མདོ་ཁམས་མི་ཉག་ཞིང་གི་མགར་ཐར་བ།

རྒྱལ་ལྡོང་ཨོ་རྒྱན་དོན་གྲུབ། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-27


སྲིད་པའི་གངས་རི་མཁའ་ལ་སྙེགས་ཡོད་ཤར་སྟོད་བཞག་བྲ་ལྷ་རྩེར་གྲགས། །

སྡེ་ཆེན་མར་ཁུའི་མཚོ་ལྟར་འཁྱིལ་ཡོད་མཁས་གྲུབ་སྟོང་གི་གདུལ་བྱའི་ཞིང་། །

ར་བ་སྒང་གི་མཐིལ་དུ་ཆགས་ཡོད་དེབ་དམར་ཁྲོད་ཀྱི་མི་ཉག་མགར། །

མེས་པོའི་མངའ་ཐང་མཐའ་ལ་བསྲིངས་བའི་རུས་ཞེན་དཔའ་བོའི་གོ་ཁྲབ་ཅན། །

བཙན་པོའི་རྒྱལ་སྲིད་དགུང་ལ་བཏེགས་ཡོད་ཞུམ་མེད་སྙིང་གི་སྤོབས་པ་ཅན། །

ཕྱོགས་བཞིའི་རྒྱལ་ཁབ་ཐབས་ཀྱིས་བཏུལ་ཡོད་བློ་རིག་གཟི་འོད་འབར་བ་གང་།།

སུམ་གཉིས་ས་ལ་འཁོར་ལོ་བསྐོར་བའི་ཡ་མེད་དཔུང་གི་རམ་འདེགས་པ། །

བློན་ཆེན་མགར་གྱི་མེས་པོའི་ཁྱིམ་རྒྱུད་མགར་ཐར་དཔའ་བོ་སྟོང་གི་ཡུལ། །

རིགས་མཐུན་བཙུན་མོ་བཞི་ཡི་གྲས་ན་མི་ཉག་བུ་མོ་སྐྱེ་གཟུགས་ཅན། །

རུ་ཡོང་བཟའ་ཞེས་གྲགས་པ་འབར་བའི་མཛངས་མའི་ཡོན་ཏན་བརྒྱད་ལྡན་པ། །

ཁམས་ཀྱི་སྒོ་གདོང་སྒོ་མོའི་པང་ནས་དབུས་སུ་གཉེན་ལམ་མཐུད་པ་དེ། །

ལོ་རྒྱུས་དེབ་ཐེར་གསེར་ཡིག་ཁྲོད་ན་གཟི་འོད་སྟོང་གི་རང་མདངས་ཅན། །

རྫ་རི་སྨུག་པོ་གནམ་ལ་བསླངས་པའི་རྫོང་རྒོད་དགྲ་ལྷའི་འདབས་རོལ་ན། །

རྦ་རླབས་ལང་ལོང་མཁའ་ལ་འཕྱོ་བའི་མགར་ཆུ་སྔོན་མོའི་ཆུ་མགོ་ན། །

གངས་ལྗོངས་གདོང་ལྔའི་ཁྲི་འཕང་མཐོན་པོར་ལུགས་གཉིས་འཁོར་ལོས་དབང་བསྒྱུར་བའི། །

པད་དཀར་འཆང་བ་མཁས་གྲུབ་མཚན་དཔེ་མགར་ཐར་དཀོན་བརྩེགས་གཤིས་ནས་བཞད། །

མཆོད་ཡོན་ཉི་ཟླའི་ཐུགས་རྗེའི་ཀློང་ལས་མགར་ཐར་བྱམས་པ་གླིང་ཞེས་འཁྲུངས། །

བླ་རུང་ཐུགས་བསྐྱེད་མཐའ་རུ་འཚེར་ཚེ་མདོ་སྔགས་ཆོས་འབྱུང་གླིང་ཞེས་བསྐྲུན། །

བཻ་སེར་གླེགས་བམ་གསེར་ཡིག་ཁྲོད་ཀྱི་དཔལ་ཡུལ་བོན་གྱི་ཞིང་ཁམས་ན། །

