ཕྱི་དྲོ།

དུར་བྱང་། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-27


རི་ཁུད་ཀྱི་ཉི་མས་ཁྱོད་ཀྱི་གདོང་ལ་དམར་ཐིག་ཅིག་ཕབ།

གཅིག་པུར་ལམ་ལ་འཁོར་དུས།

ཕྱི་དྲོ་ཞིག་རེད།

སྐྲག་སློང་བྱེད་ཀྱི་དྲི་བ་ཁ་ཚ་མ་ཞིག་མིག་འོད་ནས་བཞུར་བ།

དྲང་མོར་བཤད་ན།

དུས་ནམ་ཞིག་ལ་དམ་བཅའི་རྡོ་བ་གཅོག་ཐུབ།

ལས་དབང་གི་འོད་ཟེར་ལྗང་གུ་གྲིབ་གཟུགས་རེའི་ཁྲོད་འདས་ཟིན་ནའང་།

ཁ་སང་གི་གྲོགས་པོའི་མིང་ཡིག་སྐྱོ་སྡུག་གིས་བརྩེགས་ག་ལ་སྲིད།

རེ་ཞིག་ཁ་རོག་གེར་བསྡད་རྗེས།

ཡང་ན་སྐད་ཆེན་པོས་ཁྱོད་ལ་འབོད་དུས།

འཇིག་རྟེན་ནི་གཟུགས་མེད་ཀྱི་རྣམ་ཤེས་ཤིག་ཡིན་པར་བསམ།

དུས་ཚོད་རེའི་རྩེ་མོར་ལྷུང་བའི་འཁོར་འདས་ཀྱི་ཉི་ནུབ།

བསྟོད་སྔགས་རེ་རེ།    སྨོན་ལམ་རེ་རེ།

མཐའ་མི་གསལ་བ་འཁོར་བའི་ཆོས་ཉིད།

ལུས་ཕུང་ལས་ཁྲག་དམར་འཛག་པའི་དུས་སྐབས་དེར།

རྣམ་ཤེས་ཀྱི་གདོང་ལའང་མཚོན་རྨས་ཐེབས་ཡོད།

རྣམ་ཤེས་དང་རལ་གྲིའི་སོ་ཁ་ཕྱོགས་གཅིག་བྱས་ན།

ངས་ཁྱོད་ལ་ཤབ་ཤུབ་ངང་བཤད་པའི་གསང་བ་དེ་རྟོགས་ཐུབ།

སྟེས་དབང་གི་གཞས་ཤིག་བཏང་ཡོང་བ་དེ་ཁྱོད་ཀྱི་སེམས་ལ་ཉོལ་དང་།

དེ་ནི་འཚོ་བའི་ལག་རྟེན་དང་སྣང་བའི་འཇའ་ཚོན་བྱེད་ཆོག

ཕན་ཚུན་གཉེན་གན་འཇོག་པའི་དུས་ཚིགས།

སྙིང་རྗེ་དང་འཆི་བས་མེ་ཐབ་ཏུ་བཙོས་པ་དེ་དག

ལན་རེར་རྣམ་ཤེས་དང་གློ་བ་འཕྲད་དུས།

ང་ཚོ་ཚང་མ་མུན་ནག་གི་རྒྱབ་ཏུ་ཡིབ་ཅིང་།   དུས་མཚུངས་སུ།

འོད་ཀྱི་གྲིབ་གཟུགས་ལ་འཁོར།

ཆུ་ནང་གི་བློའི་ཡུལ་དུ་བྱ་རུང་བ་མཐའ་དག

སྐད་ཅིག་མར་མི་སྡོད་པར་རི་ལུང་ཀུན་ལ་ཁྱབ་པ།

སླར་ཡང་།   ལག་པས་འཛིན་རྒྱུ་ཞིག་ཡོད་སྲིད།

རང་ཉིད་ཀྱི་རུས་མིང་ཐེངས་མང་པོར་བཙལ་རྗེས།

ཚེ་སྲོག་ཅིག་གི་གཟི་བརྗིད་སྲུང་བའི་ལྷ་མོ།

ཁོས་སྤྱན་གྱིས་མ་མཐོང་བའི་གང་ཟག་གི་བདག་མེད།

ང་ཚོའི་ལུས་ངག་ཡིད་གསུམ།

ཆང་གི་ཐིགས་པ་རེ་རེ་དང་རྩྭ་མགོའི་ཟིལ་བ་རེ་རེ་བཞིན་མར་འཐོར་འགྲོ།

ལོག་ཡུལ་དབེན་པའི་གནས་ག་ཤེད་ཅིག་ལ།

ཉིན་ཞིག་ལ།

ལས་ཀྱི་ཤ་མཆིན་ལན་དུ་བཙེམ་དུས།

ཤེལ་ཕོར་ངོས་ལ་ཚེ་མདུད་རྒྱག་ཆོག

དུང་བའི་མཚོ་ལ་རི་མོ་བྲི་ཆོག

དེ་དུས་རྨི་ལམ་གྱི་རྟ་ཕོ་མཉམ་དུ་བཞོན་ནས་འཕུར་འགྲོ།  འཕུར་འགྲོ།


རྩོམ་ཡིག་རྗེས་མ།
ས་སྲོད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1