འབྲི་ཆུའི་མགོ་ཁུངས་ཀྱི་གླུ།

བྲག་འགོ་ཉི་མས་བརྩམས། ལི་སྨད་ཉི་གཞོན་གྱིས་བསྒྱུར། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28


དྭངས་གསལ་གྱི་ཆུ་ཕྲན་ཅིག་གིས་དར་དཀར་གྱི་མགུལ་རྒྱན་སྤྲས་ཏེ་ངའི་སྦྲ་སྒོ་ནས་བཞུར་སོང་། མོ་རང་དལ་གྱིས་ཆས་ལ་ཡང་བསྐྱར་དལ་གྱིས་རྒྱང་ལ་བཞུད་སོང་། དེ་ནི་ཨ་ཕྱིའི་གོམ་འགྲོས་དང་མཚུངས་ལ། སྤོ་བོའི་འཁྱར་འཁྱོར་གྱི་གྲིབ་མ་དང་ཡང་ཤིན་ཏུ་འདྲ། ཐེངས་ཤིག་ངས་ཅི་མི་སྙམ་པར་ཉིན་གཅིག་ལ་ཆུ་ཕྲན་དེད་དེ་སོང་བ་ན། ཨ་ཕ་རྟ་ཕོར་བཞོན་ནས་མི་ཚོགས་དང་ལྷན་དུ་བྲེལ་འཚུབ་ངང་ཆས་སྐབས་ང་ད་གཟོད་རྨི་ལམ་གྱི་ཆུ་ཕྲན་ལས་ཕྱིར་སླེབས་བྱུང་། ཨ་ཕའི་རྟ་ལྕག་གི་འོག་ཏུ་ངས་མིག་ཟུང་འཕུར་ཞོར། ཆུ་ཕྲན་ཅིའི་ཕྱིར་རྒྱང་རིང་དུ་བཞུར་བ་རེད་ཅེས་དྲིས་པ་ན། ཨ་ཕ་སྨག་གི་མཚན་མོ་དང་འདྲ་བར་ངག་མི་སྨྲ་བར་ཁ་རོག་གེར་བསྡད། ཅུང་ཙམ་འགོར་རྗེས། ཁོས་སྐྱོ་སྣང་གི་མགོ་བོ་ཚུར་ལ་འཁོར་ནས་ཆུ་ཕྲན་གྱི་ཕྱོགས་སུ་བལྟས་ཏེ། སྨག་ནག་གི་མཚན་ལྗོངས་ལ་ཁ་གཏད་དེ། རེད་ཡ། མོ་རང་རྒྱང་ལ་བཞུར་དོན་ཅི་ཡིན་ནམ།ཞེས་བཤད། སྐད་ཆ་དེར་ཉན་ཞོར་དུ་ང་རང་གོག་ནས་ཡར་ལངས་ཏེ་ཨ་ཕའི་ཕུ་ཐུང་ལ་འཇུས་ནས། ཁོ་བོ་ལྟར་སྨག་ནག་གི་མཚན་ལྗོངས་དེ་ནས་ཁུ་སིམ་མེར་བསྡད། སྐབས་དེར་ང་རང་ལོ་ངོ་དྲུག་ལས་མིན་སྟབས།ཨ་ཕའི་སྐྱོ་སྡུག་གི་སྐད་ཆའི་ཡང་སྙིང་བརྟོལ་མི་ཐུབ་མོད། འོན་ཀྱང་ཉམས་སྣང་དེ་ངའི་སེམས་ཀྱི་གཏིང་ལ་ཆགས་སོང་།