བན་བོན་གྲུབ་མཐའི་བཤད་སྒྲུབ་བསྟན་པ་འཛིན་སྐྱོང་སྤེལ་བའི་འཕྲིན་ལས་བརྗིད། །

རབ་སྒང་རིང་མོའི་མཁས་པའི་དཔུང་དུ་ཉན་ཤུལ་རུས་བཟང་ལྷ་ཡི་རྒྱུད། །

ཤེས་རབ་སྤྱན་གྱིས་ཡེ་ནས་གཟིགས་པའི་མཁས་མང་གསེར་རིའི་ཕྲེང་བ་དག། །

མགར་ཐར་གསེར་གྱི་ལུང་པར་འཁྲུངས་ཤིང་ལུང་རྟོགས་མཛོད་ཀྱི་གཏེར་བརྡོལ་ཏེ། །

གངས་རིའི་གཡས་གཡོན་རིག་པའི་མཛོད་དུ་མཁྱེན་དཔྱོད་གསེར་གནག་གཟི་འོད་འབར།།

དགེ་འདུན་འདུས་སྡེ་ཁྲིམས་གཙང་ཐུགས་མཐུན་མི་ཤིགས་རྡོ་རྗེའི་དཔལ་དུ་མདུད། །

དྲི་མེད་རྒྱལ་བསྟན་གསེར་གྱི་རང་མདངས་ཕན་བདེའི་ཉི་འོད་རིང་དུ་འཚེར། །

ལུགས་གཉིས་ལེགས་ཚོགས་ཡུལ་འདིར་བལྟམས་མཛད་མེས་པོ་མགར་རུས་བཀའ་དྲིན་ཅན། །

ཆོལ་གསུམ་གངས་རིའི་མུ་ཁྱུད་དབུས་ན་མགར་ཐར་ལྷ་སྡེ་ལྷང་ངེ་བ། །

ལུག་འབྲོག་གསེར་གྱི་བྱ་ཡི་ཁྱུང་ཆེན་གཤོག་ཟུང་ཟིལ་ཤུགས་མཁའ་ནས་ངོམས། །

མགར་ཆུ་སྔོན་མོ་རྔམས་པས་བཞུར་བར་སྐྱེ་དངོས་ཚེ་སྲོག་མཐའ་ནས་རྒྱས། །

ཕྱོགས་བཞིར་མུ་ཁྱུད་ནགས་ཀྱིས་བསྐོར་བའི་མི་ཉག་བཙན་རྫོང་མགར་གྱི་ཡུལ། །

གནའ་དེང་ཤེས་རབ་འོད་ཀྱིས་གསལ་མཛད་མཁས་པའི་དཔུང་སྡེ་ལྷམ་མེ་བ། །

དགེ་བཅུའི་ཕན་བདེ་མིག་ལྟར་གཅེས་ཤིང་ལུགས་གཉིས་ཟླ་གཞོན་འོད་ཀྱིས་འཚེར། །

འབྱུང་བཞིའི་དྲོ་གྲང་ས་གཤིས་སྙོམས་ཤིང་རྩྭ་རྩི་སྨན་གྱིས་རི་ལུང་བཏུམས། །

སྲིད་འབྱོར་རིག་པའི་མཚོ་མོ་འཁྱིལ་ཞིང་མཐུན་སྒྲིལ་གཡུང་དྲུང་མ་བསྣོགས་པའི། །

མགར་ཐར་སྒེག་མོའི་ནོར་འཛིན་གཞི་རུ་རོང་འབྲོག་སྡེ་ཆེན་ལྷན་ནེར་ཆགས། །

༢ སྲིད་པའི་ཟེ་བ་འགུལ་བྱུང་།

- ཨ་མཆོག་ཐོ་རེངས་ཀྱི་ཨ་ཁུའི་ཞང་ཁོ་ཞེས་པའི་དམངས་གླུ་ཞིག་ལ་མཉན་པ།

ཀྱེ་ཕུར་མཆོག་གསུམ།རྨ་ཆུ།

དབྱངས་ཀྱི་བསིལ་རླུང་དལ་གྱིས་ལྡང་སྟེ་སྐྱོ་ངལ་བུ་ཆུང་པང་དུ་བླངས།།

