ངེད་ཚང་གིས་གསོས་པའི་ཞི་ལ་དེ་དག

འཁྱམ་རུ་གནམ་ལྷ་རྒྱལ། (པེ་ཅིང་།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28


གཅིག

 

ཕྱི་དྲོ་དེར།ངེད་ཚང་གི་ཞི་ལ་སྟག་ཁྲ་གར་སོང་ཆ་མེད་དུ་གྱུར།ང་ཚོས་ཇི་ལྟར་བསྒུགས་ཀྱང་།མཚན་གང་བོར་ཁྱིམ་དུ་ལོག་མ་བྱུང་།

ཡ་མཚན་པ་ལ།

ཞི་ལ་ཆུང་ཆུང་ཞིག་གང་དུ་འགྲོའམ།རི་ལ་ཤོར་མི་སྲིད།གཞན་གྱི་ཕྱི་བཞིན་འབྲངས་མི་དཔེ།རྐུན་མ་ཞིག་ཀྱང་

སླེབས་མ་བྱུང་བས།ཞི་ལ་དེ་ཡང་སྙིང་གང་དུ་ཆས་སོང་ངམ།

སྲིང་མོ་ཆུང་དུས་ནས་ཞི་ལ་ལ་འདང་རྩིས་ཤིན་ཏུ་ཆེ།ད་ཐེངས་ཞི་ལ་སྟག་ཁྲ་མཐོང་རྒྱུ་མ་བྱུང་བས།སྲིང་མོའི་བློ་སེམས་ཅིས་ཀྱང་བདེ་ཐུབ་མ་བྱུང་།ནམ་རྒྱུན་ཟ་མ་ཟ་དུས།ཞི་ལ་སྟག་ཁྲ་ཅི་མི་སྙམ་པར་སྲིང་མོའི་པང་དུ་ཡོང་བ་དང་།སྲིང་མོས་ཀྱང་ཆེད་དུ་ཤ་སོགས་བལྡད་དེ་སྟག་ཁྲ་ལ་སྟེར་བར་གོམས་ཡོད།འོན་ཀྱང་། ཞི་ལ་སྟག་ཁྲ་གློ་བུར་དུ་གར་སོང་ཆ་མེད་དུ་གྱུར་བ་ན།སྲིང་མོས་ཡང་ནས་ཡང་དུ་“མས་མས—མས་མས—”(ཞི་ལ་འབོད་པའི་སྒྲ)ཞེས་ཇི་ལྟར་བོས་ནའང་།ཞི་ལ་སྟག་ཁྲའི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མ་བྱུང་།

ང་ཚོས་ནུབ་འཚལ་འཐུང་དུས།སྲིང་མོར་བྲེལ་འཚུབ་གློ་བུར་བ་ཞིག་ལངས་ཏེ།ཐད་ཀར་ང་ལ།ངའི་ཞི་ལ་མཐོང་རྒྱུ་མི་འདུགཡང་ཁྱོད་ཀྱིས་བསད་པ་ཨེ་ཡིན་ཞེས་ནན་གྱིས་འདྲི་གཅོད་བྱས།ངས་དེ་མ་ཐག་མིན་ཚུལ་བརྗོད་མོད།སྲིང་མོ་

ང་ལ་ཡིད་ཆེས་ཀྱིན་མི་འདུགངས་དཀོན་ཅོག་དཔང་དུ་བྱས་ནས་ཡང་བསྐྱར་ཐེངས་ཤིག་བརྗོད་པ་ན།མོ་ད་གཟོད་ཁ་རོག་གེར་འདུག་ཅིང་།ཞག་གང་བོར་ང་ལ་ཁ་ཡ་མ་བྱས།

སྲིང་མོས་ང་ལ་“ཡང་ཁྱོད་ཀྱིས་བསད་པ་ཨེ་ཡིན”ཞེས་པའི་“ཡང་”སྒྲ་དེས་ང་དེ་མ་ཐག་ལོ་འགའི་ཡར་སྔོན་གྱི་ཞོགས་པ་ཞིག་ལ་ཁྲིད་སོང་། “ཡང་”སྒྲ་དེས་ཡུན་གྱིས་བརྗེད་ངེས་སུ་འགྲོ་བཞིན་པའི་དོན་དག་གང་ཞིག་སླར་ཡང་ངའི་ཕྱིར་དྲན་གྱི་ཡོལ་ངོས་སུ་གསལ་གྱི་ལེར་ཤར་དུ་བཅུག་བྱུང་།ཀྱེ་མ།དེ་ནི་ཇི་འདྲའི་བསམ་མི་ཕོད་པའི་དོན་དག་ཅིག་རེད་ཨང་།

 

གཉིས།

 

