འབྲི་ཆུ།

མགར་ཐར་བཀྲ་ཤིས་ཆོས་ལྡན། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28



 དལ་གྱིས་བཞུར་བའི་འབྲི་ཆུའི་རླབས་སྒྲ་ལས་མཆེད་པའི་དབྱངས་ཀྱི་ཟིལ་བ་སྣ་ཚོགས་རྣ་བའི་བུ་གར་སིམ་ཐེངས་དུ་མར། ནམ་ཞར་སུ་ཞིག་གི་ཀུན་རྟོག་གི་སྦུ་གུར་བཞུར་བའི་ལོ་རྒྱུས་ཀྱི་དབྱངས་རྟ་མག་མོག་གི་ཤག་སྒྲའང་རང་འགུལ་གྱིས་གྲག་འོང་། 

དུས་དེར། དགའ་སྐྱོ་འདྲེས་མའི་དབྱངས་ཀྱི་ཁུགས་པ་དག་ན་ཆེས་ཟད་རལ་དུ་སོང་བའི་ཡིག་འབྲུ་མང་པོ་སེམས་ཀྱི་ཕྱི་ནང་དུ་འཐོར་བས། བདག་གི་ཚོར་བ་དང་འདུ་ཤེས། སེམས་པ་དང་རེག་པ། ཡིད་ལ་བྱེད་པ་ལ་སོགས་པའི་ཀུན་འགྲོ་སེམས་བྱུང་གི་ཚོགས་ནི་ཁྲ་གླག་གིས་གཏོར་བའི་བྱེའུ་ཁྱུ་ཇི་བཞིན། གང་ལའང་བརྟེན་ས་དབེན་པར་གནས་ངེས་མེད་དུ་འཁྱར་དགོས་བྱུང་། དེ་ནི་འབྲི་ཆུས་ང་ཚོ་ལ་བཞག་པའི་སེམས་ཁྲལ་ལྷག་མ་དེ་ཡིན་ནམ། ཡང་ན། ང་ཚོས་འབྲི་ཆུ་ལ་བཅངས་པའི་སེམས་ཚེགས་རྣལ་མ་དེ་ཡིན།

དྲན་དབང་དག་གིས་འབྲི་ཆུ་ནི་མེས་པོ་གོང་མའི་ཟུངས་ཁྲག་ཁོལ་མ་དེ་ཡིན་ཞིང་བུ་རབས་ཚ་རྒྱུད་ཀྱི་འཚོ་བ་དངོས་བྲིས་དེའང་ཡིན་ཟེར། ཇི་ལྟར་ཡང་། འབྲི་ཆུའི་རྦ་རླབས་དག་གི་ཁ་དོག་ལ་གཞལ་ན་མི་རབས་ཤིག་གི་རང་མདངས་མངོན་ཐུབ་ལ། འབྲི་ཆུའི་མཆོང་སྟངས་འདི་ཡི་ལྡེམ་མྱུར་ལ་དཔག་ན་དུས་རབས་ཤིག་གི་དཔའ་སྤོབས་མཐོང་འོང་། འབྲི་ཆུའི་རླབས་སྒྲ་སྣ་ཚོགས་ཀྱི་དབྱངས་རྟ་ལ་ཉན་ན་ལོ་རབས་ཤིག་གི་གཏམ་རྒྱུད་ཚོར་ནུས།

དེར་བརྟེན། ཡུལ་དུས་ཀྱི་ལྷིང་འཇགས་དང་རླུང་འཚུབ་གང་ནས་འཚོལ་ཞིང་བལྟས་ནའང་། འབྲི་ཆུ་ནི་ང་དང་ཁྱོད་ཀྱི་བྲང་གཞུང་ནས་བརྡོལ་བའི་དྭངས་སེམས་ཀྱི་གཙང་པོ་ཞིག་གི་དོད་ཡིན་སྟབས། འབྲི་ཆུ་ལ་བརྟེན་ནས་འདས་ཟིན་པའི་གསང་བའི་ལས་ལམ་འཚོལ་ཞིང་། འབྲི་ཆུ་ལ་ཁེན་ནས་མ་འོངས་པའི་འཚོ་བའི་གནས་གཞི་བརྟག་སྲིད། དེ་ནི་འབྲི་ཆུས་ང་ཚོ་ལ་བཞག་པའི་བག་ཆགས་སྟུག་པོ་དེ་ཡིན་ནམ། ཡང་ན། ང་ཚོས་འབྲི་ཆུ་ལ་བཅངས་པའི་ཀུན་གཞིའི་རྣམ་ཤེས་དེ་ཡིན།

དེང་རབས་རིང་ལུགས་པས་བཤད་རྒྱུན་ལྟར་ན། འབྲི་ཆུ་ནི་འཛམ་གླིང་གཙང་པོ་སྟོང་གི་གཙུག་རྒྱན་དུ་འཕགས་ཡོད་ཅིང་། གཟུགས་ཅན་རིག་དངོས་རྩ་ཆེན་དུ་མའི་སྲོག་ཏུ་བགྲང་གིན་འདུག་མོད། ང་ཚོའི་སྣང་བ་ཞིག་ལ། འབྲི་ཆུ་ནི་དྲག་ཏུ་འབབ་པའི་གཙང་པོ་ཁེར་རྐྱང་ཞིག་ལས་ཅི་ཡང་མ་མཐོང་ནའང་།

