མཛོད་དགེ་རྫོང་གི་དགོན་ཁག་སོ་སོས་སྨོན་ལམ་ཆེན་མོ་འཚོགས་པ།

རྩོམ་སྒྲིག་པ།ཡོང་ཁུངས།རྔ་བ་བོད་སྐད་བརྙན་འཕྲིན། སྤེལ་དུས། 02-28



        མཛོད་དགེ་རྫོང་ནི་འབྲོག་རྫོང་ཞིག་ཡིན།ལོ་རེར་དགོན་ཁག་སོ་སོས་བྱམས་པ་གླིང་སྐོར་དང་། མེ་ཏོག་མཆོད་པ། གོས་སྐུ་བཤམས་པ་སོགས་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་བཞིན་ཡོད། ད་ལོར་ཡང་དགོན་པ་སོ་སོས་རྒྱལ་བའི་སྨོན་ལམ་ཆེན་མོའི་ཆོས་ལུགས་བྱ་འགུལ་སྤེལ་བཞིན་ཡོད།

        སྟག་ཚ་དགོན་དགེ་ལྡན་བཀྲ་ཤིས་ཆོས་བཟང་གླིང་གི་ལོ་གཅིག་ལ་ཐེངས་རེ་ཡོད་པའི་རྒྱལ་བའི་ཆོ་འཕྲུལ་སྨོན་ལམ་གྱི་བྱམས་པ་གླིང་སྐོར་ཉིན་མོ་རེད། ཉིན་དེར་ཕྱོགས་བཞི་མཚམས་བརྒྱད་ནས་ཐོན་པའི་དད་ལྡན་མང་ཚོགས་དང་། ཡུལ་སྐོར་བ་སྟོང་ཕྲག་ལྷག་དགོན་པའི་འདུ་ཁང་ཟུར་དུ་ཡོང་ནས་བྱམས་པ་གླིང་སྐོར་ལ་སྒུག་ནས་བསྡད་ཡོད། གྲྭ་བཙུན་རྣམས་ཀྱིས་འབུད་རྡུང་དཀྲོལ་གསུམ་དང་ཆོས་སྐད་ལྷང་ལྷང་གི་ཁྲོད་ནས་སེར་སྐྱ་ཡོངས་བྱམས་པ་གླིང་སྐོར་ལ་ཕེབས་པ་རེད།
        སྟག་ཚ་དགོན་པ་ནི་སྟག་ཚ་དགོན་དགེ་ལྡན་བཀྲ་ཤིས་ཆོས་བཟང་གླིང་ཞེས་པའི་དགེ་ལུགས་པའི་དགོན་པ་ཞིག་ཡིན། སྤྱི་ལོ༡༦༦༣ལོ་གསར་དུ་ཕྱག་བཏབ་ཅིང་ད་ལྟའི་བར་ལོ་ངོ༣༠༠ལྷག་གི་ལོ་རྒྱུས་ཡོད། ལོ་རེར་རྒྱལ་བའི་ཆོ་འཕྲུལ་སྨོན་ལམ་སོགས་རྒྱུན་འཁྱོངས་དར་སྤེལ་གནང་བཞིན་པར་མ་ཟད། བོད་བརྒྱུད་ནང་བསྟན་ཆོས་ལུགས་རིག་གནས་ཕྱོགས་ནས་དར་སྤེལ་བྱས་ཏེ། རྒྱལ་ཡོངས་ཁག་སོ་སོ་ནས་ཐོན་པའི་ཡུལ་སྐོར་བ་དག་གིས་རྗེས་སུ་ཡི་རངས་བྱེད་སའི་གནས་སུ་གྱུར་ཡོད།
        རྒྱལ་བའི་སྨོན་ལམ་ཆེན་མོ་ནི་སྤྱི་ལོ་༡༤༠༩ལོར་རྗེཙོང་ཁའི་རྗེས་འཇུག་པ་དགེ་ལུགས་པའི་དགོན་པ་ཁག་ཏུ་དར་ཞིང་། རིམ་བཞིན་དགེ་ལུགས་པའི་དགོན་པ་སོ་སོས་རྒྱལ་བའི་ཆོ་འཕྲུལ་སྨོན་ལམ་གྱི་དུས་ཆེན་གཙོར་བཟུང་སྟེ། ལོ་རེ་བཞིན་དགོན་པ་སོ་སོས་རང་གི་ས་གནས་མང་ཚོགས་ལ་ཆོ་འཕྲུལ་སྨོན་ལམ་གྱི་ཆོས་ལུགས་བྱ་འགུལ་སྤེལ་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1