤེས་བྱ་དང་བདེན་ལུགས་དོན་གཉེར་བྱ་རྒྱུ་མེད་པར་གྱུར་ན་ཁེ་གྲགས་ཧམ་གཉེར་ཁོ་ན་བྱ་སྲིད་པས།ང་ཚོར་འཐོབ་སྲིད་པའང་དངོས་པོའི་འཇིག་རྟེན་ཙམ་ལས་ང་ཚོའི་ཤེས་རབ་ཀྱི་བར་སྟོང་སྒྲིབ་པར་འགྱུར་ཅིང་།དེ་ནི་མི་རིགས་ཤིག་དང་སྤྱི་ཚོགས་ཤིག་གི་ཡུན་རིང་བའི་འཕེལ་རྒྱས་ཀྱི་ཁོང་གསེང་གི་ཁྲིད་སྟོན་རང་བཞིན་ཡལ་བར་གྱུར་པ་ཡིན།

དོན་སྙིང་འདིའི་སྟེང་ནས་བརྗོད་ན།སློབ་ཆེན་དང་སློབ་ཆེན་གྱི་རིག་གཞུང་རང་ཚུགས་ལ་སྲུང་སྐྱོབ་བྱེད་པ་ནི་སྤྱི་ཚོགས་འཕེལ་རྒྱས་འཐུས་ཚང་ཞིག་ཡོང་བའི་འགན་སྲུང་ཡིན་ནོ།། །།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1