པ་སངས་ཀྱི་ཉིན་གཅིག

ཁྱ་དགེ་རྡོ་རྗེ་དོན་གྲུབ། (ཟི་ལིང་།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-27



        ངས་ཅིའི་ཕྱིར་ལས་གནས་འདི་འདྲ་ཞིག་བདམས་པའང་འགྲེལ་བཤད་རྒྱག་མི་ཐུབ་པའི་ཚད་ལ་ལྷུང་པ་སུ་ཞིག་གིས་ཤེས་སམ།“ཉེ་ཆར་འདི་ག་རྩོམ་སྒྲིག་ཁང་གི་ལས་གཞི་གང་མང་ཞིག་ཀྲུའུ་རིན་གཅོད་པས་རྩིས་མེད་དུ་བཏང་སོང་ལ།གོ་ཐོས་སུ་སྒོར་མོ་ཡང་མང་པོ་ཞིག་ལྐོག་བཞེས་བྱས་ཡོད་པ་རེད”ཅེས་ཁྱབ་བརྡལ་དུ་འགྲོ་བཞིན་པའི་སྒང་རེད།

        བདེ་སྐྱིད་སྲང་ལམ་དུ་མི་གཅིག་ཀྱང་མཐོང་རྒྱུ་མི་འདུག་ལ།བཟོ་དབྱིབས་ནུབ་གླིང་ལུགས་ལྟར་བཟོས་པའི་ཁང་ཁྱིམ་གཅིག་ལས་གློག་འོད་གསལ་ལ་མི་གསལ་བ་ཞིག་གིས་ཐོ་རངས་ཀྱི་སྐྱ་མདའ་དང་པོར་རེ་སྒུག་བྱེད་པ་ཇི་བཞིན་སྒེའུ་ཁུང་ལས་ཕྱི་ལ་འོད་སྣང་མི་གསལ་བ་ཞིག་འཕྲོས་འོང་།

        པ་སངས་ཀྱིས་ཉིན་འདི་གའི་བྱ་བའི་ཕྱོགས་སྡོམས་ཀྱི་ཡིག་ཚགས་དེ་དག་ཕར་སློག་ཚུར་སློག་བྱེད་ཀྱིན་དུ་མཚན་གུང་གི་ཁ་པར་ལས་བློ་མཐུན་འབྲུག་པས“ཀྲུའུ་རིན་གཅོད་པས་གཙོ་སྒྲིག་ལྟ་སྐུལ་བ་རུས་མཱ་ཅན་གྱི་ཆང་འཐུང་སྨྱོ་ཧམ་ཅན་དེ་ལ་སྤྲད་ཚུལ་སོགས་ར་སྤྲོད་བྱས་པ”དེར་ཞིབ་འདང་རྒྱབ་ནས་གཉིད་ཀྱང་མ་ཁུགས་པར་མིག་རྩ་དམར་པོར་གྱུར་འདུག

        མཱ་ཞའོ་ཆང་ནི་ནུབ་རྒྱུད་གསར་སྤེལ་ཆེན་མོའི་ཇུས་གཞི་ལག་བསྟར་བྱས་པའི་སྐབས་དེ་ནས་བཟུང་སྟེ་ལས་ཁུངས་འདི་གའི་བྱ་བར་ཞུགས་མྱོང་ཟེར།ཉེ་སྔོན་དུ་ཁོ་བོས་ཁྱིམ་རྒྱུད་ནི་བོད་པ་ཡིན་ཚུལ་དང་བོད་ཀྱི་རིག་གནས་ལ་དགའ་ཚུལ་སོགས་གང་མང་ཞིག་ཁ་མཚར་ཀུ་རེའི་བར་ནས་བརྗོད་པ་གྲངས་མེད།དེ་དུས་བློ་མཐུན་འབྲུག་པས“སྐྱག་རྫུན།འཆལ་གཏམ་བཤད་ན་སྙིང་བོ་མེད”ཅེས་གཤེ་གཤེ་ཡང་བཏང་མྱོང་ཡོད་པ་རེད།

        པ་སངས་ཁོ་རང་ལ་ཆུང་དུས་ནས་རྩོམ་འབྲིའི་གཤིན་སར་བརླན་མྱོང་པའི《 མཚོ་སྔོན་བོད་ཡིག་གསར་འགྱུར》དང《གངས་རྒྱན་ན་ཆུང་ཚགས་པར》སོགས་ཚགས་དེབ་འགའི་བར་དུ་གཅུད་པའི་དངོས་སྦྱོང་ཐོ་འགོད་རེའུ་མིག་དེ་བཙལ་ཏེ་ལས་ཚོགས་སུ་འགོར།

