༄༅།། སྐུ་འབུམ་བྱམས་པ་གླིང་གི་མེ་ཏོག་མཆོད་པ།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 02-28


        འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་གདན་ས་སྐུ་འབུམ་བྱམས་པ་གླིང་གི་མེ་ཏོག་མཆོད་པ་དང་ལྡེབས་རིས། འཚེམ་དྲུབ་བཅས་སྒྱུ་རྩལ་རྣམ་གསུམ་དུ་གྲགས་པའི་ཡ་གྱལ་མར་བཟོས་མེ་ཏོག་མཆོད་པ་ནི་འཛམ་གླིང་ཡུལ་གྲུ་ཀུན་ཏུ་སྙན་གྲགས་ཀྱི་བ་དན་གཡོ། ལོ་རེའི་རྒྱ་ལོའི་ཚེས་བཅོ་ལྔའི་དགོང་མོར་མར་བཟོས་མེ་ཏོག་མཆོད་པ་བཤམས་པ་ན། ཞིང་ཆེན་ཕྱི་ནང་དང་རྒྱལ་ཁབ་གཞན་པའི་མི་ཚོགས་ཁྲི་བཅུ་ཕྲག་དུ་མ་ཕྲེང་དུ་བསྒྲིགས་ནས་མེ་ཏོག་མཆོད་པར་མཇལ་སྐོར་ལྟ་སྐོར་དུ་ཡོང་བ་ཞིག་ཡིན།
        ད་ལོའི་སྐུ་འབུམ་བྱམས་པ་གླིང་གི་རྗེ་བཙུན་སྐབས་དང་པོའི་མར་རྒྱན་མཆོད་པའི་གཙོ་སྐུ་ནི་རྒྱལ་ཀུན་མཁྱེན་རབ་གཅིག་ཏུ་བསྡུས་པའི་རྗེ་བཙུན་འཇམ་པའི་དབྱངས་ཡིན་ལ། དེའི་གཡས་ཕྱོགས་སུ་གནས་བརྟན་ཆོས་འབྱུང་དང་། དེའི་གཡས་ཕྱོགས་སུ་འཇིགས་པ་བརྒྱད་སྐྱོབ་མ་ཡིན ། སྒོ་མང་སྐབས་དང་པོའི་མར་རྒྱན་མཆོད་པའི་གཙོ་སྐུ་ནི་རྒྱལ་ཀུན་ཐུགས་རྗེ་གཅིག་ཏུ་བསྡུས་པ་འཕགས་པ་སྤྱན་རས་གཟིགས་ཡིན་ལ། དེའི་གཡས་ཕྱོགས་སུ་འཇིགས་པ་བརྒྱད་སྐྱོབ་མ་ཡིན།
        གཙོ་སྐུ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་གཡས་ཕྱོགས་སུ་གནས་བརྟན་ཆོས་འབྱུང་གི་ལོ་རྒྱུས་ཡིན་ལ། དེ་ཡང་གནའ་དུས་ཀྱི་རྒྱལ་པོ་མྱ་ངན་མེད་ཀྱི་དུས་སྐབས་སུ་དགེ་འདུན་པ་སྟོང་ཕྲག་གཅིག་བཞུགས་པའི་ནང་དུ། ལྔ་བརྒྱ་ཐམ་པ་ཉོན་མོངས་པའི་དགྲ་ཐམས་ཅད་བཅོམ་སྟེ་འཕགས་པའི་དགྲ་བཅོམ་པའི་གོ་འཕང་ལ་གནས་ཤིང་། ལྔ་བརྒྱ་པོ་བསྟན་པ་ལ་ཞུགས་ཏེ་དུས་ཡུན་མ་རིང་བས་སོ་སོ་སྐྱེ་བོར་གྱུར་ཏོ།། རྒྱལ་པོས་སྐྱེ་འཕགས་ཀྱི་ཁྱད་པར་མི་ཤེས་ཤིང་ཐམས་ཅད་ལ་ཁྱད་མེད་ཀྱིས་གསོལ་བ་འདེབས་ཤིང་དད་པའི་མོས་གུས་བྱེད། སོ་སྐྱེའི་ལྔ་བརྒྱ་པོ་དེའི་ནང་ནས་ཆེས་ཉུང་ཤས་དག་བསྟན་པའི་སྒོར་ཞུགས་པའི་དུས་ཡུན་ཧ་ཅང་ཐུང་བའི་རྐྱེན་གྱིས། ཆོས་ཀྱི་དགོངས་དོན་མ་ཤེས་པར་ཆོས་དང་འགལ་བར་སོང་བའི་ལོག་གཏམ་སྣ་ཚོགས་བྱས་པས། དགེ་འདུན་ཁ་ཤས་དད་ཡུལ་དུ་སུན་འབྱིན་པར་མ་ཟད་རྒྱལ་པོའི་གོ་འཕང་ལའང་གནོད་སྐྱོན་ཐེབས་དོགས་བྱུང་བས། རྒྱལ་པོས་རིག་སྔགས་ཀྱི་སྒོ་ནས་རྒྱ་མཚོ་ཆེན་པོའི་ཆུ་དྲངས་ནས་དགེ་འདུན་པའི་བཞུགས་གནས་ནུབ་པར་གྱུར། དེ་སྐབས་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་རྣམས་ཀྱིས་རྫུ་འཕྲུལ་སྣ་ཚོགས་བསྟན་ཏེ་ཆུ་སྐྱོན་ལས་ཐར་ནས་རྒྱལ་ཁབ་གཞན་ཞིག་གི་གནས་དབེན་པར་གཤེགས་ཏེ་མུ་མཐུད་དུ་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་འཛིན་སྐྱོང་སྤེལ་གསུམ་བྱེད། འཕགས་པའི་འབྲས་བུ་མ་ཐོབ་པ་འདུལ་ཁྲིམས་མི་བསྲུང་བ་ཁྱིམ་པ་རྣམས་ཀྱི་སུན་འབྱིན་པའི་གནས་སུ་གྱུར་བའི་དེ་རྣམས་ཆུ་སྐྱོན་གྱིས་སྲོག་གི་དབང་པོ་དང་བྲལ། རྗེས་སུ་རྒྱལ་པོ་མྱ་ངན་མེད་ཀྱིས་ཚུལ་དེ་རྟོགས་ནས་འགྱོད་བཤགས་དྲག་པོ་སྐྱེས་ཏེ་རང་གི་སྡིག་པ་འདག་པའི་ཆེད་དང་དགྲ་བཅོམ་པའི་འབྲས་སུ་ཐོབ་པའི་གནས་བརྟན་རྣམས་ཀྱི་ཡོན་ཏན་དྲན་ཏེ། འཕགས་པའི་གནས་བརྟན་རྣམས་ཀྱི་གཟུགས་དངོས་བཞིན་རྫུ་འཕྲུལ་སྣ་ཚོགས་སྟོན་ཚུལ་གྱི་གཟུགས་བརྙན་བཞེངས་ཤིང་རྟེན་ལྷ་ཁང་ཡང་ལེགས་པར་བསྒྲུབས་ཏེ་དད་ལྡན་མང་ཚོགས་རྣམས་ཀྱི་མཆོད་པའི་གནས་བླ་ན་མེད་པར་གྱུར་ཏོ། །དེའི་གཡས་ཕྱོགས་སུ་ང་རྒྱལ་སེང་གེ་དང་། གཏི་མུག་གླང་བོ། ཞེ་སྡང་མེ། ཕྲག་དོག་སྦྲུལ། ལྟ་ངན་རྐུན་པོ། སེར་སྣའི་ལྕགས་སྒྲོག འདོད་ཆགས་ཆུ་བོ། ཐེ་ཚོམ་ཤ་བཟའ་བཅས་སེམས་ཅན་ཀུན་གྱི་འཇིགས་པ་བརྒྱད་རྗེ་བཙུན་འཕགས་མ་སྒྲོལ་མས་སྐྱོབ་པ་མཚོན།
        བོད་བཙན་པོའི་རྒྱལ་རབས་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྐབས་སུ་ནང་ཆོས་དར་བ་ནས། ནང་བའི་སྲོལ་དུ་དཀོན་མཆོག་ལ་མཆོད་པའི་ཡོ་བྱད་ཅི་འཛོམས་ཀྱིས་ལྷ་བཤོས་སོགས་ཕུལ་ཏེ། སྟེང་དུ་མར་བཟོས་ཕྲ་ཚོམ་གྱི་མེ་ཏོག་བཞེངས་ནས་འབུལ་བའི་སྲོལ་གྱི་ཐོག་མའི་རྨང་གཞིའི་སྟེང་ནས་རིམ་གྱིས་དར་རྒྱས་སུ་སོང་། ཕྱིས་སུ་བོད་རབ་བྱུང་བདུན་པའི་ས་གླང་སྟེ་སྤྱི་ལོ1409ལོར་ཆོས་ཀྱི་རྒྱལ་པོ་ཤར་ཙོང་ཁ་པ་མཆོག་གིས་ལྷ་སའི་སྨོན་ལམ་ཆེན་མོ་གསར་འཛུགས་