རྗེས་སུ། ངས་ནམ་རྒྱུན་ཆུ་ཕྲན་གྱི་བཞུར་ཕྱོགས་ལ་མིག་ཟུང་གིས་འཚོས་མྱོང་ལ། ལན་རེར་ངས་རང་གི་ཨ་མ་རྒྱང་རིང་རྒྱང་རིང་གི་གངས་རི་དེའི་ཕྱོགས་སུ་ཡོད་པར་སེམས། ཨ་ཕས་བཤད་རྒྱུར།ངའི་ཨ་མ་དག་ཞིང་ལ་ཆས་སོང་ཟེར།ཆུ་ཕྲན་གྱི་འགྲམ་ནས་ངས་ཨ་མའི་གཟུགས་བརྙན་སེམས་ལ་བྲིས་ཤིང་། ཨ་མ་ནི་རྒྱང་རིང་གི་གངས་རི་བཞིན་རབ་རིབ་ཏུ་སྣང་ལ། རབ་རིབ་ཀྱི་འཆར་སྣང་དེ་ཨ་ཕར་བཤད་པ་ན། ཁོས་ནམ་རྒྱུན་བསམ་གཞིག་གི་དྲྭ་བའི་ཀློང་ནས་ཁྱོད་ཀྱིས་ཨ་མ་དངོས་སུ་མཐོང་མ་མྱོང་བས་ཁྱོད་ལ་ཁག་མི་འདུག་ཟེར། ངས་ཨ་མ་དངོས་སུ་མཇལ་མ་མྱོང་ནའང་། གོ་ཐོས་སུ་མོ་རང་ངའི་ཆེད་དུ་འཇིག་རྟེན་འདིར་སླེབས་མྱོང་ལ། ཡང་བསྐྱར་ཆུ་ཕྲན་འདིའི་འགྲམ་ནས་བྲེལ་འཚུབ་ངང་བཞུད་སོང་ཟེར། ཆུ་ཕྲན་གྱིས་ཨ་མའི་ནུ་ཞོ་ལྟར་ང་རང་གསོ་སྐྱོང་བྱས་ལ། ངས་ནམ་རྒྱུན་ཆུ་ཕྲན་དང་ཨ་མ་ངོ་བོ་གཅིག་ཏུ་འཛིན་གྱིན་ཡོད།

ང་རང་ལོ་ངོ་བརྒྱད་ལ་སོན་དུས། ཨ་ཕ་ངེད་གཉིས་མི་ཚོགས་འཁྱམ་པོ་དང་ལྷན་དུ་ཆུ་ཕྲན་དང་ཁ་གྱེས་ལ། ངེད་གཉིས་སོང་གིན་སོང་གིན་རང་དབང་མེད་པར་ཆུ་ཕྲན་གྱི་བཞུར་ཕྱོགས་སུ་ཕྱིར་མིག་འཕེན་དགོས་བྱུང་།

དེ་ལྟར་ཕྱོགས་ངེས་མེད་དུ་འཁྱམ་གྱིན་མཐར་འབྲི་ཆུའི་འགྲམ་རྒྱུད་ཀྱི་རྡོའི་སྤྱིལ་བུ་ཞིག་ནས་གཏན་སྡོད་བྱས། ཐེངས་མང་པོར་ཨ་ཕས་ང་རང་ཁུར་ཏེ་གཙང་འགྲམ་ནས་མཆི་མའི་ཕྲེང་ཐག་འཐོར་བཞིན་བསམ་གཞིག་གི་ཀློང་ལ་ཚུད་མྱོང་ཡང་།ངས་ཨ་ཕའི་སྤྱོད་ཚུལ་དེ་དག་ལས་ཅི་ཞིག་རྟོགས་བྱུང་ངམ། འུར་འུར་གྱི་སྒྲ་དང་བཅས་ཏེ་བཞུར་བའི་གཙང་པོའི་ཕྱོགས་སུ་ཁོ་བོ་ཁུར་ཏེ་ཆས་པ་ན། ཕ་ཡུལ་གྱི་ཆུ་ཕྲན་དང་མིག་ཆུ་ལྷན་དུ་བདག་གི་སེམས་སུ་བབས་སོང་།