ཨོཾ་མ་ཎི་པདྨེ་ཧྲུཾ།

ལོ་འགའི་ཡར་སྔོན་དུ།ངས་དངོས་གནས་ཞི་ལ་ཆུང་ཆུང་ཞིག་བསད་མྱོང་།

ངག་རྒྱུན་ལྟར་ན།ཞི་ལ་གསོད་མི་རུང་།ཞི་པགས་གསེར་གྱིས་དགང་དགོས་ཟེར།འོན་ཏེ།ངས་ཞི་ལ་ཆུང་ཆུང་ཞིག་

བསད་པར་མ་ཟད།ད་ལྟའི་བར་དུ།ཞི་པགས་གསེར་གྱིས་འགེང་མ་ཐུབ་པར་ལུས།ཞི་པགས་གསེར་གྱིས་མ་བཀང་ན།ཉེས་པ་ཅི་ཙམ་བསགས་ཡོད་དམ།གང་ལྟར།ཉེས་པ་དེ་འདྲ་ཞིག་ངས་ད་ལྟའི་བར་དུ་བསགས་མ་མྱོང་།

ཡིན་ཡང་།ང་ཚོའི་ཆོས་ལུགས་ནང་དུ་སྐད་ཆ་འདི་འདྲ་ཞིག་ཀྱང་ཐོས་རྒྱུ་ཡོད་དེ། “མ་ཤེས་པ་ལ་ཉེས་པ་མེད།” ངས་ཞི་ལ་དེ་བསམ་བཞིན་དུ་བསད་པ་མིན་སྟབས།ཆོས་ལུགས་ལྟར་ན་ང་ལ་ཉེས་པ་ཡོད་མི་སྲིད།

ཡང་གཅིག་བཤད་ན།ཞི་ལ་དེས་ཀྱང་འཆི་བར་བསྒུགས་ཡོད་པ་འདྲ།

མཚན་མོ་དེར།ང་སྔ་མོ་ནས་གཉིད་ལ་བྱིང་ཡོད།ངའི་ལུས་པོ་ཅུང་རྒྱགས་པོ་ཡོད་པ་དང་།ཉིན་དེ་དག་ལ་ངལ་རྩོལ་མང་པོ་བྱས་སྟབས།གཉིད་ཤིན་ཏུ་ལྕི།མཚན་མོ་དེར་ང་སྔར་བཞིན་རང་གི་གོམས་སྲོལ་ལྟར་གཡས་སུ་ཉལ་བ་ཡིན།ཞི་ལ་

ཆུང་ཆུང་དེ་དུས་ནམ་ཞིག་ལ་ངའི་རུམ་དུ་འཛུལ་བ་དྲན་རྒྱུ་མི་འདུགའོན་ཏེ།ཏག་ཏག་ང་གཡས་སུ་ཉལ་བའི་སྐབས་དེར།ཁོ་ངའི་རྒྱབ་རྩ་རུ་ཉལ་སྟེ་བློ་བདེ་བག་ཕེབས་ཀྱིས་གཉིད་དུ་ཡུར་བ་ངེས་གཏན་རེད།

ཨ་ཨ།སྤྱིར་ཡིན་ན་དེ་ལྟར་གཉིད་དུ་ཡུར་བ་ནི་བདེ་སྐྱིད་ཅིག་ཅི་ལ་མིན་ཨང་།

ཕྱི་ཉིན་ཞོགས་པར་ང་གཉིད་ལས་སད་དུས།ང་ནི་གཡས་སུ་ཉལ་མི་འདུག་པར།གན་རྐྱལ་དུ་ཉལ་འདུགངས་མིག་

ཟུང་ཕུར་ཕུར་བྱས་ཏེ་མཉམ་ཞིག་བཞག་དུས།རང་གི་རྒྱབ་འོག་ཏུ་མི་བདེ་བའི་དངོས་པོ་ཞིག་ཡོད་པ་ཚོར་བྱུང་།

དང་ཐོག་ངས་རྒྱབ་འོག་གི་དངོས་པོ་དེ་གཉིད་ཁར་སྔས་འགྲམ་དུ་བཞག་པའི་དཔེ་དེབ་དེ་མིན་ནམ་སྙམ།