གནང་རྗེས་ཀྱི་མཚན་མོ་ཞིག་ལ། རྗེ་ཉིད་ཀྱི་རྨི་ལམ་དུ་ས་གཞིའི་སྟེང་གི་རྩྭ་དང་རྩི་ཤིང་དང་། རྡོ་དང་ནགས་ཚལ་ལ་སོགས་ཐམས་ཅད་མེ་ཏོག་དང་སངས་རྒྱས་བྱང་སེམས་ཀྱི་སྐུ་གཟུགས་ཀྱི་རྣམ་པར་གྱུར་བའི་རྨི་ལམ་ངོ་མཚར་བ་ཞིག་རྨིས། ཕྱི་ཉིན་རྗེ་ཉིད་ཀྱིས་འཁོར་རྣམས་ལ་མཚན་གྱི་རྨི་ལམ་དུ་བྱུང་བ་ཇི་བཞིན་གསོལ་མར་གྱིས་བཟོ་བར་བསྐུལ་ཏེ་བཞེངས་དུས། མཚན་གྱི་རྨི་ལམ་ཇི་ལྟ་བ་བཞིན་ལེགས་འགྲུབ་བྱུང་། དེ་ནས་བཟུང་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོ་འཕྲུལ་ཆེན་པོའི་དུས་ཆེན་ཏེ་བོད་ཟླ་དང་པོའི་ཚེས་བཅོ་ལྔའི་དགོང་མོར། ལྷ་ལྡན་གཙུག་ལག་ཁང་དུ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མར་བཟོས་མེ་ཏོག་མཆོད་པ་འབུལ་བའི་སྲོལ་དར། རིམ་བཞིན་རང་རེའི་བོད་ཀྱི་མདོ་དབུས་ཁམས་གསུམ་གྱི་དགོན་སྡེ་དང་སོག་ཡུལ་གྱི་དགོན་སྡེ་དག་ལའང་མར་བཟོས་མེ་ཏོག་མཆོད་པ་འབུལ་བའི་སྲོལ་དར་ཏེ། དུས་ཆེན་ཁྱད་པར་ཅན་སྟོན་པའི་ཆོ་འཕྲུལ་དུས་ཆེན་རྗེས་སུ་དྲན་པ་དང་འབྲེལ་ནས་ཚེས་བཅོ་ལྔའི་དགོང་མོར་མེ་ཏོག་མཆོད་པ་རྒྱ་ཆེར་བཤམས་པ་ཡིན།
        བོད་རབ་བྱུང་བཅུ་པའི་ཤིང་རྟ་སྤྱི་ལོ1594ལོར། ཟི་ན་བླ་མ་དཔལ་འབྱོར་རྒྱལ་མཚན་དང་དཔལ་འབྱོར་རིན་ཆེན་ཁུ་དབོན་གཉིས་ཀྱིས་སྐུ་འབུམ་བྱམས་པ་གླིང་གི་རྗེ་གསེར་སྡོང་ཆེན་མོའི་མདུན་གྱི་མགོན་ཁང་ཆེན་མོ་གསར་བཞེངས་ལེགས་འགྲུབ་ཀྱི་རབ་གནས་གནང་རྗེས། ལོ་དེའི་ཟླ་དང་པོའི་ནང་ནས་ཟི་ན་ཁུ་དབོན་གཉིས་ཀྱིས་སྦྱིན་བདག་གནང་སྟེ། སྐུ་འབུམ་བྱམས་པ་གླིང་དུ་ཆོ་འཕྲུལ་སྨོན་ལམ་དུས་ཆེན་གྱི་ཚེས་བཅོ་ལྔའི་དགོང་མོར་མར་བཟོས་མེ་ཏོག་གི་མཆོད་པ་འབུལ་བའི་སྲོལ་དར།
        དུས་དེ་ནས་བཟུང་སྐུ་འབུམ་བྱམས་པ་གླིང་གི་དགེ་འདུན་པ་ཚོས་ལོ་རེ་བཞིན་ཧོར་ཟླ་བཅུ་པའི་ཚེས་བཅོ་ལྔའི་ཉིན་ནས་བཟུང་མེ་ཏོག་མཆོད་པ་བཞེངས་མགོ་བརྩམས་ཏེ། ཕྱི་ལོའི་ཟླ་དང་པོའི་ཚེས་བཅོ་ལྔའི་བར་གྱི་ཕལ་ཆེར་ཟླ་གསུམ་ལྷག་གི་རིང་མཐོ་ཚད་ཐོག་བརྩེགས་གསུམ་ལྷག་ཡོད་པའི་ཆོ་འཕྲུལ་མཆོད་རྟེན་གྱི་རྣམ་པ་ཅན། དཀྱིལ་དུ་གཙོ་སྐུ་ལོ་རེ་བཞིན་རྗེ་ཙོང་ཁ་པ་དང་རྗེ་བཙུན་འཇམ་པའི་དབྱངས། འཕགས་པ་སྤྱན་རས་གཟིགས་སོགས་རེས་མོས་ཀྱི་སྒོ་ནས་བཞེངས་པ་དང་། གཡས་གཡོན་དུའང་ལོ་རེ་བཞིན་རེས་མོས་ཀྱི་སྒོ་ནས་སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་དང་རྒྱན་དྲུག་མཆོག་གཉིས་ཀྱི་མཛད་རྣམ། བོད་ཀྱི་རྣམ་ཐར་ཆེན་པོ་བརྒྱད། རྒྱལ་བ་པཎ་ཆེན་གྱི་རྣམ་ཐར། དེ་མིན་རྒྱ་གར་དང་བོད་ཀྱི་གྲུབ་མཐའ་རིས་མེད་ཀྱི་སྐྱེས་ཆེན་དག་གི་རྟོགས་བརྗོད། བོད་ཀྱི་ཆོས་རྒྱལ་རིམ་བྱོན་གྱི་ལོ་རྒྱུས་སོགས་བརྗོད་བྱར་བཟུང་སྟེ་བཞེངས་པ་དང་། སྟེང་དུ་བཀྲ་ཤིས་རྟགས་བརྒྱད་དང་འདོད་ཡོན་སྣ་ལྔ། མཐུན་པ་སྤུན་བཞི། ཚེ་རིང་རྣམ་དྲུག རྒྱལ་སྲིད་སྣ་བདུན། མཐའ་འཁོར་དང་བར་དང་བར་མཚམས་སུ་ཕྲ་ཚོམ་གྱི་མེ་ཏོག་དཀར་དམར་དང་། བྱ་དང་རི་དྭགས། རི་ཆུ་སོགས་ཀྱིས་བརྒྱན་ནས། ལོ་རེའི་ཧོར་ཟླ་དང་པོའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚེས་བཅོ་ལྔའི་དགོང་མོར། གནའ་བོའི་འཚེམ་དྲུབ་ཀྱི་ཐང་རྙིང་མང་པོའི་མཆོད་རྫས་བསམ་གྱིས་མི་ཁྱབ་པ་དང་བཅས་བཤམས་ཡོད།
        ཆུ་བཟང་བ་རྣམ་རྒྱལ་དཔལ་འབྱོར་མཆོག་ལྕགས་རྟ་སྤྱི་ལོ1630ལོར་སྐུ་འབུམ་བྱམས་པ་གླིང་གི་ཁྲི་ཆེན་ལྔ་བར་བཞུགས་སྐབས། ཕར་ཕྱིན་སྐབས་དང་པོའི་རྗེ་སྒོ་གཉིས་ལ་ཡིག་ཆའི་བཞེད་མཚམས་ཐད་རྩོད་པ་བྱུང་སྟེ་འཛིན་གྲྭ་གཉིས་སུ་ཕྱེས་པ་ནས། སྒོ་མང་འཛིན་གྲྭའི་ཕར་ཕྱིན་སྐབས་དང་པོའི་དགེ་འདུན་པ་དག་གིས་བཞེངས་པའི་མེ་ཏོག་མཆོད་པ་གཅིག་དང་། རྗེ་བཙུན་འཛིན་གྲྭའི་ཕར་ཕྱིན་སྐབས་དང་པོའི་དགེ་འདུན་པ་དག་གིས་བཞེངས་པའི་མེ་ཏོག་མཆོད་པ་གཅིག་བཅས་མེ་ཏོག་མཆོད་པ་ཆེན་པོ་གཉིས་སོ་སོར་བཞེངས་པའི་སྲོལ་དར། །
        (སྐུ་འབུམ་བྱམས་པ་གླིང་གི་རབ་འབྱམས་པ་རྒྱལ་མཚན་མགོན་པོའི《2019ལོའི་སྒོ་མང་སྐབས་དང་པོའི་མར་རྒྱན་མཆོད་པའི་མཚམས་སྦྱོར་མདོར་བསྡུས་མཐོང་བ་ཀུན་གྲོལ》དང་ཁྲི་སྐལ་བཟང་བརྩོན་འགྲུས་ཀྱི《རྗེ་སྐུ་འབུམ་བྱམས་པ་གླིང་གི་མེ་ཏོག་མཆོད་པ་མཚམས་སྦྱོར》ལྟར་བསྒྲིགས། )


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1