དཔྱིད་དུས་ཤིག་ལ། ང་རང་སློབ་གྲྭར་ཞུགས་ལ། སློབ་ཁང་ནང་ནས་ངས་ཆུ་བོ་དང་གཙང་བོའི་མིང་འབྲི་ཤེས་སོང་། ཕ་ཡུལ་གྱི་ཆུ་ཕྲན་གྱིས་ཅི་འདྲའི་གཙང་བོ་ཆེན་པོ་ཞིག་མངལ་དུ་སྦྲུམ་ཡོད་ལ། ལོ་རྒྱུས་ཀྱི་རྒྱུན་རིང་བའི་རླབས་ཆེན་གྱི་མི་རིགས་ཤིག་གསོ་སྐྱོང་གནང་ཡོད་པ་གཞི་ནས་རྟོགས། དབྱར་གནང་གི་དུས་སུ་ཨ་ཕ་རྫོང་མཁར་དུ་ང་རང་བསུ་རུ་སླེབས། ངེད་གཉིས་ཕ་ཡུལ་ལ་ཆས་པའི་ལམ་བར་ནས་ངས་ཨ་ཕར་འབྲི་ཆུ་ནི་ཕ་ཡུལ་གྱི་ཆུ་བོའི་མངལ་ལས་སྦྲུམ་བ་བཤད་པ་ན། ཨ་ཕས་ང་ལ་ལྟ་ཞོར་དུ་རྟ་ཁ་དལ་མོར་འཐེན་བཞིན། ངས་འབྲི་ཆུའི་འགྲམ་གྱི་རྡོའི་སྤྱིལ་བུ་བདམས་དོན་ནི་ཁྱོད་ལ་ཕ་ཡུལ་གྱི་ཆུ་འཐུང་དུ་འཇུག་འདོད་པས་ཡིན་ལ། ཕ་ཡུལ་གྱི་ཆུས་གསོས་པའི་མི་ནི་གཤིས་བཟང་ཞིག་ཡིན་ཟེར།

ངས་འབྲི་ཆུ་འཐུངས་ནས་ནར་སོན་ལ། ངས་ཕ་ཡུལ་གྱི་ཆུ་འཐུངས་ནས་ནར་སོན། གོམ་པའི་འདེགས་འཇོག་སློབ་ཆེན་གྱི་སྒོ་ཐེམ་དུ་སྤོས་པའི་ལོ་དེ་དག་གི་རིང་ལའང་། ང་འབྲི་ཆུའི་འགྲམ་རྒྱུད་ནས་བསྡད་དེ་ཕ་ཡུལ་གྱི་ཆུ་བོ་འཐུངས་པ་ཡིན།

ན་ནིང་ཕ་ཡུལ་ནས་གློག་འཕྲིན་ཅིག་འབྱོར་བྱུང་། དེ་ལས་ཨ་ཕའི་ནད་ཚབས་ཆེ་རུ་ཕྱིན་པ་ཡང་བརྗོད་སོང་། ང་རང་དེ་མ་ཐག་ཕ་ཡུལ་དུ་ཆས་ཏེ་ཨ་ཕའི་འགྲམ་དུ་སླེབས་པ་ན། ཨ་ཕས་ངའི་སྐད་སྒྲ་ཐོས་མ་ཐག་མིག་ཟུང་དལ་མོར་ཕྱེ་ཙམ་བྱས་ནས་ཆུ་བོ་ངའི་སེམས་སུ་བཞུར་བྱུང་ཞེས་བཤད། ང་ལ་རང་དབང་མེད་པར་མིག་ཆུ་བར་མེད་དུ་བཞུར་ལ།མྱུར་སྟབས་ཀྱིས་འབྲི་ཆུ་ཕོར་བ་གང་ཁྱེར་ནས་ཨ་ཕའི་སྔས་འགྲམ་དུ་བཞག་པ་ན།ཁོས་མིག་ཟུང་ལས་འོད་ཟེར་འཕྲོས་ཤིང་ངག་སྒོ་ནས་དགའ་སྤྲོའི་སྣང་བ་འཆད་བྱུང་། དེ་ལྟར་སུས་ཀྱང་རྟོགས་དཀའ་བའི་གནས་ཚུལ་འོག་ནས་ཨ་ཕ་སླར་ཡང་གསོན་ཐུབ་སོང་། ཕ་ཡུལ་གྱི་ཆུའི་དྲིན་གྱིས་ཡབ་ཆེན་ནད་ལས་གྲོལ་སོང་།ཁོ་བོ་ནད་ལས་དྭངས་རྗེས་ད་ནི་འུ་གཉིས་ཕ་ཡུལ་ལ་སྐོར་བ་ཐེངས་གཅིག་བྱེད་དུ་འགྲོ་ཐུབ་ན། དེ་ནས་ངའི་བསམ་དོན་འགྲུབ་པ་ཡིན་ཟེར།