ཨ་ཁ་ཁ།ག་ལེར་ཡར་དགྱེས་ཏེ་བལྟས་པ་ན།ངེད་ཚང་གི་ཞི་ལ་ཆུང་ཆུང་ཡིན་འདུགནམ་གུང་འཕག་འཚག་

ཐེངས་ཤིག་བྱས་པ་དེས།ཞི་ལ་ཆུང་ཆུང་རྒྱབ་འོག་ཏུ་མནན་ཏེ།རྐང་ལག་བཞི་བོ་ཕྱོགས་བཞིར་བརྐྱངས་ནས་ཁ་སྦུབ་ཏུ་བསད་འདུགཞི་ལ་ཆུང་ཆུང་ནི་ངའི་ལུས་པོའི་ལྗིད་ཚད་ཀྱིས་མར་མནན་ཏེ་གཞི་ནས་ལེབ་ལེབ་ཅིག་ཏུ་བཏང་ཡོད་ལ།དེ་བས་ཀྱང་ལྟ་མི་བཟོད་པ་ནི།ཞི་ལ་ཆུང་ཆུང་གི་མིག་ཟུང་ཆེ་རུ་བགྲད་འདུག་ཅིང་། རྟུག་པ་མང་པོ་སྟན་ངོས་སུ་སྦྱར་འདུག

ཞི་ལ་ཆུང་ཆུང་དེ་ཤི་རྗེས།སྲིང་མོ་ཉིན་ཞག་འགར་ངུས་ནས་འདུགལྷག་པར་ཟ་མ་ཟ་དུས།མོའི་དཀར་ཡོལ་ནང་དུ་མིག་ཆུའི་དོག་པ་མང་པོ་ཟམ་མི་ཆད་པར་ལྷུང་གིན་འདུགདེའི་དུས།ངའི་སེམས་ཀྱི་ག་ཤེད་ཅིག་ནས་ན་ཟུག་ཅིག་ཐོལ་ཐོལ་དུ་འཕྱུར་འོང་།

ད་ལྟ་བསམས་ན།རྣམ་པ་དེ་ཅི་ནུས་ཀྱང་བཟོད་མི་ནུས་པ་ཞིག་རེད།

 

གསུམ།

 

ཞི་ལ་ནི་ལྐོག་གྱུར་གྱི་སྲོག་ཆགས་ཤིག་ཡིན་ཏེ།ཕྲུ་གུ་བཙའ་དུས་ལྐོག་གྱུར་གྱི་གནས་ཤིག་ཏུ་འགྲོ་ཞིང་།འཆི་དུས་

ཀྱང་ལྐོག་གྱུར་གྱི་གནས་ཤིག་ཏུ་ལོག་ངེས།

ངས་ཨ་མ་ལ་དེ་ལྟར་རྗོད་དུས།ཨ་མས་དེ་འདྲ་ཞིག་ཡིན་ལོས་ཆེ།ནམ་རྒྱུན་ཞི་ལས་ཕྲུ་གུ་བཙའ་དུས་ཨོང་ཁང་དང་རྩྭ་ཁང་སོགས་སུ་ཁ་རོག་གེར་བཙའ་བར་བྱེད།ལྷག་པར་དུ།སྔོན་ཆད་ཀྱི་ཞི་ལ་དེ་དག་གནས་གང་དུ་ཤི་བའང་བཤད་རྒྱུ་མི་འདུགདེ་ཡ་མཚན་རེད་ཡ་ཟེར།དེ་དང་སྦྲགས།ཨ་མས་ང་ལ་གཏམ་རྒྱུད་ཅིག་བརྗོད་བྱུང་།དེ་ཡང་ཞི་ལ་དང་འབྲེལ་

བའི་གཏམ་རྒྱུད་ཅིག་ཡིན་ལ།ཨ་མས་བཤད་ན།མོ་ད་ལྟའི་བར་དུ་དོན་དག་དེ་འདྲར་འཕྲད་མ་མྱོང་ཟེར།

ཨ་མས་གཏམ་རྒྱུད་ཀྱི་འགོ་རྩོམ་དུས།ཞེ་འགྱོད་དང་ཕངས་སེམས་ཀྱིས་ཀུན་ནས་ཁེངས་འདུག

འུ་ཚང་གི་ཞི་ལ་སེར་ལྡང་མ་དེ་དངོས་གནས་སྙིང་རེ་རྗེ་ཨང་།ཉིན་དེར།ངས་ལུག་ལྷས་ནས་རིལ་མ་བརྡལ་ཏེ་ཕྱིར་ཁྱིམ་དུ་ལོག་རྗེས།ཞི་ལ་སེར་ལྡང་མ་ངའི་རྗེས་སུ་འབྲངས་ཏེ་ངུ་འབོད་བྱེད།ངས་དང་ཐོག་སྣང་འཇོག་ཅི་ཡང་མ་བྱས།

ཡིན་ཡང་།ང་ཁྱིམ་དུ་འཛུལ་ན་མོ་ཁྱིམ་དུ་འཛུལ་ནས་ངུ་འབོད་བྱེད།ང་ཕྱི་རུ་སོང་ན་མོའང་ཕྱི་རུ་འོང་ནས་ངུ་འབོད་བྱེད།ཐ་ན་ཆབ་གསང་དུ་འགྲོ་དུས་ཀྱང་།ཞི་ལ་སེར་ལྡང་མ་ངུ་སྐད་ལྷང་ལྷང་ངའི་ཕྱི་བཞིན་འབྲངས་འོང་།