        ཁོ་རང་གཞུང་ལས་ཁང་གི་སྒོ་ཆེན་དུ་འཛུལ་མ་ཐག་ནས་སེམས་སུ་དངངས་ཚབ་ཅིག་སྐྱེས་ཏེ།ཀྲུའུ་རིན་གྱི་ངོ་གདོང་དེ་ཡིད་ལ་ཝ་ལེར་ཤར་བྱུང་།འདི་ག་རྩོམ་སྒྲིག་ཁང་ནི་ཐོག་བརྩེགས་གསུམ་པར་ཡོད་ཅིང་།གཅིག་ཐོག་ནས་ཐོག་བརྩེགས་རིམ་པར་གོམ་པའི་འདེགས་འཇོག་དང་བསྡོངས་ནས་སེམས་སུ་གནོན་མི་ཐུབ་པའི་ལྟིག་སྒྲ་དང་བཅས་ཏེ་གཞུང་ལས་ཁང་དུ་འཛུལ།འབོལ་ཁྲི་ལས་གདོང་ལ་མདངས་རྒྱས་ཤིང་དམར་ཤ་དོད་པའི་བློ་མཐུན་ཞིག་གིས“ཀྲུའུ་རིན་གཅོད་པ་ལས་ཁྱུར་ངལ་གསོའི་ཐོ་འགོད་རེའི་མིག་དེ་སྤྲོད་པར་ཕྱིན་སོང”ཟེར་

        གྱིན་པ་སངས་ལ་རྩོམ་ཡིག་ཞུ་དག་སྐོར་གྱི་ལས་ཀ་ཞིག་བཀོད་སྒྲིག་རྒྱབ་བྱུང་ལ།པ་སངས་ཀྱིས་དེ་གའི་གཞུང་སྒྲུབ་ཁང་གི་གཡོན་ངོས་ཀྱི་གྱང་ངོས་སུ་སྦྱར་བའི“ལས་གྲོགས་ཀྱི་འབྲེལ་ལམ་རེའུ་མིག་བྱ་ར”ཞེས་པ་ལས་ཀྲུའུ་རིན་གཅོད་པའི་ཨང་གྲངས་བཙལ་ཏེ་ཁ་པར་བཏང་བྱུང་།

        པ་སངས་ཀྱིས་ཉེ་སྔོན་སློབ་ཆེན་ནས་འདི་གར་དངོས་སྦྱོང་དུ་ཡོང་ཁར་འཁྱེར་འོང་བའི་དངོས་སྦྱོང་ཐོ་འགོད་རེའུ་མིག་སྟེང་དུ་ཐམ་ཀ་ཞིག་དགོས་པའི་རེ་བ་བཏོན་བྱུང་།

        གཅོད་པས་པ་སངས་ལ་བཤད་རྒྱུར“སྤྱི་ཁྱབ་རྩོམ་སྒྲིག་པ་བརྗེས་ཡོད།”

        “སུ་རེད”

        “རིགས་ཞེན་གྱི་དུངས་པ་ཟབ་ཅིང་རྩོམ་འབྲིར་མོས་པ།གོང་རིམ་ནས་མངགས་པའི་བློ་མཐུན་མཱ་ཞོའོ་ཆང་།”

        “ངས་མི་ཤེས།དེ་ལ་རྒྱུས་མངའ་སྤུ་ཙམ་ཡང་མེད།”ཅེས་ལན་བཏབ་བྱུང་།

        སྐབས་དེར་འབོལ་ཁྲི་སྟེང་གི་སྐྱེས་པ་དེས“ང་མཱ་ཞོའོ་ཆང་ཡིན།”པ་སངས་ཀྱིས་མགོ་སྒུར་ལྕེ་མནར་གྱིས“འོ་དགོངས་དག”ཟེར་ཞོར་དུ་ཁ་པར་ཡང་སྐྱར་རྣ་སྒོར་གཅར་དུས་ཏུའུ་སྒྲ་ཞིག་གིས་ཁོ་ལ་བརྡ་གཏོང་གྱིན་འདུགདེ་དུས་པ་སངས་ཀྱི་སེམས་ངོར་ཕ་རོལ་པས་སྔ་མོ་ནས་ཁ་པར་གྱི་ཁ་གཏན་ཟིན་པའང་གཞི་ནས་ཤེས།

        ད་ནི་ཤེས་མེད་ཚོར་མེད་དུ་ཕ་རོལ་པས་ཁ་པར་གྱི་སྒོ་སྔ་མོ་ནས་གཏན་ཟིན་ལ་ཞུ་འདོད་པའི་སྐད་ཆ་མང་པོ་ཞིག་ཀྱང་བཤད་མ་ཚར་བར་ཏུའུ་སྒྲ་ཞིག་མཇུག་བསྡུས་སོང་།