ད་ལོའི་དཔྱིད་གསར་གྱི་དུས་སུ།ཨ་ཕ་ངེད་གཉིས་ཁྲེང་ཏུའུ་ནས་ལམ་ལ་ཆས་དེ་ཟི་ལིང་དང་ན་གོར་མོ། ཝུལ་མ་སོགས་བརྒྱུད་དེ་ཟླ་ཕྱེད་ཙམ་འགོར་རྗེས་ད་གཟོད་ཕ་ཡུལ་གྱི་ཆུ་ཕྲན་འགྲམ་དུ་སླེབས་ལ། ཡུན་རིང་མཇལ་འཕྲད་མ་བྱུང་བའི་ཡུལ་མི་རྣམས་དང་འཕྲད་པའི་དགའ་ཚོར་གང་གིས་ཀྱང་མཚོན་ཐུབ་བྲལ་བར་གྱུར།

ཕྱོགས་བཞི་འཇམ་ཅག་གེར་གནས་པའི་མཚན་ལྗོངས་དེར། ང་ལ་སྨྲ་བསམ་བརྗོད་འདས་ཀྱི་ཚོར་བ་ཟབ་མོ་ཞིག་གིས་ཕ་ཡུལ་གྱི་ཕང་བ་རུ་ཉལ་ནས་ངོ་ལོ་སུམ་ཅུའི་རིང་གི་གྱེས་གདུང་གི་ཚོར་སྣང་མ་ལུས་ལྷུག་པོར་བརྗོད།

ཕ་ཡུལ་འགྱུར་ཟིན། ཡུལ་མི་རྣམས་ཀྱང་འགྱུར་ཟིན། སྔར་མེད་པའི་སྦྲ་སྒོ་ཡི་རླུང་སྒུལ་གློག་འདོན་ཆས། རྟ་མཆོག་གི་རྨིག་སྒྲ་དང་འདྲེས་པའི་སྒྲ་སྡུད་འཕྲུལ་ཆས། ཐ་ན་ཚ་བོའི་ལག་གི་པར་ཆས་དེའང་ཡབ་མེས་ཚོའི་རྨི་ལམ་ནང་དུ་ཡང་འཁོར་ག་ལ་མྱོང་། ས་གདན་གསར་བའི་སྟེང་ན་དཀྱིལ་ཀྲུང་དུ་འདུག་པའི་རྒན་པ་ཚོས་སྤོབས་པ་དང་རེ་བས་ཁེངས་པའི་འཛུམ་མདངས་ནི་ངའི་བྱིས་དུས་ཀྱི་ཚོར་བའི་ཀློང་དུ་གནས་པ་ཧ་ཅང་ཉུང་ལ་ཤིན་ཏུ་དཀོན། དེ་ནི་ལོས་ཡིན།འཁྱམས་པོ་ངས་ནམ་རྒྱུན་ཕ་ཡུལ་གྱི་སྣང་བརྙན་ཡིད་ལ་སྒོམ་སྐབས། སྔོན་གྱི་འདུ་ཤེས་སུ་བཀྲ་བའི་བྱ་དངོས་དག་ཡང་སློག་བསྐྱར་སློག་བྱེད་པ་ལས་ཅི་ཡང་མེད་མོད།དེ་ནི་ཕ་ཡུལ་གྱི་རྣམ་པ་གསར་བར་བསྒྱུར་བའི་མི་ཞིག་ཡོད་མ་མྱོང་བའི་སྟབས་ཀྱིས་རེད། ངས་ཉིན་དང་པོའི་མཚན་མོ་དེ་ཇི་ལྟར་རོལ་བའང་མ་ཤེས་མོད། རྨི་ལམ་ཁྲོད་ཀྱི་ཕ་ཡུལ་ནི་སྔར་བཞིན་ཕྱོགས་བཞི་ནས་བསིལ་རླུང་ལྡང་བའི་སྦྲ་ནག་དེའོ།།