སྐབས་དེར།ཁྱོད་ཚོ་སྔ་མོ་ནས་སློབ་གྲྭར་ཕྱིན་འདུགཨ་ཕ་ཡང་ཕྱི་ཕྱོགས་སུ་ཚོང་དོན་དུ་ཆས་པས།ཁྱིམ་དུ་ང་

གཅིག་པུ་ལས་མེད།ཉིན་དེའི་དགོང་མོར།ངས་ནུབ་འཚལ་འཐུང་དུས།ཞི་ལ་སེར་ལྡང་མས་སྔར་ལྟར་ངུ་འབོད་བྱེད་བཞིན་ངའི་གམ་ནས་ཕར་མི་འགྲོ།ངས་མོ་ལྟོགས་པ་ཨེ་ཡིན་སྙམ་ནས་ཤ་དང་གོ་རེ་སོགས་ཅི་རིགས་བྱིན་མོད།ཁམ་གང་ཡང་མི་ཟ་བར་འདུགཚུལ་དེ་མཐོང་རྗེས།ང་ཅུང་སུན་པོ་བྱུང་སྟེ་སྡིགས་མོ་ལན་འགའ་བྱས་མཐར།ཞི་ལ་སེར་ལྡང་མ་རེ་ཞིག་ཁ་

རོག་གེར་འདུག་མོད།ཏབ་ཅིག་འགོར་རྗེས།སླར་ཡང་ངུ་འབོད་ཀྱི་འགོ་བརྩམས་ཡོང་།ང་ཞེ་སྤོ་གཏིང་ནས་ལངས་ཏེ།མེ་ཡོག་བཟུང་ནས་ལན་འགར་བསྡིགས་པ་ན།ཞི་ལ་སེར་ལྡང་མ་སྐྲག་ཐག་ཆོད་དེ་སྒོའི་ཕྱི་རོལ་དུ་བྲོས་སོང་།ཡིན་ཡང་།མོས་སྒེའུ་ཁུང་ཕྱི་རོལ་ནས་སྔར་ལྟར་ངུ་འབོད་བྱེད།

ཞི་ལ་སེར་ལྡང་མས་ཞག་གང་བོར་སྒེའུ་ཁུང་འགྲམ་དུ་ངུ་འབོད་བྱས་ཏེ།ཧ་ལམ་དུས་ཚོད་སྐར་ཆ་གཅིག་ལའང་ཁ་རོག་གེར་མ་བསྡད་པ་འདྲ།ཕྱི་ཉིན་ཞོགས་པར།ང་མལ་ལས་ལངས་མ་ཐག་ཞི་ལ་སེར་ལྡང་མ་འཕྲལ་མར་ངའི་གན་དུ་བརྒྱུགས་འོང་སྟེ“མས་ཨ—མས་ཨ”ཞེས་ངུ་འབོད་བྱེད་ཅིང་།ཁ་སང་ལས་ཀྱང་ཚབས་ཆེ་བར་ཕྱིན་འདུགངས་ཚུལ་དེ་མཐོང་རྗེས་མོ་པང་ལ་འུབས་ཏེ་“ཡང་སྙིང་ཅི་ཞིག་བྱུང་བ་རེད།ཡང་ན་ཁྱོད་ལ་ཅི་ཞིག་དགོས་སམ”ཞེས་མགོ་ལ་བྱིལ་བྱིལ་བྱེད་བཞིན་འདྲི་དུས།ཞི་ལ་སེར་ལྡང་མས་སྐྱོ་ལྷང་ལྷང་གིས་“མས་ཨ—མས་ཨ”ཟེར།ཨ་ཨ།སྐད་བརྡ་དེའི་ནང་དོན་ཡང་སྙིང་ཅི་ཞིག་ཡིན་ནམ།ངས་ཅིས་ཀྱང་ཧ་གོ་མ་བྱུང་བས།ཞི་ལ་སེར་ལྡང་མ་ཐང་ལ་བཞག་སྟེ་ལྕགས་ཐབ་ཏུ་མེ་ཁ་གསོ་འགོ་བརྩམས།

