དབྱངས་ཀྱི་སྐྲ་ལོ་བསླས་པ།

སྨག་སེལ། (ཡུལ་ཤུལ།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-27


ཁྲག་གི་རླངས་པ་རི་བོའི་ཟོལ་དུ་འཕྱུར་བ་བཞིན།།

ལུས་ཀྱི་དྲི་ངད་མེ་ལྕེའི་གཟེབ་ཏུ་ཐིམས་པ་བཞིན།།

ཡིད་ཀྱི་མཚོ་མོ་ཟླ་བའི་མདངས་སུ་བཞད་པ་བཞིན།།

ང་ཡི་དུངས་བ་ང་ཡི་ཉིན་དང་མཚན་མོར་བྲིས།།

 

གསེར་གྱི་རྣ་ཆ་མཛངས་མའི་དབུ་ལ་ཐོགས་པ་བཞིན།།

ཞེ་ཡི་འདང་བརྩེ་ཤ་རུས་གསེང་ན་གཡོ་བ་བཞིན།།

འཁྲིག་མའི་ལུས་ལ་འདོད་པའི་ཁུ་ཁྲག་གཏོར་བ་བཞིན།།

ང་ཡི་མིག་མདངས་ང་ཡི་ཆགས་པའི་གླུ་ལ་བྲིས།།

 

སྐྱེ་འཆི་གར་གྱིས་ཚེ་ཡི་ཉི་འོད་གཞོམ་པ་བཞིན།།

ལོ་ཟླའི་རྨི་ལམ་དྲན་པའི་གདུང་བས་མནར་བ་བཞིན།།

གངས་ཀྱི་རི་ལ་མེ་ཏོག་འདབ་བརྒྱ་གྲོལ་བ་བཞིན།།

ང་ཡི་ན་ཟུག་ང་ཡི་མཛེས་པའི་འཛུམ་ལ་བྲིས།།

 

སྒྲོལ་མའི་ངག་ལ་དབྱངས་ཀྱི་སྐྲ་ལོ་བསླས་པ་བཞིན།།

ཡིད་ཀྱི་བཞིན་རས་སྣུམ་དང་ཚོན་གྱིས་བྱུགས་པ་བཞིན།།

དུས་ཀྱི་རི་མོ་འཁོར་བའི་རླུང་ལ་བསྐུར་བ་བཞིན།།

ང་ཡི་སྙན་ངག་ང་ཡི་མཛུབ་མོའི་རྩེ་ན་བྲིས།།

 

བར་དོའི་ཁམས་ན་ཅང་ཤེས་རྟ་ཕོ་འགྲན་པ་བཞིན།།

སྦྲ་མཐའི་བུ་མོ་སེམས་ཀྱི་ཉི་ཟླར་ཤར་བ་བཞིན།།

འོ་མའི་སྦྲང་རྩི་མཆོད་པའི་ཆང་ལ་རོལ་བ་བཞིན།།

ང་ཡི་ལས་དབང་ང་ཡི་གནམ་གྱི་རྒྱལ་མོར་བྲིས།།

 

ལག་གི་འཁྱུད་གར་མུན་པའི་རུམ་དུ་བསྲིངས་པ་བཞིན།།

དུངས་བའི་རྐུན་པོ་རི་དང་ནགས་ལ་བྲོས་པ་བཞིན།།

གནམ་གྱི་སྐར་མ་གནའ་མོའི་ཐང་ལ་ལྷུངས་བ་བཞིན།།

ང་ཡི་རྣམ་ཤེས་ང་ཡི་རུས་དང་རྐང་ལ་བྲིས།།

 

མེ་ཏོག་ལུང་པར་ལུག་ཁྱུ་སྤྲིན་ལ་འཁྲིགས་པ་བཞིན།།

དངུལ་གྱི་ཨ་ལོང་མགུར་གྱི་ལྷ་མོར་དཀྲིས་པ་བཞིན།།

སྣང་མཐའི་རི་མོ་ཆུ་དང་ཆར་བས་བསླད་པ་བཞིན།།

ང་ཡི་ལན་ཆགས་ང་ཡི་གཟུགས་དང་ཚོར་བར་བྲིས།།

 

 

ང་ཡི་སྙིང་སྡུག་ལ་གཞས་ནང་ནས་ལེན།

 

འཁོར་བའི་ཟམ་པ་ལང་ཚོའི་རྐང་ལམ་ཡིན།།

དྲན་པའི་ན་ཟུག་དུངས་བའི་མདུད་པ་ཡིན།།

རྨི་ལམ་འཁྲུགས་པའི་ཉིན་ཞག་འབུམ་ཕྲག་ཏུ།།

ང་ཡི་སྙིང་སྡུག་རོལ་དབྱངས་ངོས་སུ་བྲིས།།

 

མགུར་གྱི་ལྷ་མོ་སྙིང་རྗེའི་མིག་མདངས་ཡིན།།

བྱམས་པའི་བཞིན་རས་ལོ་ཟླའི་དྲན་ཤིང་ཡིན།།

བྱང་ཐང་འགྲིམས་པའི་འབྲོག་སྡེ་སྨུག་པོ་ན།།

ང་ཡི་སྙིང་སྡུག་ལ་གཞས་ནང་ནས་ལེན།།

 

གསེར་གྱི་ཕ་ཝང་སེམས་ཀྱི་གཤོག་ཡ་ཡིན།།

ནས་ཆང་མངར་མོ་ལས་ཀྱི་དར་ཐག་ཡིན།།

རྣང་ཞིང་དབུས་ཀྱི་སྙན་ཚིག་བརྒྱ་རྩ་བརྒྱད།།

ཁྱོད་ལ་འཁྲེང་པའི་ཞེན་ཆགས་དམར་པོ་ཡིན།།

 

མཚོ་ཡི་རླབས་རིས་ཡིད་ཀྱི་འགྱུར་ཁུག་ཡིན།།

གངས་ཀྱི་ན་བུན་མཛའ་བརྩེའི་སྨྲེང་བ་ཡིན།།

བྲང་ཁར་ཟགས་པའི་མིག་ཆུའི་ཐིགས་པ་རེ།།

ཆུང་འདྲིས་རོགས་ཀྱི་བག་ཆགས་ཟབ་མོ་ཡིན།།

 

འཚོ་བའི་རྫི་བོ་ལས་དང་རྒྱུ་འབྲས་ཡིན།།

འཇིག་རྟེན་འདིའང་འཁྱག་པ་འཁྱག་པ་ཡིན།།

ང་ཡི་རྣམ་ཤེས་རིགས་ཀྱི་དྲོད་ཐིག་ཡིན།།

ཟླ་བ་མཚོ་ལ་ལྷུངས་བའི་ཨུ་ཚུགས་ཡིན།།

 

ཡིད་ཀྱི་འཛུམ་རིས་མུན་པའི་སྐར་ཚོམ་ཡིན།།

ཅུང་ཙམ་དགོད་ན་དཀར་གསལ་དུང་ཟླ་ཡིན།།

གདངས་ལ་འཐེན་ན་རྒྱུད་དྲུག་པི་ཝང་ཡིན།།

སེམས་སུ་ཉར་ན་མུ་ཏིག་འཕྲེང་བ་ཡིན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1