ཚེ་རིང་།

སྲིད་པའི་བརྡ། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28



མཚམས་ལན་རེར་ངའི་སེམས་སུ་ཁྱོད་དྲན་པ་ནི་རྨི་ལམ་རྨིས་སྟངས་ཤིག་ཡིན་པའང་བསམ་མྱོང་།

 

རི་བོ་འདིར་སྔར་ཉག་ག་ཞིག་ཡོད།

ཆུ་བོ་འདིར་གནའ་རྡོ་ཟམ་ཞིག་ཀྱང་ཡོད།

ལོ་ཟླ་དེ་དག་གི་ནང་དུ་ངའི་ཨ་མྱེས་བཤད་ན།

ལྟོས་དང་། ཚེ་རིང་མི་འགྱངས་པར་རི་བོ་འདིའི་ཉག་ག་བརྒྱུད་ནས་ཕེབས་ཡོང་ཟེར། སྒུགས་དང་། ཚེ་རིང་མི་འགོར་བར་ཆུ་བོ་འདིའི་ཟམ་ཆེན་བརྒལ་ཏེ་མཇལ་ཡོང་ཟེར། ཨ་མྱེས་སྐད་ཆ་བཤད་སྟངས་ལ་བལྟས་ན་ཨ་མྱེས་ཀྱང་ཁྱོད་རང་དྲན་གྱིན་ཡོད་པ་འདྲ། རྨོ་མོས་ཀྱང་ཤུགས་རིང་ཞིག་འདོན་ཞོར་ངའི་གཅེས་ཕྲུག་ཁྱོད་ཀྱིས་ཨ་མྱེའི་ཁར་ཉོན་དང་། ཁྱོད་ཀྱང་ནར་སོན་གྱིན་འདུག་ཟེར།

ད་ལྟ་ངའི་ཨ་མྱེ་དང་རྨོ་མོ་ཡང་བུད་སོང་།

དགུན་གཞུང་ཞིག་ལ་ཁོ་གཉིས་ཀྱང་ཐག་རིང་ཞིག་ཏུ་བུད་སོང་རྗེས།

གྲང་ངར་གྱི་ཁྲོད་ནས་ངས་རི་བོ་དེའི་ཉག་ག་ནས་ཨ་མྱེ་སྒུག་ཡོད། རྨོ་མོ་སྒུག་ཡོད།

ད་དུང་ཚེ་རིང་སྔར་བཞིན་སྒུག་ཡོད།

ཁྱེད་ད་དུང་རི་བོ་འདིའི་ཕ་རོལ་དུ་ཡོད་དམ།

དེ་རིང་ངའི་ཁ་པར་ནང་དུ་བོད་ཡིག་ཡོད་པའི་རྐྱེན་གྱིས་ངས་ཁྱོད་ལ་འཕྲིན་ཐུང་ཞིག་བྲིས་ཡོད།

རེད་དེ་བརྡ་རྟགས་མི་འདུག ཕོ་ཉའང་མི་འདུག

འཕྲིན་ཡིག་གི་གསེང་དུ་མིག་ཆུ་གཅིག་འཕུར་རྗེས།

 ངས་ཡང་བསྐྱར་འཕྲིན་ཡིག་གཅིག་འབྲི་འགོ་རྩོམ་བཞིན་ཡོད།

 

ཚེ་རིང་། ངས་ཁྱོད་རང་དྲན་ཚེ་ལྗོན་པ་ཚོས་ཀྱང་ཁྱོད་རང་དྲན་ནས་བྲེལ་གྱིན་འདུག

ཚེ་རིང་། ངས་ཁྱོད་རང་གླེང་ན་མེ་ཏོག་ཚོགས་ཀྱང་ཁྱོད་རང་གླེང་ནས་འདར་གྱིན་འདུག ཚེ་རིང་། ཁྱེད་ཀྱི་ཉེ་འཁོར་གྱི་ཆུ་བོ་དེའི་རྦ་རླབས་དེ་དག

ཁྱེད་ཀྱི་སྒེའུ་ཁུང་དུ་འཁྲིགས་པའི་སྤྲིན་པ་དེ་ཚོ།

ལོ་འདི་དག་ངས་ཁྱོད་རང་དྲན་པའི་ན་ཟུག་གི་འབག་བཙོག་དག་དག་ཡིན།

ཁྱེད་ཀྱིས་ལྟོས་དང་། སྤྲིན་པ་དེ་གཉེར་མས་ཁེངས་ནས་ཡོད།

རྦ་རླབས་དེ་སྨ་རས་གྲུབ་ནས་ཡོད། རྒྱུ་མཚན། ང་རྒས་སོང་།

འུ་ཚང་གི་གཟའ་མི་ཚང་མ་རྒས་ཀྱིན་འདུག བྱིས་པ་ཚོ་ཡང་རྒས་ཀྱིན་འདུག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1