ཕྱིར་ཉིན་ཞོགས་ཇ་འཐུངས་རྗེས་ང་རང་རྟ་ཕོར་བཅིབས་ཏེ་ཆུ་འགྲམ་དུ་བཞག་པའི་བྱིས་དུས་ཀྱི་ལོ་ཟླ་འཚོལ་དུ་ཕྱིན།ང་རང་བྱིས་དུས་སུ་སྦྲ་ནག་ཕུབ་པའི་དབྱར་ཁའི་མཚེར་སར་སླེབས་མོད། འོན་ཀྱང་ཆུ་འགྲམ་གྱི་ལྷས་ར་ཆུང་ཆུང་དེ་གཏན་ནས་མ་རྙེད། ཆུང་དུས་ལྷུང་ལྷུང་དུ་བཞུར་བའི་ཆུ་ཕྲན་ཀྱང་དགུན་གྱི་སྤོ་བོས་དར་གྱི་ལྭ་བ་མཐུག་པོ་ཞིག་བསྐོན་ཟིན་ལ། འགྲམ་གཉིས་ཇེ་དོག་ཏུ་གྱུར་བའི་ཆུ་ཕྲན་འཁྱག་རོམ་གྱི་སྦུབས་རྒྱ་ལས་བཞུར་བའི་ལྷུང་ལྷུང་གི་སྒྲ་ཙམ་ལས་ཅི་ཡང་མི་སྣང་། ངས་ཐེངས་འགར་གློ་གྲི་འཁྱག་རོམ་དུ་བརྡབ་ནའང་ཆུ་ཕྲན་དང་མ་འཕྲད་པས་ང་ལ་སུན་སྣང་ཅུང་ཙམ་སྐྱེས་ཏེ་མགོ་བོ་ཡར་བཀྱགས་པ་ན་ངའི་བྱིས་དུས་ཀྱི་དྲན་ངོགས་སུ་རྒྱུ་བའི་དངོས་པོ་ཞིག་མིག་ལམ་དུ་མངོན་བྱུང་།

ཨ། དེ་ནི་སྐུ་ལྷ་དར་མདུང་རེད། གངས་རི་དང་སྤྲིན་དཀར་ནི་སྔར་བཞིན་ཡིན་ལ། གསེར་མདོག་གི་ཉི་འོད་ཁྲོད་སྐུ་ལྷ་དར་མདུང་གི་གངས་རིའི་མུ་ཁྱུད་མཐོང་དུས་ངས་ཨ་མ་དྲན་བྱུང་།ཨ་མ་བཞུད་ཟིན་ནའང་ཨ་མའི་བརྩེ་བ་སྔར་བཞིན་མི་ཡུལ་ན་ཡོད།དེ་ནི་ཟད་མཐའ་མེད་པའི་སྐུ་ལྷ་དར་མདུང་གི་གངས་ཆུའི་ཐིག་པ་རེ་རེ་རེད། གངས་རི་ནི་མ་ཡུམ་ཡིན་ལ།གངས་ཆུ་ནི་ཨ་མའི་ནུ་ཞོ་ཡིན། མོས་བདག་གི་ཕ་ཡུལ་གྱི་ཆུ་ཕྲན་དེ་འབྲི་ཆུ་རུ་གྲུབ་ལ། སྟོབས་འབྱོར་ལྡན་པའི་གནའ་བོའི་མི་རིགས་ཤིག་གསོ་སྐྱོང་གནང་ཡོད།

ཕ་ཡུལ་གྱི་ཆུ་ཕྲན་འགྲམ་ནས་ངས་ཕ་ཡུལ་ནི་འཁྱམ་པོ་ངའི་མ་ཡུམ་ཡིན་ལ།ཨ་མའི་བརྩེ་སེམས་ནམ་ཡང་འཁྱམ་པོ་ང་དང་སྦྲེལ་ཡོད་པ་ཤེས་རྟོགས་བྱུང་། ཕ་ཡུལ་དང་བྲལ་བའི་འཁྱམ་པོ་ཚོས་བརྩེ་བའི་ཚོར་བ་འདི་མྱང་ཐུབ་པའི་སྨོན་ལམ་འདེབས་ལ། མ་ཡུམ་ལ་བརྩེ་བའི་བུ་ཕྲུག་མཐའ་དག་ཁོང་གི་ཕང་བ་རུ་ལོག་ཐུབ་པའི་སྨོན་ལམ་བཏབ།

གློ་བུར་དུ་ངས་སྦྲ་ནང་དུ་ཉལ་བའི་ཨ་ཕ་དཀྲོགས་ནས་དེ་འདྲའི་ཚོར་སྣང་ལ་རོལ་མྱོང་བྱ་བར་འདོད་ལ།ཁོ་ལ་ཡང་ཆུ་འགྲམ་ནས་བོར་ཟིན་པའི་བྱིས་དུས་ཀྱི་ལོ་ཟླ་འཚོལ་དུ་འཇུག་པར་འདོད།

ཨཱ། ང་རང་འབྲི་ཆུའི་མགོ་ཁུངས་སུ་སྐྱེས་པ་ནི་ངའི་བསོད་ནམས་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1