ཉིན་དེར་འུ་ཚང་གི་ལུག་ལ་མཚོ་ཆུ་ལྡུད་དགོས་པས།ངས་ཞི་ལ་སེར་ལྡང་མ་ཤུལ་དུ་བསྐྱུར་ཏེ་སྔ་མོ་ནས་ལུག་ཁྱུ་དེད་ནས་མཚོ་ཁར་སོང་བ་དང་།ཕྱི་དྲི་ཉི་མ་ནུབ་རིར་ཡོལ་དུས་ད་གཟོད་ཕྱིར་ཁྱིམ་དུ་ལོག་པ་ཡིན།ང་ཁྱིམ་དུ་སླེབས་དུས།ཞི་ལ་སེར་ལྡང་མ་མཐོང་རྒྱུ་མི་འདུགདེར་བརྟེན།ང་ལ་སྨྲ་མི་ཤེས་པའི་འཚུབ་ཆ་ཞིག་ལྡང་འོང་བ་དང་།ཚ་ཐབ་ཀྱི་སྟེགས་ཁར་ཙོག་སྟེ་ཕྱོགས་ཡར་མར་ཀུན་ལ་བསམ་བློ་གཏོང་ཞོར་ལྕགས་ཐབ་ནང་གི་མེ་ལྕེ་ལ་ཅེར་ནས་འདུག་དུས།ཞི་ལ་སེར་ལྡང་མ་གློ་བུར་དུ་གང་ཞིག་ནས་བརྒྱུགས་འོང་སྟེ་ངའི་མདུན་ཐད་ནས་ཡར་ལྟ་བཞིན་ངུ་འབོད་བྱེད་འགོ་བརྩམས།དེའི་དུས་མོའི་ངུ་འབོད་ནང་དུ་སྡུག་བསྔལ་ཆེན་པོ་ཞིག་གིས་བརླམས་འདུག་ཅིང་།སྐབས་རེར་ང་ལ་ཞུ་བ་དྲག་པོ་བྱེད་བཞིན་པའི་ཚོར་སྣང་ཞིག་ཀྱང་སྟེར།ངས་ཅི་བགྱི་ཆ་མ་འཚལ་བས།སེམས་པ་རེ་ཞིག་བློང་བློང་བར་གྱུར།མཚན་མོ་དེར།ངས་ཞི་ལ་སེར་ལྡང་མའི་དོན་དུ་སེམས་ཁུར་ཚད་མེད་བྱས་ཏེ་ཞག་གང་བོར་གཉིད་ཁུག་མ་བྱུང་།

ཕྱི་ཉིན་ནམ་གསལ་དུས།ཞི་ལ་སེར་ལྡང་མ་ཕྱི་རོལ་ན་འ་ཆད་འུ་ཐུགཅི་བྱ་གཏོལ་བྲལ་དུ་གྱུར་ཏེ་སྔར་ལྟར་ངུ་

འབོད་དྲག་པོ་བྱེད་ཀྱིན་འདུགང་སྒོར་བུད་མ་ཐགམོ་མྱུར་དུ་ཤར་ཕྱོགས་སུ་གོམ་པ་འགའ་བསྐྱོད་རྗེས།གནས་དེ་ག་ནས་ང་ལ་བལྟས་ནས་འདུགཚུལ་དེར་གཞིགས་ན།ཞི་ལ་སེར་ལྡང་མས་ང་མོའི་རྗེས་སུ་འབྲང་ཤོག་ཟེར་གྱིན་ཡོད་པ་འདྲ།ང་ཡུན་གྱིས་མོའི་ཕྱི་བཞིན་འབྲངས་ཏེ་སོང་བ་ན།མོས་སྔར་ལྟར་ང་ལ་ལྟ་བཞིན་ལྟ་བཞིན་ཤར་ཕྱོགས་སུ་འགྲོ་ཞིང་།ང་མུ་མཐུད་དུ་རྗེས་སུ་འབྲང་ངེས་པ་རྟོགས་འཕྲལ།མོ་མགྱོགས་སྟབས་ཀྱིས་འུ་ཚང་གི་ས་ཁང་རྙིང་བའི་ཕྱོགས་སུ་བརྒྱུགས་སོང་།ས་ཁང་རྙིང་བའི་བར་དུ་གོམ་པ་བདུན་བཅུ་ལྷག་ཡོད་པས།ངས་ཀྱང་གོམ་འགྲོས་ཇེ་མགྱོགས་སུ་བཏང་སྟེ་འཚར་སྣང་དང་སྐྲག་སྣང་ལྷན་དུ་བསྡེབས་ནས་ས་ཁང་རྙིང་བའི་སྒོ་འགྲམ་དུ་སླེབས།ཞི་ལ་སེར་ལྡང་མ་མཛོད་ཁང་གི་ལྕགས་སྒོ་ཆེན་པོ་དེའི་འགྲམ་དུ་བསྡད་དེ་ངུ་འབོད་བྱེད་ཅིང་།སེམས་ལ་འཚུབ་ཆ་ལངས་ཏེ་སྐད་ཅིག་ཙམ་ལའང་སྡོད་མི་ཚུགས་པའི་ཉམས་སྣང་སྟེར།ངས་རེངས་པར་མཛོད་ཁང་གི་ལྕགས་སྒོ་ཆེན་པོ་དེ་ཤུགས་ཀྱིས་ཕར་དེད་མ་ཐག་ཞི་ལ་སེར་ལྡང་མ་རྟབ་རྟབ་པོར་ནང་དུ་བརྒྱུགས་སོང་།ང་ཡང་རྟབ་རྟབ་པོར་ནང་དུ་འཛུལ།