        “ད་ནི་ཅི་ཞིག་བྱ” བསམ་གཞིག་གི་ཐང་ཆེན་དུ་འགྲོ་རན་པའི་སྐབས་ཐོག་དེར་བློ་མཐུན་འབྲུག་པས་མཆན་ལ་ཡིག་ཚགས་ཤིག་བསྡམས་ནས་གཞུང་ལས་ཁང་དུ་འཛུལ་བྱུང་།ཁོས་མཆན་གྱི་ཡིག་སྣོད་དེ་འབོལ་ཁྲི་རུ་སྟག་ལྟར་འགྱིང་བའི་ཀྲུའུ་རིན་གསར་བའི་སྔུན་དུ་བསྟར་ཅིང་།ཁ་སང་གི་ཚོགས་འདུའི་སྤྱི་སྡོམས་ཚང་མ་མ་ལུས་པར་བཤད་བྱུང་།

        “་་་་་་”

        འབྲུག་པས“རེད་ཡ།པ་སངས་ཀྱིས་རང་ལས་ཁུངས་ཕྱོགས་ཀྱི་འགོ་ཁྲིད་འགའ་ཤས་རིག་མྱོང་མེད་པའི་ཚོད་རེད།དེ་རིང་ནས་བཟུང་ཁོའི་དངོས་སྦྱོང་གི་ཉིན་གྲངས་ལོན་སོང་བ་རེད།”ཞེས་ཕྱར་བ་གྲུ་འདེགས་ཀྱི་ཚུལ་དུ་དེ་སྐད་སྨྲས།

        པ་སངས་ཀྱིས་ཡང་བསྐྱར་དངོས་སྦྱོང་ཐོ་འགོད་རེའུ་མིག་ཏུ་ལས་ཁུངས་འདི་གའི་ཐམ་ཀ་གཅིག་ཅིས་ཀྱང་རྒྱག་དགོས་པའི་རེ་བ་ཞུས།

        ད་དུང་ཉིན་ཁ་ཤས་ལ་སྒུག་རོགས།ང་རང་དམངས་གཙོའི་བཅོས་བསྒྱུར་གྱི་རྗེས་ནས་བཟུང་གཞུང་གི་ལས་ཀ་ཏག་ཏག་གཉེར་མྱོང་།འོན་ཀྱང་ཁྱེད་ལྟ་བུའི་ཨུ་ཚུགས་ཅན་ཞིག་ལ་ཐུག་མྱོང་མེད།"

        “ག་ཙམ་ལ་སྒུག་དགོས་སམ”

        ད་དུང་གསལ་བོ་མི་ཤེས།ཀྲུའུ་རིན་གཅོད་པས་དབང་ཆ་ཚང་མ་སྤྲད་མེད"ཅེས་བཅོས་འཛུམ་གྱིས་བསླུས་པའི་སྐད་ཆ་ཞིག་པ་སངས་ཀྱི་སེམས་པའི་གཏིང་རིམ་དུ་དཔྱང་སོང་།

        པ་སངས་ཀྱིས་བློ་མཐུན་འབྲུག་པར་གྱེས་བརྡ་ཞིག་གཏོང་ཞོར་དུ“ཁ་པར་ནས་འབྲེལ་གཏུག་བྱ་འོང”ཟེར་ཞོར་དུ་ངུ་དགོད་བྲོ་བའི་སྣང་བ་ཞིག་འཁྱེར་ནས་ཕྱི་ལ་བུད།

        པ་སངས་ཚགས་པར་ཁང་དེའི་སྒོ་རུ་བུད་དེ་སྤྱི་སྤྱོད་རླངས་འཁོར་ཞིག་ཏུ་བསྡད་ནས་བདེ་སྐྱིད་སྲང་ཤུར་གྱི་བཞི་མདོ་རུ་གནས་པའི་ནང་མ་ཞིག་གི་ནང་དུ་ཆས་སོང་།ནང་མ་དེ་ནི་ཁམས་ཕྱོགས་ནས་ཆས་པའི་སྦྱིན་བདག་སྟོབས་ལྡན་ཚང་གི་ཡིན་ལ།ནང་གི་སྒྲིག་བཀོད་ཚང་ན་མི་རིགས་ཀྱི་ཁྱད་གཤིས་མ་དབོར་བའི་སྟེང་ཞུབས་ཞུ་རྣམ་འགྱུར་སོགས་ཀྱིས་བཞི་མདོ་འདི་གའི་མི་རྣམས་ཀྱི་སེམས་ངོར་བག་ཆགས་བཟང་པོ་ཞིག་བཞག་ཡོད།