ངག་གི་གཙང་བོ་རླབས་ཀྱིས་བྲུག་སྟེ་ཁེར་རྐྱང་ཕ་བོང་གས་སུ་གཏུབས།།

འབྲུ་འགྲེལ་གསལ་བའི་ཚིག་གི་མདའ་མོས་རྨོངས་པའི་བྲག་རི་རྨང་ནས་གཏོར།།

ཨ་ཁུའི་ཞང་ཁོ་སྦྲ་ལ་བོས་ཏེ་འོ་ཇའི་མངར་ཁ་འབྱུང་བཞིར་བསྐྱིལ།།

ས་སྲོད་ཅིག་གི་མུན་པ་སངས་སླད་ཁྱོད་ནི་འོད་ཀྱི་གོང་བུར་འཕྲོས།།

དྲན་པ་ཞིག་གི་རྡུལ་འཚུབ་དྭངས་སླད་ཁྱོད་ནི་ཁ་བའི་འདབ་མར་ཉིལ།།

སྤྱི་ཚོགས་ཤིག་གི་དྭངས་སྙིགས་འབྱེད་ཕྱིར་ཁྱོད་ནི་ཀེ་ཏའི་ནོར་དུ་ལྷམ།།

ཨ་ཁུའི་ཞང་ཁོ་ངག་ལ་བསྐྱིལ་ནས་མནོལ་གྲིབ་སངས་པའི་ཕུ་ཞིག་བཏབ།།

དབྱར་གྱི་ཟོམ་ནས་རྦབ་ཆུར་འཕྱོ་བ་མེས་པོའི་དབྱངས་ཀྱི་ཟིལ་ཤུགས་ཏེ།།

སྤང་གི་ངོས་ལ་ལྷོད་ཀྱིས་འཁོར་བ་གཞོན་རབས་ལང་ཚོའི་མེ་ཏོག་ཡིན།།

དགུན་གྱི་ལྗོངས་སུ་ལྗང་ལོ་འབུས་པ་གདངས་ཀྱི་ཟིལ་བ་འཇམ་པོ་ཡིན།།

ཨ་ཁུའི་ཞང་ཁོ་ཆར་དུ་འཇོ་བཞིན་མེ་ཏོག་དག་གི་འདབ་མ་སྒུམ།།

དུས་ཀྱི་ངག་ལ་མགུར་གྱི་དབྱངས་རྟ་ལྷང་ལྷང་ཐོས་པ་ཁོ་ནས་ཀྱང་།།

མེས་པོའི་སྨྲ་ར་ཤིག་ཤིག་འགུལ་ཏེ་བྲང་ཁོག་བྲག་གི་རྔམ་ཟིལ་སྟོར།།

རྫ་རིའི་ཡུ་མོའི་མཆོང་གར་ཞིག་ཀྱང་མིག་ལ་སྐྱེན་པོར་འཕྲོས་པ་ཡིས།།

ཨ་ཁུའི་ཞང་ཁོ་སྦྲ་ལ་བསུས་ཏེ་གཤིས་འཇམ་ཚིག་གི་འོ་ཇ་དྲངས།།

རྫ་མགོའི་དར་ལྕོག་རླུང་གིས་སྒུལ་བའི་འུར་སྒྲའི་རོལ་མོ་འབྱམས་སུ་ཀླས།།

སྦྲ་སྒོར་འོ་མ་ཡུན་གྱིས་དཀྲོགས་པའི་འབྲོག་མོ་གཞོན་ནུའི་འཛུམ་ཆུང་ལུད།།

རྫ་འདབས་ལུག་ཁྱུའི་འབའ་སྒྲ་ཀློག་པའི་ལུག་རྫིའི་སྣང་བ་ཉི་མས་བསེད།།

ཨ་ཁུའི་ཞང་ཁོ་སྤང་ལ་བོས་ཏེ་མེ་ཏོག་དྲི་བསུང་ཆལ་ཆིལ་འཐུལ།།

མིག་གི་ཁམས་དང་ཡིད་ཀྱི་སྤང་ལ་ལྗང་ལོ་བཞིན་དུ་ནེམ་ནེམ་འཁྱིལ།།

ཡིད་ཀྱི་ནགས་ལ་ཁུ་ལོ་བཞིན་དང་འཇོལ་མོའི་གྲེ་བ་སང་སང་གིས།།

འཇམ་སྙན་རོལ་མོ་ཤིག་ཤིག་འགུལ་ཏེ་རྣ་བའི་གཙང་བོ་ཡང་ཡང་བྲུག།