ཨ་ཁ།མཛོད་ཁང་ནང་དུ།ཞི་ལ་སེར་ལྡང་མས་ཕྲུ་གུ་དྲུག་བཙས་འདུགདཀོན་ཅོག་གིས་མཁྱེན།གཅིག་ཀྱང་མ་ལྷག་པར་ཚང་མ་ལྟོགས་གྲིར་ཤི་འདུག

ཕྲུ་གུ་དེ་ཚོ་ཉིན་གཉིས་ཀྱི་རིང་ལ་ཨ་མ་དང་ངོ་མ་ཐུག་པས་དེ་ལྟར་ཤི་སོང་བ་རེད།དེའང་མདོར་དེད་ན།ང་ཡིས་

ལན་པ་རེད།ཉིན་དེར།ངས་ལུག་ལྷས་ནས་རིལ་མ་མ་བརྡལ་བའི་སྔོན་ཏག་ཏག་ལ།མཛོད་ཁང་དུ་ལན་ཞིག་སོང་སྟེ་དངོས་པོ་ཞིག་ཁྱེར་ཡོང་དུས།ཞི་ལ་སེར་ལྡང་མ་སྐབས་གླགས་དེ་དང་བསྟུན་མཛོད་ཁང་ནས་སྒོར་བརྒྱུགས་སོང་བ་མཐོང་།ངས་ད་དུང་སྡིགས་མོ་ལན་འགའ་བྱས་མཐར་མཛོད་ཁང་གི་ལྕགས་སྒོ་དམ་པོར་བརྒྱབ་པ་ཡིན།ད་ལྟ་ཞིབ་ཏུ་བསམས་ན།ཉིན་དེར་ཞི་ལ་སེར་ལྡང་མས་མཛོད་ཁང་དུ་ཕྲུ་གུ་བཙས་རྗེས་ཕྱི་རོལ་དུ་ཐེངས་ཤིག་སོང་སྟེ་སླར་ལོག་པའི་སྟ་གོན་བགྱིས་འདུགཡིན་ཡང་།ངས་ལྕགས་སྒོ་དམ་པོར་བརྒྱབ་པ་དེས……

ནམ་རྒྱུན།ངའི་རོ་ཐོ་འདི་གཟའ་འཁོར་གཅིག་ལ་མཛོད་ཁང་དུ་ཐེངས་གཉིས་ནས་གསུམ་ལ་འགྲོ་གིན་ཡོད་ནའང་།ཉིན་ཞག་དེ་དག་ལ།མཛོད་ཁང་དུ་ཞི་ལ་སེར་ལྡང་མས་ཕྲུ་གུ་བཙས་ཡོད་པ་སེམས་ཀྱི་ཟུར་ལའང་མ་དྲན།ཁྱོད་ཀྱིས་ཤེས་སམ།ཞི་ལ་སེར་ལྡང་མས་རང་གི་ཕྲུ་གུ་དག་མཐོང་རྗེས།རེ་རེའི་ལུས་སྟེང་ལ་ལྕེ་ལྡག་བྱེད་ཀྱིན་འདུགཡུན་རིང་ལ་ལྕེ་ལྡག་བྱེད་ཀྱིན་འདུགསྐབས་དེར།ངའི་སེམས་སུ་སྡུག་བསྔལ་གྱི་རྦ་རླབས་དྲག་ཏུ་འཕྱོ་ཞིང་ན་ཟུག་གི་གདུང་བ་ལྕི་མོ་དེ་ཅིས་ཀྱང་བཟོད་མ་ནུས་པས།ལྕགས་སྒོའི་འགྲམ་དུ་ཙོག་སྟེ་ཉིན་གུང་མཚམས་སུ་ངུས་ནས་བསྡད།དཀོན་ཅོག་གིས་མཁྱེན།ངས་ཉེས་པ་ཆེན་པོ་བསགས་སོང་།འཇིག་རྟེན་གྱི་མ་རུ་གྱུར་བ་སུ་ཞིག་ལ་མཚོན་ནའང་།དེ་ལས་ལྷག་པའི་སྡུག་བསྔལ་ཞིག་ཡོད་དམ།ཡོད་མི་སྲིད།གཏན་ནས་ཡོད་མི་སྲིད།