རང་མཚན་དུ། འབྲི་ཆུའི་རླབས་རིས་རེ་ལ་བཙན་པོའི་དཔའ་རྟུལ་རྣམས་ཀྱི་རྣམ་ཤེས་གྲངས་མེད་ཅིག་འཁོར་ཡོད་ལ། འབྲི་ཆུའི་ཆབ་རྒྱུན་རེ་རེར་འབྲུག་མོ་སྒེག་མས་མཆོད་ཆང་འདྲེས་ཡོད། ལྷག་ཏུ། འབྲི་ཆུའི་མཆོང་སྟངས་རེ་ལས་མགར་རིགས་སྟོབས་རྩལ་གྱི་བྱིན་རླབས་འཕྱུར་འོང་སྐད།

འབྲི་ཆུ་ནི་རི་རྩེར་མཐོན་པོར་བསྒྲེངས་པའི་ཆོས་ཀྱི་དར་ལྕོག་ཅིག་སྟེ། དེ་ལས་རེ་བའི་སྐྱབས་འཇུག་དང་ཡིད་ཀྱི་སྨོན་ལམ་མཚོན་ཡོད། འབྲི་ཆུ་ནི་ལག་པས་དམ་པོར་བཅིངས་པའི་དངུལ་དཀར་གྱི་མེ་ལོང་ཞིག་སྟེ། དེ་ལས་ནོར་གྱི་འབྱོར་བ་དང་ཆོས་ཀྱི་བྱམས་བརྩེ་བསྟན་ཡོད། དེ་ནི་འབྲི་ཆུས་ང་ཚོ་ལ་བཞག་པའི་ནོམ་པ་རྩ་ཆེན་དེ་ཡིན་ནམ། ཡང་ན། ང་ཚོས་འབྲི་ཆུ་ལ་བཅངས་པའི་རེ་བའི་མེ་ཏོག་དེ་ཡིན།

འབྲི་ཆུ་ནི་འབྲོག་ཕྲུག་སྣབས་ལུག་ཅིག་དང་མཚུངས་པར་དང་པོར་མཐོན་པོའི་གངས་རི་དང་སྨུག་པོའི་རྫ་རི་ལས་ལང་ཚོའི་ལྗང་མྱུག་འབུས་ཤིང་། རིམ་གྱིས་རིམ་གྱིས་ཆུང་ཆུང་གི་ཆུ་མིག་དང་བསིལ་བསིལ་གྱི་ཆུ་ཕྲན། ཤག་ཤག་གི་ཆུ་བོ་དང་ལྷོག་ལྷོག་གི་གཙང་པོར་བརྫུས་ཏེ་བདེ་མོའི་ཐང་ཆེན་དང་གཟར་མོའི་གཡང་ས། གཤོང་གཤོང་གི་ལུང་ཚན་དང་སྒང་སྒང་གི་རི་བོ་སོགས་རི་ལུང་ཁྲི་སྟོང་མང་པོ་ངལ་དུབ་ཀྱིས་བརྒལ་ནས། ཆུ་བཞི་སྒང་དྲུག་གི་རྣམ་ཤེས་ཐམས་ཅད་ཧྲིལ་བོར་བསྡུས་ཏེ་ཞི་བདེ་རྒྱ་མཚོ་ཆེན་མོའི་དཀྱིལ་འཁོར་ལ་དྲངས།  

འཛམ་གླིང་ཆུ་བོའི་སྟེགས་བུའི་སྒང་ནས་གངས་དཀར་ལྷ་མོའི་བཞད་སྒྲ་ངོམ་ཞིང་རྫ་བྱ་གོང་མོའི་གདངས་དབྱངས་གྱེར། འདོ་བ་རྟ་མཆོག་གི་བང་རྩལ་ངོམ་ཞིང་ལྷ་གཡག་དར་མའི་ངུར་སྒྲ་སྒྲོག ནས་ཆང་གཙང་མས་མཆོད་པ་འབུལ་ཞིང་འོ་ཞོ་མངར་མོས་ཞི་འཇམ་བསུ། དོན་དམ་པར། དེ་དག་ནི་བསིལ་བའི་གླིང་ནས་འཛམ་གླིང་ལ་ཕྱི་འདྲེན་བྱས་པའི་འབྲི་ཆུའི་སྙིང་སྟོབས་དང་བྱས་རྗེས་ཉག་ཅིག་ཏུ་བགྲང་ནའང་བདེན་པའི་གཏམ་ཉིད་དུ་འཁུམས་སོ།།


རྩོམ་ཡིག་སྔོན་མ།
འགྲུལ་བཞུད།
རྩོམ་ཡིག་རྗེས་མ།
ཁ་བཤད་དང་ལག་ལེན་གྱི་བར་ཐག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1