ཨ་ཁུའི་ཞང་ཁོ་ཁབ་ཏུ་བསྐྱིལ་ཏེ་ཚིག་གི་སྙེ་མ་མདངས་སུ་བཅོས།།

གཙང་ཆུ་བྲུག་པའི་རླབས་ཀྱི་ཕྲེང་བ་རུས་པ་དཀར་པོའི་གས་སུ་འཕྱུར།།

ས་ཆེན་སྣོད་ཀྱི་མངལ་དུ་ལྟེམས་པའི་ཁུ་ཁྲག་དག་ཀྱང་ལྷོག་ལྷོག་བརྡོལ།།

རླབས་ཀྱི་ཕྲེང་བའི་ལྡེབས་ཀྱི་ངོས་སུ་དབྱངས་གསལ་གཉིས་ཀྱི་སྡེབ་སྦྱོར་འགྲིག།

ཨ་ཁུའི་ཞང་ཁོ་དུས་ཀྱི་སྔས་མགོར་རོལ་དབྱངས་ཤིག་གི་ཟོལ་དུ་འཁྱིལ།།

རེ་ལྕག་མེ་ཏོག་མགོ་ལྕོག་ལྡེམ་ཞིང་ཆུ་ཡི་གཉེར་རིས་ཤིག་ཤིག་འགུལ།།

རྩྭ་ལྗང་དག་ལ་ནེམ་ཤ་ཆགས་ཏེ་ཆུ་ཟིལ་འཛུམ་ཆུང་ཀྲིག་ཀྲིག་ཀྲིག།

གཡུ་སྦྲང་གཤོག་པ་རྡེབ་མཚམས་བཞག་སྟེ་མེ་ཏོག་འདབ་མའི་ངོས་སུ་དྲིལ།།

ཨ་ཁུའི་ཞང་ཁོ་སྤང་ལ་ལྟེམས་ཏེ་རྐང་འཐུང་ལྗོན་པའི་རྩ་བ་བརླན།།

དྲན་པའི་རྩིག་ལྡེབས་ཡུན་གྱིས་གས་པས་དག་ཞིང་ཞིག་གི་དག་གཙང་མཐོང་།།

མགོ་སྦྲའི་དུ་བ་སྤྲིན་དུ་འདྲེས་ཏེ་གླང་བོའི་གཟུགས་ཀྱིས་སེམས་སུ་ཡན།།

སྤྲིན་པའི་གཟུགས་དང་དབྱིབས་ཀྱི་འགྱུར་བས་དྲན་ཤེས་རྟ་ཕོ་རི་ལ་ཤོར།།

ཨ་ཁུའི་ཞང་ཁོ་མཐོ་སྒང་བུ་མོའི་རྩ་ལ་ཁྱབ་པའི་ཟུངས་ཁྲག་ཡིན།།

ལོ་གསུམ་བྱིས་པའི་གནག་སྣུམ་ནེའུ་སྐྲ་ཨ་ལོང་འཁྱིལ་བའི་འཇམ་ཤ་རུ།།

ལོ་བརྒྱད་བུ་ཆུང་བེའུ་རྫིར་རྒྱུག་སྟེ་ཡ་སོ་ལྷུང་བའི་གཏམ་རྒྱུད་དུ།།

སྨན་ཆུང་གཞན་དབང་གནས་ཡུལ་འགྲིམ་པའི་བག་ངུའི་མིག་ཆུའི་སྐྱུར་ཤ་རུ།།

ཨ་ཁུའི་ཞང་ཁོ་མངལ་དུ་སྦྲུམ་སྟེ་འཚོ་བའི་རོ་མངར་སེམས་ཀྱིས་མྱངས།།

དུས་ཀྱི་ཐན་པས་རྨང་ནས་ཚིག་པའི་སྦྲ་ནག་གྲུ་བཞིའི་འཚེར་ཤུལ་དུ།།

སྲོལ་གྱི་ཕོར་བ་རླུང་གིས་བལྡག་པའི་མེས་པོའི་སྒྱེད་པུའི་ཐབ་འགྲམ་དུ།།

མ་ཎི་ཡིག་དྲུག་དབྱངས་སུ་འཐིམས་པའི་ཨ་ཕའི་ངག་གི་ལྡབ་ལྡིབ་ཏུ།།

ཨ་ཁུའི་ཞང་ཁོ་རྟ་ལ་བཅིབས་ཏེ་འཚོ་བའི་ལམ་ཐག་བང་གིས་བཅད།།