        ཁོ་རང་ནང་མ་འདི་གའི་གྲུ་ཟུར་ཞིག་ཏུ་བསྡད་བྱུང་ལ།དེ་རིང་ནི་ཉིན་རྒྱུན་ལས་འཚང་ཁ་ཆེ་བར་མ་ཟད་སྐད་ཅོར་གྱི་སྒྲ་ནི་དེ་བས་ཀྱང་མཐོ།“ཨ་ཁུ་སྟོབས་ལྡན།ཤ་མོག་སྡེར་མ་གཉིསཆང་རྒྱ་མ་ལྔ”ཞེས་སྐད་བཏང་བྱུང་།

        སྦྱིན་བདག་སྟོབས་ལྡན་གྱིས“ཡ་ཡ་སྐུ་མགྲོན”ཟེར་ཞོར་དུ་ཐབ་ཚང་གི་ཕྱོགས་སུ་སྐད་བཏང་སོང། ལུས་ཅུང་རྒྱགས་ཤིང་མཁུར་ལ་མདངས་རྒྱས་པའི་སྦྱིན་བདག་སྟོབས་ལྡན་གྱིས་འོ་ཇ་ལྡུག་ཞོར་དུ “སྐུ་མགྲོན དེ་རིང་ཁྱེད་གཅིག་པུ་ཡིན་ནམ།”ཞེས་དྲིས་བྱུང་།

        པ་སངས་ཀྱིས་ཆི་ཀུ་ཝ་ལྭ་རྟགས་ཅན་གྱི་སྟོད་ལྭ་དེ་ཕུད་ཞོར་དུ“མིན།སློབ་གྲོགས་ཤིག་ལ་སྒུག་ཡོད”

        “མིག་རྩ”

        “དགོང་མོར་སྒྲུང་གཏམ་རེ་གཉིས་བྲིས་པ་ཡིན། འོ་རེད་ཡ ནང་མ་འདི་གའི་སྒྲོལ་མའི་ཐང་ག གདུགས་དཀར དབྱངས་ཅན་མའི་ཐང་ག་འདི་དག་བལྟས་བལྟས་རིག་རིག་ལ་དུ་འཐེན་འདི་དག་གིས་སྦག་སོང”ཟེར་ཞོར་དུ་དབུགས་རིང་ཞིག་དབང་མེད་དུ་ཤོར་སོང་།

        ཁོས་ཕྱི་དྲོར་ལས་ཁུངས་དེ་གར་ཞུ་བ་བྱེད་པར་མི་འགྲོ་བའི་སེམས་ཐག་བཅད་ཟིན་ལ།གྲོང་ཁྱེར་འདི་གར་དངོས་སྦྱོང་བྱེད་བཞིན་པའི་སློབ་གྲོགས་མགོན་པོ་རྣམ་རྒྱལ་ལ་ཁ་པར་བཏང་ནས་དོ་ནུབ་ཅིས་ཀྱང་བཟི་རག་བར་དུ་ཟླ་རེར་གླ་ཆ་སྤྲད་གྱིན་པའི་ཁང་མིག་དེར་མི་ལོག་པའི་སེམས་ཐག་ཀྱང་བཅད་ཟིན།

        “ཐུངས་ཡ ཞབས་བཏགས”

        “་་་་་་”

        “ད་ནི་དངོས་སྦྱོང་འགྲོ་རྒྱུ་ཕར་ཞོག གཞན་ངོ་ཐུག་རྒྱུ་དཀའ་མོ་ཞིག་རེད”ཅེས་མགོན་པོ་རྣམ་རྒྱལ་ལ་དཀར་པོ་ཆོས་ལ་ནན་ཏན་གྱི་ཚུལ་དུ་དེ་སྐད་སྨྲས།

        “ད་སྐབས་རྩོམ་ཡོན་མི་ཉུང་པ་རེ་ལེན་གྱིན་ཡོད་པས་ལས་ཁུངས་དེ་གར་འབྲེལ་བ་མི་བཟང་ངམ”ཞེས་མགོན་པོ་རྣམ་རྒྱལ་གྱིས་བཤད།

        “་་་་་་”

        ས་རུབ་སོང་། འཚང་ཤུགས་ཀྱི་འདུ་ལོང་རྒོད་པའི་ནང་མ་འདི་ཡི་ཉེ་འཁོར་གྱི་མི་ཚང་མ་གཅིག་རྗེས་གཉིས་མཐུད་དུ་བཞུད་སོང་།


རྩོམ་ཡིག་རྗེས་མ།
གླིང་ཉུལ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1