ཨ་མ་ཞེ་འགྱོད་དང་སྡུག་བསྔལ་གྱིས་གཙེས་ཏེ་རང་དབང་མེད་པར་ངུས་བྱུང་།མོས་རང་གི་མིག་ཆུ་འབྱིད་བཞིན་སུ་

དང་གང་ཞིག་ལ་གསོལ་བ་འདེབས་བཞིན་མཆི།ངས་ཨ་མ་ལ་“ད་མ་ངུ།དེ་ཁྱེད་རང་གིས་ལན་པ་ག་ལ་ཡིན།ཁྱེད་རང་གིས་ལན་པ་

མ་རེད་”ཅེས་སེམས་གསོའི་ཚུལ་དུ་སྐད་ཆ་ཚིག་འགའ་བརྗོད་མོད།འོན་ཀྱང་།ཨ་མ་སྔར་བཞིན་ཁ་རོག་གེར་ངུ་བཞིན་འདུག

བཞི།

 

ཕྱི་དྲོ་དེར།ཞི་ལ་སྟག་ཁྲ་གར་སོང་ཆ་མེད་དུ་གྱུར་ཏེ་ཞག་གང་བོར་ཁྱིམ་དུ་ལོག་མ་བྱུང་བས།སྲིང་མོས་ང་ལ་“ཡང་

ཁྱོད་ཀྱིས་བསད་པ་ཨེ་ཡིན”ཞེས་འདྲི་གཅོད་ནན་མོ་བྱས།ངས་“ཡང་”སྒྲ་དེའི་ནང་གི་ཉེས་སྐྱོན་གང་ཞིག་ཡིད་ལ་འཁོར་བ་

དང་།སྲིང་མོའི་སེམས་ཁམས་ཀྱང་རྟོགས་ཐུབ་པས།སྲིང་མོ་ལ་སང་ཉིན་ཁྱོད་ལ་སྟག་ཁྲ་འཚོལ་རོགས་བྱེད་ཅེས་ཁས་བླངས།

ཕྱི་ཉིན།ང་དང་སྲིང་མོ་གཉིས་ཀས་མཛོད་ཁང་དང་རྩྭ་ཁང་། རུ་ཁ་ཁྱིམ་མཚེས་དག་གི་ཨོང་ཁང་དང་ལྷས་ར།བྲག་

ཁུང་སོགས་སུ་ཡང་ཞིབ་ཏུ་བཙལ་མོད།ཞི་ལ་སྟག་ཁྲ་ནི་གཤོག་པ་ཐོགས་ཏེ་གནམ་ལ་འཕུར་སོང་ངམ།སྡེར་མོ་སྐྱེས་ཏེ་ས་རུ་འཛུལ་སོང་ངམ།གང་ལྟར་ངེད་གཉིས་ཀྱིས་ཅིས་ཀྱང་རྙེད་ཐུབ་མ་བྱུང་།

ཨ་མྱེས་ཀྱིས་བཤད་ན།སྟག་ཁྲ་ད་དུང་གཟུགས་པོ་ཆུང་ཞིང་ཕྱི་རོལ་དུ་འགྲོ་རྒྱུགས་མང་པས།ཁྲའམ་གླག་གིས་ཁུར་

སོང་བ་ངེས་གཏན་རེད་ཟེར།གལ་སྲིད་དངོས་གནས་དེ་འདྲ་ཞིག་ཡིན་ཚེ།དགའ་བ་ལ།མ་མཐའ་ཡང་ང་ལ་མཚོན་ན།སྲིང་མོས་མུ་མཐུད་དུ་འཚང་འདྲི་བྱེད་མི་དགོས་ལ།མོའི་སེམས་ཀྱི་དོགས་གཞི་ཡང་སེལ་སོང་བ་མིན་ནམ།

འོན་ཀྱང་།ཞི་ལ་སྟག་ཁྲ་དེ་ཁྲའམ་གླག་གིས་ཁུར་སོང་ན།སུ་ཞིག་གིས་མཐོང་ཡོད་དམ།སུས་ཀྱང་མཐོང་མེད་པས།

ཨ་མྱེས་ཀྱི་སྐད་ཆ་དེ་ནི་ཚོད་དཔག་རྐྱང་རྐྱང་ཙམ་ལས་མ་འདས།

སྐབས་ཤིག་ལ།སྲིང་མོ་འུ་ཐུག་སྟེ་ཨ་མྱེས་ལའང་འཁང་གཏམ་བརྗོད་བཞིན་གདའ།

ངེད་གཉིས་ཀྱིས་མུ་མཐུད་དུ་བཙལ།

“མས་མས—མས་མས—” “མས་མས—མས་མས—” 