རྟ་མཆོག་རྨིག་པས་ཡང་ཡང་བརྫིས་པའི་སྔོན་མོ་སྤང་གི་ལྟེབས་ཁུག་ཏུ།།

འོ་དྲིའི་རླངས་པ་ཐོལ་ཐོལ་འཁྱིལ་བའི་དེམ་གྱི་མཆི་ལ་འཁྱིལ་བ་ཡི།།

བསམ་གཞིག་མངར་ཁ་ཆལ་ཆིལ་འཐུལ་བའི་བདེན་པའི་གཏམ་གྱི་ཨ་ལོང་དུ།།

ཨ་ཁུའི་ཞང་ཁོ་དྲི་བའི་ཚུལ་དུ་ཡང་ཡང་འཁོར་ཏེ་ང་ལ་ཅེར།།

རི་ཡི་གཞིས་ཁྱིམ་གྲོང་ལ་སྤར་ཏེ་སྦྲ་ནག་བལྟབས་པའི་སུལ་བར་ན།།

རྡུལ་དྲེག་ཆགས་པའི་ཐ་གུའི་རྣམ་ཤེས་ལོ་ཡིས་ཟོས་པའི་བརྗེད་ཐོ་རུ།།

མགྲིན་པ་འགག་པའི་རོལ་དབྱངས་ཟ་ཟི་རྩིག་པའི་གསེབ་ནས་འཐོར་བའི་དུས།།

ཨ་ཁུའི་ཞང་ཁོ་གཉོམ་པོའི་གདངས་ནི་ཁོ་བོའི་འབྱུང་བཞིའི་རྩ་ལ་ཁྱབ།།

སེམས་ཁམས་ཉོབ་ཅིང་ངལ་བས་དུབ་དུས་གདངས་དེ་སོས་སྨན་ཐུན་གཅིག་སྟེ།།

རྣ་བས་བཞེས་ཏེ་ཡིད་དུ་སྒོམ་པས་སྣང་བའི་ཆུ་མོ་ལྷོད་ཀྱིས་དྭངས།།

འདུ་ཤེས་ཉ་མོ་འཁྱུག་འཁྱུག་གནང་སྟེ་ངག་གི་སྒོ་མོ་རླུང་གིས་ཕྱེ།།

ཨ་ཁུའི་ཞང་ཁོ་བདུད་རྩི་མངར་མོས་ང་ཡི་བྲང་ཁོག་དྲོད་ཀྱིས་ལྟེམས།།

རི་བོ་དག་ཀྱང་ཐུར་དུ་བརྡལ་ཏེ་སྤྲིན་པའི་ལུག་ཁྱུ་དེ་ལ་བཀྲམས།།

རྒྱ་མཚོའི་རླབས་ཀྱང་གྱེན་ལ་འཕྱུར་ཏེ་ཉ་སྲམ་མུ་ཏིག་གངས་ལ་སྟོར།།

སྤང་གི་མེ་ཏོག་གཡུ་ལོ་ལྡེམ་བཞིན་ཉི་ཟེར་རྒུམ་པའི་རྫུ་བག་བསྟེན།།

ཨ་ཁུའི་ཞང་ཁོ་དྭངས་གཙང་ཆུ་མོས་སྲིད་པའི་མེ་ལོང་བཀྲུ་བར་རྔམ།།

གླུ་འདིར་ཉན་ཏེ་སྣང་བ་དྭངས་ཤིང་བསམ་གཞིག་ངལ་བས་འབྱུང་བཞི་བཅིངས།།

གླུ་འདིར་ཉན་ཏེ་ངག་གི་སྒོ་མོ་ག་ལེར་སྒྲོག་ལས་ཡོངས་གྲོལ་ཏེ།།

ད་ནི་སེམས་པ་ལག་ལ་བླངས་ནས་སྤྲོ་སྣང་འོ་ཇ་བཏུང་བཞིན་དུ།།

ཨ་ཁུའི་ཞང་ཁོ་བག་མར་བསུས་ཏེ་སེམས་གཏམ་ཚིག་ཅིག་ལྷོད་ཀྱིས་འཆད།།


རྩོམ་ཡིག་སྔོན་མ།
ཕུན་ཚོགས་ཀྱི་ལས་དབང་།
རྩོམ་ཡིག་རྗེས་མ།
ཤ་ཚིལ་ལྟ་བུའི་སྙན་ངག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1