ཉིན་གུང་ཡོལ་ཏེ་ཕྱི་དྲོར་སླེབས་འདུགཞི་ལའི་རྐང་རྗེས་ཙམ་ཡང་རྙེད་མ་བྱུང་།མཇུག་མཐར།སྲིང་མོས་ཧ་ཅང་གཟབ་ནན་གྱི་རྣམ་འགྱུར་ཞིག་བསྟན་ནས།སླར་ཡང་ང་ལ་“དྲང་མོར་ཤོད།ཁྱོད་ཀྱིས་ཨེ་བསད།དྲང་མོར་ཤོད” ཅེས་ཉེན་

རྟོག་པས་ཉེས་ཅན་ཞིག་ལ་འདྲི་གཅོད་བྱེད་པ་ལྟར་དྲིས་བྱུང་།ང་དེ་མ་ཐག་ཁོང་ཁྲོ་ལངས་ཏེ། “ངས་དེ་བསད་ནས་ཅི་བྱ།དེ་བསད་ན་ང་ལ་ཅི་ཕན།ང་ཞི་ལ་གསོད་མཁན་ཞིག་དང་འདྲའམ”ཞེས་ངོ་གདོང་གནག་སྟེ་ལྡོག་འདྲི་བྱས་པར།སྲིང་མོས་

སྔར་ལས་ཀྱང་གཟབ་ནན་གྱི་སྒོ་ནས“ཁྱོད་ཞི་ལ་གསོད་མཁན་ཞིག་དང་མི་འདྲའམ”ཞེས་བརྗོད་བྱུང་།ཏག་ཏག་སྐབས་དེར།ཨ་མས་སྲིང་མོ་བོས་བྱུང་། “སྒྲོལ་མ།ཨ་སྒྲོལ་མ།རྫ་མའི་ནང་གི་ཆུ་ཚར་ཐལ།ཆུ་ལོངས་ཆུ་ལོངས།” 

སྲིང་མོ་ཁྱིམ་དུ་སོང་སྟེ་ཆུ་ཟེའུ་ཁྱེར་ནས་དོང་ཆུའི་ཕྱོགས་སུ་འཐད་མ་འཐད་ཀྱིས་འགྲོ་དགོས་བྱུང་།

“ཨ་མ— མྱུར་དུ་ཤོག་དང་།ཨ་མ— ཨ་མ— ” 

སྲིང་མོ་དོང་ཆུའི་ཁར་སླེབས་མ་ཐགགློ་བུར་དུ་སྐད་ཅོར་བརྒྱབ་བྱུང་།ཨ་མ་དང་ངེད་གཉིས་རྟབ་རྟབ་པོར་བརྒྱུགས་ཏེ་བལྟས་པ་ན།མ་གཞི།ངེད་ཚང་གི་ཞི་ལ་སྟག་ཁྲ་དོང་ཆུའི་ནང་དུ་ལྷུང་འདུགཨ་མས་སྲིང་མོ་ལ་ཁ་སང་ཁྱོད་ཀྱིས་ཆུ་བླངས་རྗེས་དོང་ཆུའི་ཁ་བརྒྱབ་བམ་མ་བརྒྱབ་ཅེས་འདྲི་དུས།སྲིང་མོས་དོང་ཆུའི་ཞབས་ཀྱི་ཆུ་ཁར་གཡེང་འདུག་པའི་ཞི་ལ་སྟག་ཁྲ་ལ་ཅེར་འདུག་པ་ལས།སྐད་ཆ་ཚིག་གཅིག་ཀྱང་བརྗོད་མ་བྱུང་།ང་མདུན་ལ་གོམ་གང་སྤོས་ཏེ་ཆུ་ཁར་གཡེངས་པའི་ཞི་ལ་སྟག་ཁྲ་ལ་ཐེངས་ཤིག་བལྟས་པ་ན།ཆུ་ཁར་སྟག་ཁྲ་མ་གཏོགས།ད་དུང་དངོས་པོ་ཆུང་ཆུང་ཞིག་ཀྱང་གཡེངས་ནས་འདུགངས་མགོ་བོ་སྨད་དེ་ཞིབ་ཏུ་བལྟས་པར།འོ།མ་གཞི།ཞི་ལ་སྟག་ཁྲ་དང་མཉམ་དུ་ཆུ་ཁར་གཡེང་འདུག་པ་དེ་ནི་ཙི་གུ་ཞིག་ཡིན་འདུག

ད་ལྟ།ངས་ངེད་ཚང་གིས་གསོས་པའི་ཞི་ལ་དེ་དགངེད་ཚང་ནས་དེ་ལྟར་རེ་རེ་བཞིན་ཤི་བ་ལ།སེམས་གཏིང་ནས་མྱ་ངན་ཞུ་བཞིན་ཡོད།།


རྩོམ་ཡིག་རྗེས་མ།
རླུང་རྟ་ཡར་འགྲོ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1