གཙོ་ངོས།>> གནའ་ཤུལ།>>རྟོག་ཞིབ།

གངས་དབང་། རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༣ཚེས་༠༡ཉིན།

༄༅།། ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། (དང་པོ།)

        ང་རང་ཆུང་དུས་སུ་མི་རྒན་ཚོས་མི་ཉག་ཅེས་ཟེར་དུས་དེ་ནི་ཧ་ཅང་ཐག་རིང་བའི་ས་ཆ་ཞིག་ཡིན་སྣང་ཤར་མྱོང་། རྗེས་སུ་རང་ཡང་མི་ཉག་པ་ལྡོང་གི་རྒྱུད་པ་ཡིན་པ་ཤེས་པས་མ་ཚད་མི་ཉག་ཡུལ་ཕྱོགས་མང་པོ་ལ་སོང་མོད།མཚར་སྣང་ཆེ་བའི་མིག་གིས་བལྟས་པ་ཙམ་དང་རྣ་བས་མཉན་པ་ཙམ་ལས་སེམས་ཀྱིས་བསམས་མ་མྱོང་ལ་ལག་པས་བྲིས་ཀྱང་མ་མྱོང་། མ་གཞིར་གོམ་པས་ས་གཞི་འཇལ་ཡང་རྐང་རྗེས་ཙམ་ལས་རི་ཆུ་སེམས་སུ་འཕོས་པའི་རི་མོ་མ་བཀོད་པའམ་བཀོད་ཀྱང་ང་རྒྱལ་རི་ལས་ཆེ་ཞིང་། ཀུ་ཅོ་ཆུ་ལས་མང་བའི་ཡི་གེའི་ཚོགས་པ་ནི་ཚོང་དཔོན་རྒྱ་མཚོ་ལས་ལག་སྟོང་དུ་ལོག་པའང་བྱིས་པས་བྱེ་མའི་ཕུང་པོ་བརྩིགས་པ་དང་འདྲ་བས།སླར་ཡང་སེམས་ནང་ཉལ་བའི་གངས་དགའ་བསླངས་ཏེ་མདོ་གྲོང་ནས་ཤར་མི་ཉག་ལུང་པ་རིང་མོར་དལ་གྱིས་བསྐྱོད་པའི་སེམས་ཐག་བཅད་པ་ཡིན། ཏག་ཏག་སྐབས་དེ་ནི་དཔྱིད་ཀྱི་མྱུ་གུ་འབུས་པའི་དུས་དང་འཁེལ་བས་མི་ཉག་གླིང་ཆུ་ཁྲ་མོས་ཁ་བའི་བདུད་རྩི་ཁྱེར་ཏེ་ལྷུང་ལྷུང་གིས་བཞུར་བཞིན་འདུག་ལ།འགྲམ་ངོགས་ནས་བོད་བྲོའི་དབྱངས་རྟ་སྙན་མོ་ཞིག་རྣ་ལམ་དུ་ཁྱབ་བྱུང་།འདི་ནི་ངའི་སེམས་པ་ཤོར་ས་དང་རེ་བ་བཅངས་སའི་སློབ་བུ་རྣམས་ཀྱིས་འཁྲབ་པའི་མི་ཉག་གི་གནའ་བྲོ་རེད་འདུགའདི་ནི་ལོ་ངོ་བཅུ་ཕྲག་སྔོན་ལ་ངས་འགོ་བཙུགས་པའི་སྲོལ་རྒྱུན་རིག་གནས་དུས་ཆེན་གྱི་རྒྱུན་མཐུད་རེད།འདི་ན་ནི་ངས་དགེ་རྒན་ཞེས་པའི་ཡིག་འབྲུ་ལྗིད་པོ་དེ་གཉིས་ཕྲག་པས་ཁུར་བའི་གནས་མཆོག་ཡིན།འདི་ན་ནི་ངས་གསེར་གྱི་ལང་ཚོ་མཆོད་པར་ཕུལ་བའི་རིག་པའི་སྐྱེད་ཚལ་ཡིན།གཞུང་དྲང་དང་བདེན་པ་ཡིས་དགའ་བའི་ཐལ་སྒྲ་ཡོད་མྱོང་ལ།སྡུག་པའི་མིག་ཆུའང་ཤོར་ཏེ་མཐར་གནས་འདི་དང་ཁ་བྲལ་དགོས་མོད།ཕ་མས་གནང་བའི་རང་རྩིས་ཀྱི་འདུ་ཤེས་བརྟན་པོ་དང་།རིག་གནས་ཀྱིས་བསྩལ་བའི་ལས་རྒྱུ་འབྲས་ཞེས་པའི་ནོར་བུའི་དྲིན་གྱིས་ནམ་ཡང་རང་རྐང་རང་གིས་བཙུགས་ཏེ་འགྲོ་འོང་བྱེད་བཞིན་ཡོད།

ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼དང་པོ།༽

ར་རྔ་ཁའི་བོད་ཡིག་སློབ་འབྲིང་གིས་མི་ཉག་སྐོར་བྲོ་འགྲན་བསྡུར་བྱེད་ཚུལ།

        མཚན་ཉིད་པ་ཞིག་གིས་སློབ་གསོའི་འབྲས་བུ་ནི་སློབ་གྲྭར་སྦྱངས་པ་ཐམས་ཅད་བརྗེད་ཟིན་རྗེས་སེམས་ནང་ལྷག་པའི་ཆ་ཤས་དེ་ཡིན་ཞེས་པ་ལྟར་ན། ངས་སློབ་མ་རྣམས་ཀྱི་སེམས་ནང་དེ་སྔོན་གྱི་རྣམ་ཤེས་དང་སློབ་གྲྭའི་ར་བར་དེ་སྔོན་གྱི་སྙིང་སྟོབས་ཤིག་འཁོར་བའི་སྨོན་ལམ་འདེབས་བཞིན་ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད་འགོ་ཚུགས།། 

    མི་ཉག་ལྕགས་ཟམ་དང་ཐང་སྟོང་རྒྱལ་པོ།

 

 

ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼དང་པོ།༽

ཐང་སྟོང་རྒྱལ་པོས་བཞེངས་པའི་ལྕགས་ཟམ།

        ལྕགས་ཟམ་ཁ་ཞེས་པའི་གྲོང་པའི་འགྲམ་གྱི་གླིང་ཆུ་ཁྲ་མོའི་ཐོག་ལ་ལྕགས་ཟམ་ཞིག་ཡོད་པ་དེ་ནི་ཐོག་མར་གྲུབ་ཐོབ་ཐང་སྟོང་རྒྱལ་པོས་བཞེངས་པར་གྲགས།ཟམ་པའི་ཟམ་རྟེན་གྱི་ཐོག་ལ་ཟམ་པ་འདི་ནི་ཧ་ལམ་སྤྱི་ལོ༡༤༠༠ལོར་བོད་ཀྱི་ཟམ་པ་འཛུགས་སྐྲུན་པ་གྲུབ་ཐོབ་ཐང་སྟོང་རྒྱལ་པོས་བཞེངས་ཏེ་ད་ལྟའི་བར་ལོ་དྲུག་བརྒྱ་ཙམ་འདས།ཟམ་པ་འདི་དང་ཐོག་ལྕགས་ཐག་ཐོག་ལ་ཤིང་ལེབ་བཏིང་པའི་དཔྱང་ཟམ་ཞིག་ཡིན་ཡང་།དུས་ཡུན་རིང་པོར་ཆར་ཆུས་གནོད་པས༢༠༠༣ལོར་བསྐྱར་གསོ་བྱས་རྗེས་དེང་སང་སྤྱིའི་རིང་ཚད་ལ་སྨི༧༣དང་ཆུ་ཐོག་གི་རིང་ཚད་ལ་སྨི༤༣ཡོད་ཅེས་བྲིས་འདུག དེ་སྔོན་ལྕགས་ཟམ་དེ་ཐེངས་གཅིག་མཇལ་མྱོང་ཡང་།གུས་པའི་ཐལ་མོ་སྦྱར་བ་ཙམ་ལས་ཉམས་སྣང་ཅི་ཡང་བཞག་མ་མྱོང་།ན་ནིང་ད་ལོར་མི་ཉག་ས་ཁུལ་གྱི་དམངས་ཁྲོད་རིག་གནས་ལ་རྒྱུས་ལོན་བྱས་པ་དང་བསྟུན་ནས་ལྕགས་ཟམ་དེ་ནི་ཐང་སྟོང་རྒྱལ་པོས་བཞེངས་ལ།གཞན་དང་མ་འདྲ་བའི་དམིགས་གསལ་གྱི་ཁྱད་ཆོས་ཡོད་ཚུལ་གོ་བས་ཐེངས་འདིར་སྨྱུ་གུ་དང་འབྲི་དེབ་ཁྱེར་ནས་མཇལ་དུ་སོང་།ས་དེ་གའི་མི་རྣམས་ཀྱིས་བཤད་པ་ལྟར།ད་ལྟའི་ཟམ་པ་འདི་ནི་ཐང་རྒྱལ་གྱིས་བཙུགས་གནང་མཛད་པའི་དཔྱང་ཟམ་དེ་ཡང་ལས་བྱས་པ་ཡིན་པས་དེ་སྔོན་གྱི་ལྕགས་ཐག་གསུམ་པོ་ནི་ཟམ་པའི་གཡས་ཕྱོགས་ལ་གཅིག་དང་གཡོན་ཕྱོགས་ལ་གཉིས་བཅས་བཀལ་ནས་ཡོད་པ་ལས་ཆེས་ཐོག་མ་ལྟ་བུའི་ཟམ་གདན་གྱི་གོ་ཆོད་མི་འདུག ལྕགས་ཐག་གི་ཨ་ལུང་ལས་མང་ཤོས་ནི་མཐོ་དོ་ཙམ་དང་ཉུང་ཤོས་ནི་མཐོ་གང་དང་ཕྱེད་ཀ་ཙམ་རེད།ལྕགས་ལུང་མང་པོའི་མཐུད་མཚམས་གང་ཡིན་མི་གསལ་བས་མ་ཚད་དུས་ཡུན་དེ་འདྲའི་རིང་པོར་ཆར་ཆུས་སྦངས་ལ་ཉི་མས་བསྐམས་ཀྱང་བཙའ་ཡི་དྲི་མ་ཙམ་ཡང་མེད་པར་ད་དུང་ཡང་སྣུམ་ཤིག་ཤིག་རེད།

ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼དང་པོ།༽

ཐང་སྟོང་རྒྱལ་པོའི་ལྕགས་ཐག་རྙིང་པ།

        དུང་དཀར་རིན་པོ་ཆེས་ཐང་སྟོང་རྒྱལ་པོས་འཛུགས་སྐྲུན་གནང་བའི་ལྕགས་ཟམ་དེ་རྣམས་བཟོ་དབྱིབས་ཀྱི་ཐད་ནས་བཤད་ན་དཔྱང་ཟམ་ཡིན་པ་དང་།དེ་ཡང་རིང་ཚད་དང་ཞེང་ཚད་སྣ་ཚོགས་པ་ཞིག་ཡོད་པ་ལས་རིང་བའི་ཚད་ལ་སྤྱི་ཁྲི་བརྒྱ་ལྷག་ཙམ་དང་ཐུང་བའི་གྲས་ལ་སྤྱི་ཁྲེ་ལྔ་བཅུ་ཙམ་དུ་ཡོད།ཞེང་ཚད་ལ་ལར་སྤྱི་ཁྲེ་གཉིས་ཙམ་དང་མང་ཆེ་བར་སྤྱི་ཁྲེ་གང་དང་སྤྱི་སྐར་ལྔ་བཅུའི་ཚད་དུ་ཡོད་པར་སྣང་།ཟམ་པ་རྒྱག་ཡུལ་གྱི་ས་བབ་དང་།གཙང་པོའི་ཞེང་ཚད།གཏིང་ཚད་སོགས་ལ་གཞིགས་ཏེ་མི་འདྲ་བའི་ཁྱད་པར་ཡོད་པ་ནི།གཙང་པོ་ཁ་ཞེང་ཆེ་ཡང་གཏིང་ཚད་ཧ་ཅང་ཟབ་མོ་མེད་ལ་འབབ་རྒྱུན་གཟར་ཚད་ཀྱང་ཆེན་པོ་མེད་པའི་རིགས་ལ་ཆུ་ཀླུང་གི་དབུས་སུ་ཟམ་འབུམ་བརྩིགས་ཡོད་པ་དང་།གཏིང་ཚད་ཟབ་ལ་ཆུ་འགྲིལ་ཆེ་ཞིང་འབབ་རྒྱུན་གཟར་པོའི་རིགས་ལ་ལྕགས་ཐག་ཡུག་གཅིག་གིས་སྦྲེལ་བ་དེ་ལ་ལྕགས་སྣེ་གཉིས་ཀ་ཟམ་རྔུར་བརྟེན་པའམ།གཞོགས་གཅིག་བྲག་རིར་རིང་ཚད་སྤྱི་ཁྲི་གཉིས་ཙམ་དང་སྦོམ་ཚད་སྤྱི་སྐར་དྲུག་ཙམ་ཡོད་པའི་ལྕགས་ཕུར་བཏབ་ནས་ལྕིད་ཚད་རྟེན་བྱེད་རྡོ་རྩིག་གི་སྟེགས་བུ་སྲ་བརྟན་བརྒྱབ་ཡོད།ལྟོ་བར་བུ་ག་ཕུག་པའི་རྡོ་སྒོར་མོ་བར་མཚམས་ངེས་ཅན་དང་བཅས་བསྟར་བུ་བསྒྲིགས་པར་ལྕགས་ཐག་བརྒྱུས་ཏེ་མཚམས་མཚམས་ལ་རྒྱབ་བཀག་ལྕགས་ཕུར་བཏབ་ནས་རྡོ་ཆེན་སྒོར་མོ་དེ་རྣམས་ཟམ་རྔུར་དང་ཟམ་འབུམ་གྱི་དཀྱིལ་དུ་བཙུད་དེ་གཡས་གཡོན་རྡོ་རྩིག་གིས་བསྡོམས་ནས་ལྗིད་ཚད་བརྟན་ཐུབ་པ་བཟོས་ཡོད།ཟམ་འབུམ་དང་ཟམ་རྔུར་གྱི་མདུན་ངོས་ལྕགས་ཐག་འགེལ་སར་གདུང་མ་འཕྲེད་དུ་བཀལ་ཡོད་པ་དེ་ལ་མི་སེར་ཚོས་གཉའ་ཤིང་ཞེས་འབོད་སྲོལ་འདུགལྕགས་ཐག་འཁྱོམ་པའི་སྐབས་བརྡར་ཤུགས་ཆེ་བས་རྡོ་ལ་མ་རེག་པར་གདུང་མ་དེ་དག་གིས་ལྕགས་ཐག་ལ་ཟོན་སྐྱོར་གྱི་ཕན་ཆ་ཡོད་ཅིང་།གདུང་མ་བརྡར་ཟད་དུ་གྱུར་བའི་ཚེ་གསར་དུ་བརྗེ་ཆོག

ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼དང་པོ།༽

ཐང་སྟོང་རྒྱལ་པོའི་ལྕགས་ཐག་རྙིང་པ།

        སོ་མའི་ཐག་པས་ལྕགས་ཐག་ཕན་ཚུན་སྦྲེལ་བའི་དྲ་མིག་གི་སྟེང་དུ་རྡོག་ཤིང་ཞེས་པ་པང་ལེབ་བཏིང་ནས་ཅི་བདེར་བགྲོད་ཆོག་པ་ཡོད།གཞན་ཡང་ལྕགས་ཐག་གཉིས་གཤིབ་དང་བཞི་སྦྲགས་སྣ་ཚོགས་ཡོད་པར་མ་ཟད།ལྕགས་ཐག་ཕྲ་སྦོམ་འདྲ་མིན་ཡོད་པ་ལས་འགྲུལ་བཞུད་ཆེ་ཞིང་ཟམ་ཐག་རིང་བའི་གྲས་ལ་བྱིས་པ་ལོ་བརྒྱད་ལོན་པའི་ལག་ངར་ཙམ་དང་།ཐུང་བའི་རིགས་ལ་དེ་ལས་ཅུང་ཟད་ཕྲ་བ་ཡོད།ལྕགས་གུག་རྐང་བུའི་འགྲིག་ཁ་མིག་བཙུམས་པ་ལྟར་མཐུད་ཀ་གང་ཡིན་མངོན་མི་ཐུབ་པར་མ་ཟད།ལྕགས་རྣམས་ཞུན་ཧ་ཅང་དག་པོ་ཡོད་པའི་ཐོག་ལུ་གུ་རྒྱུད་དུ་སྦྲེལ་བའི་ལྕགས་གུག་རྐང་བུ་སྟོང་ཕྲག་མང་པོ་ཀོང་གཅིག་ཏུ་བླུགས་པ་ལྟ་བུའི་བཟོ་བཀོད་གཅིག་མཚུངས་འཇམ་ཤ་དོད་པ་བཅས་འདུགལོ་ངོ་བརྒྱ་ཕྲག་མང་པོའི་རིང་ལ་ཆར་རྒྱུན་དྲག་པོའི་འོག་ཏུ་གནས་ཀྱང་བཙའ་མི་རྒྱག་པ་དང་ལྕགས་ཀྱི་རང་མདོག་མ་ཉམས་པར་ཡོད་པ་སོགས་ཁྱད་ཆོས་མང་པོ་མིག་ལམ་དུ་འདྲེན་རྒྱུ་ཡོད་ཅེས་གསུངས་པ་ལྟར་སྐབས་དེ་དུས་ཀྱི་བོད་ཀྱི་ལྕགས་མགར་གྱི་ལག་རྩལ་ནི་ཕུལ་དུ་བྱུང་ལ་གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་ཤེས་རབ་དང་དཀའ་སྤྱད་སྙིང་སྟོབས་ནི་འགྲན་ཟླ་བྲལ་བ་ཞིག་ཡིན་པ་གསལ་པོར་མཚོན།ཡིག་ཆ་ཞིག་ནང་ཐང་སྟོང་རྒྱལ་པོས་བཞེངས་པའི་ལྕགས་ཟམ་གྱི་ལྕགས་ཐག་ཐོག་རྡོ་རྗེ་རྒྱ་གྲམ་གྱི་རི་མོ་ཡོད་ཟེར་བ་ཞིག་མཐོང་མྱོང་ལ་གྲོང་མི་ཚོས་ཀྱང་ཡོད་ཤག་ཤག་རེད་ཅེས་ཟེར་བས་ཟམ་པའི་གཡས་གཡོན་དུ་ཇོ་དར་གྱིས་བཀབ་ནས་ཡོད་པའི་དེ་སྔོན་གྱི་ལྕགས་ཐག་རྙིང་པ་ལས་ཡང་ནས་ཡང་དུ་བཙལ་ཡང་།སྤྱིར་བཏང་གི་གཡང་དྲུང་དང་རྒྱ་གྲམ།ཉི་ཟླ་དང་མེ་ཏོག་འདྲ་བའི་རི་མོ་ལས་ཅི་ཡང་མ་མཐོང་།དེ་ཡང་རྡོ་རྗེ་རྒྱ་གྲམ་ནི་མི་འགྱུར་བརྟན་བརླིང་ཡོང་བའི་དོན་ཡིན་པས་ཟམ་པའི་ཐོག་ལ་ཡོད་སྲིད་ལ་ཉི་ཟླ་འདྲ་མོ་དང་གཡུང་དྲུང་གི་རི་མོ་ཡོད་པའང་དེ་ལྟ་བུའི་མཚོན་བྱེད་ཡིན་ངེས་མོད།དེ་མིན་གྱི་རྒྱ་གྲམ་དང་མེ་ཏོག་འདྲ་བའི་རི་མོ་ནི་མགར་པ་རྣམས་ཀྱི་རྟགས་ཡིན་ནམ་དེ་མིན་གྱི་མཚོན་བྱེད་ཡིན་ཤེས་མཁན་མི་འདུག་པས་ངས་ཀྱང་ཁ་ཚོན་གཅོད་ག་ན་ཕོད།གྲོང་མི་ཚོས་ཟེར་བ་ལྟར་ན་ལོ་རེར་ས་ཆ་སོ་སོ་ནས་ཟམ་པ་འདི་མཇལ་སར་ཡོང་མཁན་ཡང་ཡོད་པ་ནི་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་ལ་ཕྱིར་མི་ལྡོག་པའི་དད་པ་ཡོད་མཁན་ཚོ་ཡིན་ངེས། ལྕགས་ལུང་འགའ་ཤས་ཀྱི་དཀྱིལ་ནས་དྲས་ཏེ་ཁ་གདངས་ནས་ཡོད་པ་ནི་བོད་མི་རྣམས་ཀྱིས་མཆོད་རྟེན་ནང་གི་གཟུངས་གཞུག་དང་རྩིག་པ་ནང་གི་བྱིན་རྫས་སུ་ཁྱེར་བ་ཐག་ཆོད་མོད། ཡུལ་མི་ཚོས་གནས་ཚུལ་དེ་མི་ཤེས་ཞེས་གསང་བཞིན་འདུགགལ་སྲིད་མུ་མཐུད་ནས་སྒེར་ཆོས་ཀྱི་དོན་དུ་སྤྱི་ཆོས་བཤིག་ན་དུས་ནམ་ཞིག་ལ་ཐང་སྟོང་རྒྱལ་པོའི་ཤུལ་ཙམ་ཡང་ལུས་ཐབས་མེད་པས་ཕྱིའི་ཆར་པ་ལས་ནང་གི་ཐིགས་པ་སྡུག་ཅེས་པ་ནི་ཅིས་མི་བདེན།

 

ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼དང་པོ།༽

ལྕགས་ཐག་རྙིང་པ་ཐོག་གི་རི་མོ།

ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼དང་པོ།༽
ལྕགས་ཐག་རྙིང་པ་ཐོག་གི་རི་མོ།

ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼དང་པོ།༽

ལྕགས་ཐག་རྙིང་པ་ཐོག་གི་རི་མོ།

ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼དང་པོ།༽
ལྕགས་ཐག་རྙིང་པ་ཐོག་གི་རི་མོ།

ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼དང་པོ།༽ 

ལྕགས་ཐག་དྲས་ཤུལ།

        ཟམ་པའི་ཕར་རོལ་ལ་མུ་གུ་ཐང་ཟེར་བ་དེ་ན་ཚ་ཚ་ཁང་ཆེ་ཆུང་གཉིས་དང་རྡོ་འབུམ་ཞིག་འདུག མི་རྒན་ཚོས་གྲོང་པ་འདིའི་ཞབས་ལ་ལྕགས་མགར་གྲོང་ཟེར་བ་ཞིག་ཡོད་པ་དེ་ནི་ཐང་སྟོང་རྒྱལ་པོས་སྐབས་དེ་དུས་ལྕགས་མགར་ས་ཡིན་ལ།ཚ་ཚ་ཁང་དེ་གཉིས་ནང་དེ་སྔོན་ལག་པའི་མཐེ་བོང་ཙམ་གྱི་ཚ་ཚ་ཆུང་ངུ་མང་པོ་ཡོད་ཟེར།རྡོ་འབུམ་གྱི་འགྲམ་ལ་རྡོ་ལེབ་ཆེན་པོ་ཞིག་གི་ངོས་སུ་ཐང་སྟོང་རྒྱལ་པོའི་འདྲ་སྐུ་ཞིག་བརྐོས་འདུགརྡོ་འབུམ་གྱི་གཡོན་ལ་རྡོ་ཆེན་པོ་ཞིག་ཡོད་པ་དེའི་ངོས་ལ་ཐང་སྟོང་རྒྱལ་པོའི་མགར་ཆས་སྐམ་པ་དང་ཐོ་བ་བཞག་ས་རེད་ཅེས་རྗེས་ཤུལ་ཡང་མཐོང་ཐུབ།ལོ་ཉི་ཤུ་ལྷག་ཙམ་གྱི་སྔོན་ལ་སྐྱིད་ལེགས་སྤྲུལ་སྐུ་འདི་ན་ཕེབས་དུས་རྡོ་ཆེན་པོ་དེ་གྲམ་རྡོ་དང་ལྷན་དུ་ཡོད་པ་གཟིགས་ནས་སྐམ་ས་ལ་ལེན་དུ་བཅུག་པ་རེད་ཟེར།རྡོ་བརྐོས་ལས་ཐང་སྟོང་རྒྱལ་པོའི་དབུ་རལ་དང་ཞལ་སྤུ།སྨིན་མ་ཚང་མ་ནི་དཀར་སེང་སེང་དུ་མངོན་པ་ལ་བལྟས་ན་དམ་པ་ཁོང་མི་ཉག་ཕྱོགས་སུ་ཕེབས་དུས་དགུང་ལོ་བདུན་ཅུ་ལྷག་ལ་སོན་ཡོད་ཅེས་པའང་ར་འཕྲོད་འདུགང་རྡོ་བརྐོས་ཀྱི་འགྲམ་དུ་ལངས་ཏེ་གལ་སྲིད་སྐབས་དེ་དུས་ཀྱི་གནས་ཚུལ་རྣམས་ཡི་གེར་ཞིབ་ཕྲ་བཀོད་པ་ཞིག་ཡོད་ན་ཅི་མ་རུང་སྙམ་དུས་མི་ཉག་གླིང་ཆུ་ཁྲ་མོ་ནི་ཤང་ཤང་དུ་བཞུར་ཞིང་ལྕགས་ཐག་རྙིང་པ་རྣམས་ནི་ཇོ་དར་གྱི་ནང་ལ་རིག་མ་རིག་ཙམ་དུ་མཐོང་།གྲོང་མི་རྣམས་ཟམ་པའི་ཐོག་ལ་ཕར་འགྲོ་ཚུར་འོངས་བྱེད་བཞིན་སྣང་།དངོས་གནས།ཁོང་དང་ཁོང་ལྟ་བུའི་དམ་པ་རྣམས་ཀྱི་སྐུ་དྲིན་ལས་བོད་མི་ཚོ་ཕར་རོལ་དུ་སྒྲོལ་ཐུབ་ཀྱང་།ང་དང་ང་ལྟ་བུའི་བོད་མི་རྣམས་ཀྱི་རྐྱེན་ལས་ཁོང་རྣམ་པ་ལོ་རྒྱུས་ཀྱི་སྒོ་ཕག་ཏུ་ལྷག་སོང་།ཡིན་ན་ཡང་།ལྕགས་ཐག་རྙིང་པས་ཨུ་ཚུགས་ཀྱིས་ཟམ་པ་སྲུང་བཞིན་ཡོད་པ་ལྟར་མེས་པོ་ཚོའི་བྱིན་རླབས་དྲོན་མོ་ལ་ནམ་ཡང་ཡལ་རྒྱུ་མེད་པའི་ཡིད་ཆེས་ཡོད།

ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼དང་པོ།༽
ཐང་སྟོང་རྒྱལ་པོའི་འདྲ་སྐུ།

ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼དང་པོ།༽
ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼དང་པོ།༽

ཐང་སྟོང་རྒྱལ་པོའི་སྐམ་པ་དང་ཐོ་བ་བཞག་ཤུལ།

        དེ་རིང་ཐང་སྟོང་རྒྱལ་པོའི་རྟགས་མཚན་རྡོ་རྗེ་རྒྱ་གྲམ་ཇི་ལྟར་བཙལ་ཡང་མ་རྙེད་པ་ནི་ད་དུང་ལས་འབྲས་མ་སྨིན་པ་ཡིན་ངེས་པས་ང་རང་ལ་འགྱོད་པ་སྐྱེས་མི་སྲིད་དེ།ལས་འབྲས་སྨིན་པའི་ཉིན་དེ་ལ་སླར་ཡང་ཟམ་པ་འདི་མཇལ་བའི་སྨོན་ལམ་བཏབ་པ་ཡིན།

        བོད་ཀྱི་ལོ་རྒྱུས་ཐོག་སྙན་གྲགས་ཆེ་བའི་ཐང་སྟོང་རྒྱལ་པོ་ནི་སྤྱི་ལོ༡༣༦༡ལོར་དེང་སང་ལྟར་ན་ལྷ་སའི་ངམ་རིང་རྫོང་མདོ་སྤེལ་ཤང་གི་ཁོངས་སུ་རུས་མི་ཉག་ལས་ཆད་པ་ལྡོང་གི་རྒྱུད་པ་ཡབ་རྡོ་རྗེ་རྒྱལ་མཚན་དང་ཡུམ་རྒྱ་གར་ལྷ་མོ་གཉིས་ཀྱི་སྲས་སུ་འཁྲུངས།ཆུང་དུས་ནས་དགོན་པ་བྱང་སྡིངས་ནང་སློབ་གཉེར་མཛད་པ་དང་རབ་ཏུ་བྱུང་རྗེས་མུ་མཐུད་ནས་ཐུན་མོང་དང་ཐུན་མིན་གྱི་རིག་པའི་གནས་ལ་འབད་པ་མཛད་ཀྱིན་བལ་པོ་དང་རྒྱ་གར་གྱི་གདན་ས་མང་པོར་ཕེབས།ཐེངས་གཅིག་ལ་ལྷ་སར་ཕེབས་པའི་ལམ་བར་དུ་ལྷ་གདོང་ཤན་ཁར་གྲུ་དཔོན་ལ་གླ་ཆ་སྟེར་རྒྱུ་མེད་པས་དཀའ་ངལ་འཕྲད་པ་ནས་བཟུང་།ཉམ་ཐག་པའི་མི་མང་པོས་རང་དང་འདྲ་བའི་དཀའ་སྡུག་མྱོང་དགོས་པ་ལ་ཐུགས་ཀྱིས་མ་བཟོད་དེ་ལྕགས་ཟམ་འཛུགས་རྒྱུའི་དམ་བཅའ་བཞགདེ་ནས་ཀོང་པོ་སོགས་ས་ཆ་སོ་སོ་ལ་ལྕགས་སློང་དུ་ཕེབས་ཏེ་སྦྱིན་བདག་མང་པོས་གནང་བ་དང་རང་གིས་གཏེར་ལས་བཏོན་པའི་ལྕགས་རྣམས་མགར་ཏེ་ལྕགས་གུག་རྐང་བུ་དང་ལྕགས་ཕུར་མང་པོ་གྲ་སྒྲིག་བྱས་རྗེས་དགུང་ལོ་བདུན་ཅུའི་ཐོག་ལ་ལྷ་གདོང་ཤན་ཁར་ལྕགས་ཟམ་ལེགས་གྲུབ་བྱུང་།དེ་ནས་བཟུང་གྲུབ་ཐོབ་ལྕགས་ཟམ་པ་ཞེས་སྙན་གྲགས་ཁྱབ།ཡིག་ཆ་ནང་བཀོད་པ་ལྟར་ན།དམ་པ་ཁོང་གིས་འཛུགས་སྐྲུན་གནང་བའི་ལྕགས་ཟམ་ལ་ཁག་གསུམ་དབྱེ་ཆོག་སྟེ་ཐད་ཀར་ཇུས་འདོན་སྣེ་ཁྲིད་ཀྱིས་བསྐྲུན་པ་ལྷ་ས་སྐྱིད་ཆུའི་ལྕགས་ཟམ་ལྟ་བུ་དང་།ཇུས་འགོད་དང་གཞི་འདིང་བ།ལྕགས་ཐག་འཐེན་པ་སོགས་འགག་རྩའི་གནས་སྐབས་སུ་རང་ཉིད་སྐུ་དངོས་ཞུགས་ཤིང་།བར་གྱི་བྱ་བ་རྣམས་སློབ་མ་རྣམས་ལ་སྒྲུབ་ཏུ་བཅུག་པ་ཆུ་བོ་རིའི་ལྕགས་ཟམ་ལྟ་བུ།བུ་སློབ་རྣམས་མངགས་ནས་བསྐྲུན་པ་ཡར་ལུང་ཉ་མགོ་གྲུ་ཁའི་ལྕགས་ཟམ་ལྟ་བུའོ།།ཁོང་གིས་དབུས་གཙང་ཁམས་གསུམ་ལ་བཞེངས་པའི་ལྕགས་ཟམ༥༨དང་ཤིང་ཟམ༦༠ཡོད་ཅེས་གྲགས།ཟམ་པ་འཛུགས་པ་ལ་མཐུན་རྐྱེན་བསྒྲུབ་པའི་ཆེད་དུ་ལྷ་མོའི་ཟློས་གར་གསར་གཏོད་གནང་སྟེ་སློང་མོ་བྱས་པ་དེ་ལ་དེང་སང་ཨ་ཅེ་ལྷ་མོ་ཞེས་ཀུན་གྱི་ངག་ལ་རླུང་ལྟར་གྲགས།

ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼དང་པོ།༽

        ཐང་སྟོང་རྒྱལ་པོ་ཞེས་པ་ནི།།ཁྱབ་གདལ་ཆེན་པོའི་ཐང་ཆེན་ན།།སྟོང་ཉིད་རྟོགས་པའི་རྣལ་འབྱོར་པ།།འཇིག་རྟེན་རྒྱལ་པོ་ལྟ་བུར་བཞུགས།དེ་ཕྱིར་ཐང་སྟོང་རྒྱལ་པོ་ཐོབ།།ཅེས་པ་ལྟར་དམ་པ་ཁོང་ནི་གནས་མཆོག་ཀུན་ཏུ་རྒྱུ་བའི་རྣལ་འབྱོར་པ་ཞིག་ལགས་པས་མདོ་དབུས་ཁམས་གསུམ་བཅས་ས་ཆ་མང་པོར་ཕེབས་ཏེ་འགྲོ་དོན་མཛད་མྱོང་བར་གྲགས།འགྱུར་མེད་བདེ་ཆེན་གྱིས་བརྩམས་པའི་ཐང་རྒྱལ་རྣམ་ཐར་ནང་གསལ་བ་ལྟར་ན།ཐང་སྟོང་རྒྱལ་པོ་མདོ་ཁམས་ཀྱི་ཡུལ་ལ་བྱོན་ཏེ་རྫ་ཆུ་དང་འབྲི་ཆུ།ཉག་ཆུ་ལ་ལྕགས་ཟམ་བཙུགས་པ་དང་།ལི་ཐང་དང་སྡེ་དགེའི་ཕྱོགས་ལ་སྐུ་གསུང་ཐུགས་རྟེན་བཞེངས་པ་ལས་སྡེ་དགེ་ལྷུན་གྲུབ་སྟེང་གི་སྲིབ་དགོན་ཐང་སྟོང་ལྷ་ཁང་སྐབས་དེ་དུས་བཞེངས་པར་གྲགས།དེ་དུས་ཁོང་དགུང་ལོ་གྱ་དྲུག་ལ་སོན་པ་རེད་ཅེས་ཟེར།དེ་ནས་དར་རྩེ་མདོ་ལ་ཕེབས་དུས་མི་བཅུས་མི་གཅིག་རུབ་ནས་གསོད་རྩིས་བྱེད་པ་དང་འཕྲད།དམ་པ་ཁོང་གིས་རྫུ་འཕྲུལ་གྱིས་མི་བཅུ་པོའི་ལག་ནང་གི་མཚོན་ཆ་ཤོར་བར་བྱས་ཏེ་གསོད་ལ་རན་པའི་མི་དེའི་སྲོག་བསྐྱབས་པས་མི་རྣམས་ལ་དད་པ་སྐྱེས་ཏེ་དར་མདོ་ལ་ས་གཡོ་མི་ཡོང་བའི་རྟེན་འབྲེལ་མཛད་དགོས་ཞུས་པ་ལ་ཁོང་གིས་ས་གནས་འདིར་བྱང་ཆུབ་མཆོད་རྟེན་བཞེངས་པའི་ས་ཆོག་དང་ཞལ་བཀོད་མཛད་རྗེས་ཁོ་རང་རི་བོ་རྩེ་ལྔ་ལ་ཕེབས། རི་བོ་རྩེ་ལྔ་ལ་མཆོད་མཇལ་ཚར་རྗེས་ཕྱིར་དར་རྩེ་མདོ་ལ་ལོག་སྟེ་བྱང་ཆུབ་མཆོད་རྟེན་བཞེངས་གྲུབ་འདུག་པ་ལ་རབ་གནས་མཛད།མཆོད་རྟེན་དེ་ནི་ད་ལྟ་ཡང་མདོ་གྲོང་གི་དར་ཆུ་དང་རྩེ་ཆུ་གཉིས་འདུས་མཚམས་ལ་ཡོད། ཀུན་གྱིས་དབལ་གསས་སྐྱབས་པའི་མཆོད་རྟེན་ཞེས་འབོད། སྐབས་དེར་དར་རྩེ་མདོ་པ་ཚོས་གསེར་དངུལ་གྱི་འབུལ་བ་མང་པོ་ཕུལ།མི་ཉག་ཕྱོགས་ལ་ནོར་རྫས་མང་པོ་བརྐུས་པའི་རྐུན་མ་གསུམ་བདག་པོས་རྩད་ཆོད་དེ་སྲོག་ལ་ཐུག་གྲབས་བྱེད་སྐབས།རྐུན་མ་གསུམ་པོས་གྲུབ་ཐོབ་ཆེན་པོ་བཞུགས་ཕྱོགས་ཀྱི་རྩིག་པ་ལ་ཁ་སྦྱར་ནས་གསོལ་བ་བཏབ་པ་དམ་པ་ཁོང་གིས་མཁྱེན་པས་རྫུ་འཕྲུལ་གྱིས་རྐུན་མ་གསུམ་པོ་རང་གྲོལ་དུ་བྱུང་།དེ་ནས་མི་ཉག་གི་ཡུལ་མཁར་གླིང་དུ་ཕེབས།མི་ཉག་པ་མང་པོས་མདའ་རྩེ་སོགས་རྩེད་མོ་སྣ་ཚོགས་ཀྱིས་གྲུབ་ཐོབ་ལྕགས་ཟམ་པ་ཕེབས་བྱུང་ཞེས་དགའ་བསུ་ཚད་མེད་བྱས།ཡུལ་དེ་ནའང་རལ་གྲི་ལ་མདུད་པ་བརྒྱབ་པ་སོགས་གྲུབ་རྟགས་བསྟན་པ་དང་།འཐབ་རྩོད་མང་བའི་མི་ཉག་གི་ཡུལ་སྡེ་མང་པོའི་ནང་དམེའི་འཁྲུག་པ་ཞི་བར་མཛད།དེ་ནས་ཡར་ཁམས་རི་བོ་ཆེ་ལ་ཕེབས་པ་རེད།ཚུལ་དེ་ལ་བལྟས་ན།ཐང་སྟོང་རྒྱལ་པོ་ཁམས་མི་ཉག་ཕྱོགས་ལ་ངེས་པར་དུ་ཕེབས་མྱོང་ལ་ཕེབས་དུས་ཀྱང་དགུང་ལོ་བརྒྱད་ཅུ་ལྷག་ཙམ་ཡིན་དགོས་ཏེ།རྒྱུ་མཚན་ནི་དམ་པས་ལྷ་གདོང་ཤན་ཁར་ཐོག་མར་ལྕགས་ཟམ་བཞེངས་དུས་ནི་དགུང་ལོ་བདུན་ཅུ་ཡིན་ལ།ཁམས་སྡེ་གེར་ཕེབས་དུས་ནི་དགུང་ལོ་གྱ་དྲུག་ལ་སོན་ཞེས་ཟེར་སྲོལ་ཡོད་པས་སོ།དེས་ན་མི་ཉག་ལྕགས་ཟམ་ཁ་ལ་སྤྱི་ལོ༡༤༠༠ཡས་མས་ལ་བཞེངས་པ་རེད་ཅེས་པ་ནི་ནོར་ཏེ།འགྱུར་བདེ་ཆེན་གྱིས་རྣམ་ཐར་དུ་དམ་པ་འཁྲུངས་དུས་ནི་རབ་བྱུང་དྲུག་པའི་ལྕགས་མོ་གླང་གི་ལོ་སྟེ་སྤྱི་ལོ༡༣༦༡གསུངས་པ་ལྟར་ན་དགུང་ལོ༢༩ལ་མི་ཉག་ཏུ་ཕེབས་དགོས་པ་དང་།མཁས་པ་ལ་ལ་ཡིས་སྤྱི་ལོ༡༣༨༥ལོར་འཁྲུངས་པར་འདོད་པ་ལྟར་བརྩིས་ནའང་དུས་ཚོད་སྔ་ཕྱི་དང་མི་མཐུན་ནོ།། ལ་ལས་དགུང་ལོ་དེ་འདྲ་མཐོན་པོའི་དུས་སུ་གཞི་ནས་མི་ཉག་ཕྱོགས་སུ་ཕེབས་ཏེ་ཟམ་པ་བཙུགས་པར་དོགས་པ་ཟ་སྲིད་མོད།དམ་པ་ཁོང་ནི་གྲུབ་ཐོབ་ཆེན་པོ་ཞིག་ཡིན་པ་དང་དགུང་ལོ་བརྒྱ་དང་ཉེར་ལྔ་བར་དུ་བཞུགས་ཏེ་རབ་བྱུང་བརྒྱད་པའི་ཤིང་མོ་སྦྲུལ་ལོ༡༤༨༥ལ་ད་གཟོད་འདས་པས་དེ་ཡང་ཡོད་སྲིད་པ་ཞིག་རེད།རྣམ་ཐར་དེའི་ནང་ཐང་སྟོང་རྒྱལ་པོ་ཁམས་མི་ཉག་ཕྱོགས་སུ་ཕེབས་ཏེ་བོད་མི་རྣམས་ལ་ཆོས་འབྲེལ་མཛད་ཚུལ་ཙམ་ལས་ས་ཆ་གང་ལ་ཕེབས་ཚུལ་དང་ལྕགས་ཟམ་ཇི་ལྟར་འཛུགས་ཚུལ་བཤད་མེད་མོད།དམ་པ་ཞིག་གི་རྣམ་ཐར་ནང་སྤྱི་དང་བྱེ་དྲག་ཚང་མ་བྲིས་མི་སྲིད་པས་རྣམ་ཐར་ན་མེད་པས་མི་ཉག་ལྕགས་ཟམ་དེ་ཐང་སྟོང་རྒྱལ་པོས་བཙུགས་པ་མ་རེད་ཅེས་ཁ་ཚོན་གཅོད་མི་རུང་།དེ་མིན་མི་ཉག་ཕྱོགས་ཀྱི་དམངས་ཁྲོད་དུའང་ཐང་སྟོང་རྒྱལ་པོའི་སྐོར་གྱི་ངག་རྒྱུན་མང་པོ་ཡོད།

 ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼དང་པོ།༽
ཐང་རྒྱལ་ལྷ་ཁང་།

        དར་མདོ་རྫོང་གངས་དཀར་རི་བོ་ཤང་གི་སོག་པོ་གྲོང་པར་ཐང་རྒྱལ་ལྷ་ཁང་ཞེས་པ་ཞིག་ཡོད་ལ་དེ་ནི་གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་འདྲ་སྐུ་བཞེངས་ཡོད་པའི་ལྷ་ཁང་ཞིག་རེད།བཤད་སྲོལ་དུ་ཐང་སྟོང་རྒྱལ་པོ་ས་ཆ་དེ་གར་ཕེབས་ནས་བདེ་ལྔ་ཚང་ཞེས་པའི་དུད་ཁར་རྫི་བོ་བྱས་མྱོང་།རྣམ་ཐར་ནང་ཐང་སྟོང་རྒྱལ་པོ་ཆུང་དུས་ལོ་འགའ་རེ་རྫི་བོ་མཛད་པས་ཕྱུགས་གཞན་དང་འདྲེས་ཀྱང་།རྡེའུ་དཀར་ནག་ལ་རྟེན་འབྲེལ་མཛད་པ་དང་གཞི་བདག་ལ་བཀའ་བསྒོ་མཛད་པས་གཞན་དང་མི་འདྲེས་ཤིང་སྤྱང་ཀི་སོགས་གཅན་གཟན་གྱི་གནོད་པ་མེད་པར་ཕྱུགས་ཤིན་ཏུ་དར་བར་བྱུང་ངོ་ཞེས་པ་ལྟར་སོག་པོ་གྲོང་ན་བདེ་ལྔ་ཚང་ལ་རྫི་བོ་བྱེད་པའི་རིང་ལ་རྡེའུ་དཀར་ནག་གི་ཐོག་ནས་ནོར་ལུག་རྣམས་སྔ་མོར་རི་ལ་དེད་ཅིང་ཕྱི་དྲོར་ཕྱིར་ལོག་པ་དང་སེམས་ཅན་དུད་འགྲོ་རྣམས་ལ་སྨྱུང་གནས་བཞག་བཅུག་པ་སོགས་གྲུབ་རྟགས་སྣ་ཚོགས་བསྟན་པས་ས་དེ་གའི་མི་སེར་རྣམས་ཧ་ལས་པར་གྱུར་ཏེ་དད་པ་བྱས་པ་རེད་ཅེས་པ་དང་།ཉིན་ཞིག་ལ་ཐང་སྟོང་རྒྱལ་པོ་ཡུལ་དེ་དང་གྱེས་ཏེ་ས་ཆ་གཞན་དག་ལ་ཕེབས་གྲབས་མཛད་དུས་ཡུལ་མི་རྣམས་ཀྱིས་བྲལ་མ་ཕོད་པར་སེམས་པ་ཧ་ཅང་གདུང་གདུང་བྱས།དེ་ནས་ཐང་སྟོང་རྒྱལ་པོ་ཡིས་ལམ་སང་སྟོན་རྒྱབ་ཀྱི་ཞིང་ནང་གི་འདམ་པ་དང་སོག་མ་ལྷན་བསྲེས་ཀྱིས་རང་གི་འདྲ་སྐུ་ཞིག་བཞེངས་ནས་མི་སེར་རྣམས་ལ་དྲན་རྟེན་དུ་བཞག་པ་དང་།ཡུལ་མི་རྣམས་ཀྱིས་ལྷ་ཁང་ཞིག་བཞེངས་ཏེ་འདྲ་སྐུ་དེ་དེའི་ནང་བཞག་ནས་ཐང་རྒྱལ་ལྷ་ཁང་ཞེས་འབོད་པར་གྲགས།ལྷ་ཁང་དེ་སྔོན་མར་ཇག་པ་རྣམས་ཀྱིས་མེ་ལ་བསྲེགས་ཀྱང་སྡེ་དཔོན་དང་དད་ལྡན་སྐྱ་སེར་རྣམས་ཀྱིས་ཡང་ལས་བྱས་ཡོད་ལ་ངོ་རྒོལ་བཞིའི་དུས་སུའང་བར་ཆད་ཕོག་མྱོང་།ད་ལྟར་མཇལ་དུ་ཡོད་པ་ནི་ཨ་མྱེ་རྡོ་རྗེ་ཞེས་པ་ཡིས་སྔོན་མའི་ཤུལ་དུ་བཞེངས་པ་དེ་རེད་འདུག དེ་མིན་གྲོང་པ་དེའི་སོག་པོ་ལུང་པ་ཞེས་པ་ནང་རྡོ་ཕ་བོང་ཞིག་ལ་ཨ་ལུང་ཞིག་ཡོད་པ་དེ་ནི་ཐང་སྟོང་རྒྱལ་པོའི་ཆིབས་རྟ་འདོགས་ས་རེད་ཅེས་ལོ་སར་ཚེས་གསུམ་ཉིན་ཕོ་སར་ཚོས་རྟ་ཁྲིད་དེ་མཇལ་རྗེས་རྟའི་ཟེ་བ་དང་རྔ་མ་ལས་སྤུ་ཉག་མ་འགའ་བཅད་དེ་རྡོ་ཕ་བོང་ལ་བཏགས་ནས་གཡང་འཁོར་བའི་རྟེན་འབྲེལ་རྩི་བའི་ལུགས་སྲོལ་ཡོད་པ་དང་།གནས་ཆེན་འབོ་གངས་དཀར་ཕྱོགས་སུ་འགྲོ་བའི་ལུང་པའི་ཁ་ལ་ཐང་སྟོང་རྒྱལ་པོའི་རྩ་རླུང་སྦྱོང་ས་རེད་ཅེས་སེར་སྐྱ་རྣམས་ཀྱིས་མཆོད་འབུལ་བྱེད་ས་དང་།དགོན་པའི་ཐོག་ལ་གངས་དཀར་གཡུ་ཡི་སྒྲོལ་མའི་སྒྲུབ་ཕུག་ཡོད་སར་ཐང་སྟོང་རྒྱལ་པོའི་ཕྱག་མཚན་གྱི་ཤུལ།དགོན་པའི་ཞབས་གནས་ཆུ་ཁར་འགྲོ་སའི་ལམ་འགྲམ་གྱི་རྡོ་ཕ་བོང་ཞིག་གི་ཐོག་ལ་ཐང་སྟོང་རྒྱལ་པོའི་གསང་རྡོར་གྱི་རྗེས་སོགས་མཇལ་རྒྱུ་འདུག

 ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼དང་པོ།༽
ཐང་སྟོང་རྒྱལ་པོའི་འཁྲུལ་འཁོར་ཡོད་ས།

 

ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼དང་པོ།༽

        གནའ་ནས་ད་བར་མི་ཉག་ཡུལ་ལ་སྐྱེས་ཆེན་དམ་པ་གང་མང་བྱོན་མྱོང་བ་ལས་ཐང་སྟོང་རྒྱལ་པོ་ཞེས་རྒན་གཞོན་དར་གསུམ་གྱི་ཁ་ན་རླུང་ལྟར་གྲག་པ་ནི་ཁོང་གིས་འགྲོ་བ་མི་རྣམས་ཀྱི་དོན་དུ་རྣལ་འབྱོར་ཆེན་པོའི་ཚུལ་གྱིས་གང་སར་ཕེབས་ཏེ་ཟམ་པ་བཞེངས་པ་དང་།རྫུ་འཕྲུལ་ཆེན་པོས་མ་རུང་དམུ་རྒོད་འདུལ་བ་བཅས་ཀྱི་མཛད་འཕྲིན་ཆེ་བས་ཡིན་ངེས་ཏེ།ང་རང་ཆུང་དུས་སུ་ཕ་མའི་ཞལ་ལས་དུས་རྒྱུན་ཐོས་པ་ནི་ཐང་སྟོང་རྒྱལ་པོ་ཞེས་པའི་མཚན་དེ་ཡིན་ལ།རྗེས་སུ་ཁོང་གི་རྣམ་ཐར་མཇལ་བ་དང་།ཐེངས་འདིར་ཤར་མི་ཉག་ལུང་རིང་ལ་སྐྱོད་པའི་དུས་སུ་དམ་པ་ཁོང་གི་རྗེས་ཤུལ་མང་པོ་མཇལ་བས་འཇིག་རྟེན་འཁོར་བར་སུས་ཀྱང་བརྗོད་དུ་མེད་པའི་ལས་འབྲེལ་ཞིག་ཡོད་པ་ལ་རྗེས་སུ་ཡི་རང་ངོ།།

 མི་ཉག་མཁར་རྫོང་དང་རྗེས་ཤུལ།

 ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼དང་པོ།༽
རི་མུ་ལྟག་ན་ཡོད་པའི་མཁར་རྫོང་།

        ཐང་སྟོང་རྒྱལ་པོ་དར་མདོ་ནས་མི་ཉག་ལ་ཕེབས་ཚུལ་བྲིས་པ་ནང་མི་ཉག་གི་ཡུལ་མཁར་གླིང་དུ་ཕེབས་ཞེས་པ་ལྟར་ན་སྐབས་དེ་དུས་ཤར་མི་ཉག་རིང་མོར་མཁར་རྫོང་ཧ་ཅང་མང་པོ་ཡོད་ངེས་ཀྱང་།ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་རང་བྱུང་གི་གནོད་འཚེ་ཐེབས་པ་དང་མི་ཡིས་གཏོར་བཤིག་བཏང་བས་དེང་སང་ཝ་ཁྲལ་ཤང་གི་ཨ་ཉག་གྲོང་དང།བོན་པོ་གཤིས་ཤང་གི་ཤིང་ཟམ་ཁ།རི་ཐོག རི་མུ་ལྟག ཟམ་པ་ཁ།གུ་ལི་སྟེང་གི་ལུང་པ།ས་བདེ་གྲོང་རྡལ་གྱི་ལ་ཧ་བཅས་ན་མཁར་རྫོང་ཆ་ཚང་བའམ་ཞིག་རོ་ཉུང་ངུ་ཙམ་ལས་མཐོང་རྒྱུ་མི་འདུགཡུལ་མི་ཚོས་དེ་སྔོན་ལ་ཧ་གྲོང་པའི་ཕྱོགས་བཞིའི་མཐོ་ས་ན་མཁར་རྫོང་རེ་ཡོད་ཀྱང་དེ་རྗེས་བཤིགས་ནས་རྡོ་ཡིས་ཁང་པ་ལས་པ་རེད་ཟེར།གངས་དཀར་རི་བོ་ཤང་གི་ཁོངས་སུ་ལོ་ངོ་ཉི་ཤུ་ཙམ་གྱི་སྔོན་ལ་མཁར་རྫོང་མཐོང་རྒྱུ་ཡོད་ཟེར་བ་ཙམ་ལས་དེང་སང་ཤུལ་ཙམ་ཡང་མི་སྣང་།འབྲེལ་ཡོད་ཡིག་ཆ་ནང་ངོ་སྤྲོད་བྱས་པ་ལྟར་ན། ཁམས་མི་ཉག་ཡུལ་ལ་ཡོད་པའི་མཁར་རྫོང་ནི་ཡོན་རྒྱལ་རབས་དང་ཆིང་རྒྱལ་རབས་བར་གྱི་ཡིན་ལ།དང་ཐོག་ནི་ཕྱི་རོལ་གྱི་དགྲ་བོ་འགོག་པའི་ཆེད་དུ་བཞེངས་པ་ཡིན་ཏེ།གླིང་ཆུ་ནི་གྱ་གྱུའི་འགྲོས་ཀྱིས་བཞུར་ལ་རི་བོ་མཐོན་པོས་མིག་བསྒྲིབས་ཏེ་ཐག་རིང་པོ་མཐོང་མི་ཐུབ་ཀྱང་མཁར་རྫོང་མཐོན་པོ་ཕན་ཚུན་བར་མཐོང་ཐུབ་པས་མཁར་རྫོང་གཅིག་གི་ཐོག་ལ་དུ་བ་འཕྱུར་དུས་དེའི་རྗེས་སུ་གནས་པའི་མཁར་རྫོང་ཐོག་མེ་བསྒྲོན་ཏེ་བརྡ་བསྟན་རེས་བྱས།ཆིང་རྒྱལ་རབས་ཀྱི་རྗེས་སུ་མེ་སྒྱོགས་སོགས་བེད་སྤྱོད་པའི་དབང་གིས་མཁར་རྫོང་བཞེངས་པའི་སྲོལ་ཉམས་ཏེ་ཉུང་ངུ་ཞིག་ལོ་རྒྱུས་ཀྱི་རྗེས་ཤུལ་དུ་ལྷག་པ་རེད།ཁམས་མི་ཉག་གི་མཁར་རྫོང་ནི་ས་དེ་གའི་རྡོ་དང་རྡོ་ལེབ།འདམ་པ་བཅས་ལས་བརྩིགས་ཏེ་ཕྱི་ནས་བརྗིད་ཉམས་ལྡན་པ་དང་དབྱིབས་ལ་ཟུར་བཞི་དང་ཟུར་ལྔ།ཟུར་བརྒྱད་ཅན་མང་ཞིང་རྩིག་རྨང་ལ་སྨི་གྲུ་བཞི༢༠ནས༣༠བར་དང་མཐོ་ཚད་ལ་སྨི༡༠ནས༦༠ཙམ་ཡོད།ནང་རོལ་དུ་རྩེག༤ནས༥ཡོད་ལ་རྩེག་རེ་རེའི་ནང་ལ་བོའུ་དང་མདའ་རྒྱག་སའི་ཁུང་བུ་ཡོད།མཁར་རྫོང་དང་གྲོང་སྡེ་གཉིས་གཅིག་ལ་གཅིག་བརྟེན་གྱི་ཚུལ་དུ་གནས་པས་ལྟ་བས་མི་ངོམ་པའི་ཉམས་ཤིག་འབུར་དུ་ཐོན་འདུག་པ་ནི་བོད་མི་དམངས་རྣམས་ཀྱིས་མཐོ་སྒང་གི་ཁོར་ཡུག་དང་བསྟུན་ནས་གདོད་མའི་རྒྱུ་ཆ་སྤྱད་དེ་རང་ལ་གོ་ཆོད་ཅིང་གཞན་ལ་ངོམ་ཆོག་པའི་བཟོ་རྩལ་ཁྱད་དུ་འཕགས་པ་ཞིག་བསྐྲུན་པའི་རྟགས་དང་།ཡུན་རིང་པོའི་ལོ་རྒྱུས་ནང་ལ་ས་འགུལ་བཅས་ཀྱིས་མ་གནོད་པར་བརྟན་བརླིང་ངང་གནས་ཐུབ་པ་ནི་མེས་པོ་རྣམས་ཀྱི་བློ་གྲོས་ཀྱི་སྙིང་བཅུད་དང་ངོ་མཚར་ཡིད་ལས་འདས་པའི་བཟོ་རྩལ་གྱི་གཟི་བརྗིད་ཅིག་ཀྱང་རེད།

 ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼དང་པོ།༽
མཁར་རྫོང་གི་རྩིག་ངོས་སུ་ཡོད་པའི་རྡོ་དཀར།

 

ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼དང་པོ།༽

མཁར་རྫོང་གི་རྩིག་རྡོ།

ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼དང་པོ།༽

 མཁར་རྫོང་གི་རྩིག་ངོས།

        ད་ལྟར་ཤར་མི་ཉག་རིང་མོའི་ལུང་པར་སྐད་གྲགས་ཆེ་ཤོས་ནི་བོན་པོ་གཤིས་རི་མུ་ལྟག་ན་ཡོད་པའི་མཁར་རྗོང་གཉིས་གཤིབ་ཅན་དེ་རེད།མཁར་དེ་གཉིས་ཀྱི་འོག་གི་ཚངས་ཐིག་ལ་སྨི༡༡ཙམ་དང་མཐོ་ཚད་ལ་སྨི༣༠ཙམ་ཡོད།ཟུར་བརྒྱད་ཀྱི་ངོས་བཅུ་དྲུག་གི་ཞེང་ཚད་བར་ཧེ་བག་ཆེན་པོ་མེད་པ་དང་།མཁར་རྫོང་གི་རྩིག་རྨང་ནི་རྡོ་ཆེན་པོ་མང་པོས་བརྩིགས་པས་བརྟན་ཞིང་བརླིང་བ་ཞིག་རེད།ཕྱི་རྒྱལ་གྱི་ཆེད་མཁས་པ་ཞིག་གིས་ལོ་ངོ༡༢༠༠ཡས་མས་ལ་བཞེངས་པའི་མཁར་རྫོང་འདི་གཉིས་ནི་སྤྱི་ལོ༡༩༩༧ལོར་ཨ་ཀེན་ཐིན་གྱི་བཟོ་སྐྲུན་པ་ཞིག་གིས་ཇུས་འགོད་བྱས་པའི་མ་ལེ་ཞི་ཡ་ཡི་རྒྱལ་ས་ཅི་ལུང་ཕོ་ན་ཡོད་པའི་མཁར་ཟུང་དང་ཧ་ཅང་འདྲ་མོ་འདུག་ཟེར།རྒྱལ་རོང་དང་འདྲ་པ་ཕྱོགས་ཀྱི་མཁར་རྫོང་དང་ཁང་པ་ལ་རྡོ་དཀར་ཡོད་པ་ལྟར་མཁར་རྫོང་འདི་གཉིས་ཀྱི་རྩིག་ངོས་སུའང་རྡོ་དཀར་ཡོད་པས་མ་ཚད་ཐོག་ལ་ཡོད་པའི་མཁར་རྫོང་གི་རྩིག་ངོས་སུ་རྡོ་དཀར་ཆུང་ངུ་ཡིས་སྐར་མ་སྨིན་དྲུག་དང་འདྲ་བའི་རི་མོ་ཞིག་ཀྱང་བཀོད་འདུགས་དེ་གའི་མི་རྣམས་ཀྱིས་མཁར་རྫོང་གཉིས་གཤིབ་དེ་ལས་འོག་ཏུ་གནས་པ་དེར་དཔའ་མོའི་མཁར་དང་ཐོག་ལ་གནས་པ་དེར་དཔའ་བོའི་མཁར་ཞེས་ཀྱང་འབོད་སྲོལ་སྣང་།རྒན་པོ་ཞིག་གིས་མཁར་རྫོང་འདི་གཉིས་སྔོན་མར་ད་ལྟ་ལས་ཅུང་མཐོ་ལ་ཟུར་བཞི་རྩེ་མོ་ཅན་ཞིག་ཡིན་ཡང་ཆར་ཆུ་འགོག་པའི་ཆེད་དུ་ཐོག་ལ་བད་ཀ་བརྩིགས་ཏེ་ད་ལྟའི་རྣམ་པ་འདི་ཆགས་པ་རེད་ཟེར།

        མཁར་རྫོང་དེ་གཉིས་ཀྱི་ལྟག་ཕྱོགས་སུ་སྤྲུལ་པ་ལྷ་ཁང་ཞེས་ལྷ་ཁང་རྙིང་པ་ཞིག་གི་འགྲམ་ལའང་ཟུར་བརྒྱད་ཅན་གྱི་མཁར་རྫོང་ཞིག་འདུགལྷ་ཁང་སྲུང་མཁན་ཨ་ཁུ་ཚེ་རིང་དོན་གྲུབ་ཀྱིས་གནའ་སྔོན་མར་རྒྱུ་ཡོད་དབང་ཡོད་ཚོས་ལོ་ཆུང་དུས་སྟོབས་ཤུགས་ལ་བརྟེན་ནས་མི་རྣམས་ལ་ཐུབ་ཚོད་དང་ཁྱད་གསོད་བྱས་ཀྱང་ལོ་རྒས་དུས་གཞན་གྱིས་འཁོན་ལན་བསློག་པར་འཛེམས་ཏེ་མཁར་རྫོང་བརྟན་པོ་འདི་འདྲ་བའི་ནང་དུ་སྡོད་སྲོལ་ཡོད་པ་རེད་ཅེས་སྔོན་ཐོས་མ་མྱོང་བའི་ངག་རྒྱུན་ཞིག་བཤད་བྱུང་མོད།དོན་དུ་དེའང་མཁར་རྫོང་གི་དགྲ་བོ་འགོག་ལ་རང་ཉིད་སྲུང་བའི་ནུས་པ་བསྟན་པ་ལས་མ་འདས།ཐག་རིང་ནས་བལྟས་ན་མཁར་རྫོང་འདི་དེ་འདྲ་རྔམ་བརྗིད་ལྡན་པ་ཞིག་མི་མཐོང་མོད།ཟུར་དུ་བཅར་ནས་བལྟས་དུས་རྩིག་གདོང་འབུར་དུ་དོད་ལ་རྩིག་ངོས་རྒྱ་ཆེ་ལ་ཟིལ་ཤུགས་དང་ལྡན་པས་རང་དབང་མེད་པར་ཧ་ལས་དགོས་པ་ཞིག་རེད།རྩིག་ངོས་སུ་ཤིང་ལེབ་ཕྲེང་གཅིག་ཏུ་བསྒྲིགས་པ་འགའ་མཐོང་རྒྱུ་ཡོད་པ་དེ་ནི།རྩིག་རྡོ་བར་ཤིང་ལེབ་ཕན་ཚུན་བསྣོལ་ནས་བཞག་ན་རྩིག་པ་བརྟན་པོ་ཡོང་བས་རེད་ཟེར།ཁྱད་པར་རྩིག་ངོས་གཉིས་མཐུད་མཚམས་ཀྱི་ཟུར་ལ་རྡོ་གུག་གུག་གོ་གཉིས་ཆོད་ཅན་འགའ་རེ་ཡོད་པ་དེས་མཁར་རྫོང་གི་ཟུར་སོ་སོ་ཕན་ཚུན་དམ་པོར་སྦྲེལ་བར་ཕན་ནུས་ཆེན་པོ་ཐོགས་པས་གནའ་མི་ཚོས་མཁར་རྫོང་གི་འཛུགས་སྐྲུན་ལ་དང་དོད་བྱས་པའི་ཤེས་རབ་མཚོན།དེས་མ་ཚད་གྲོང་པའི་སྟོད་ལ་མཁར་རྫོང་ཞིག་རོ་རྩེག་གཅིག་ཙམ་ཞིག་འདུག ཨ་ནེ་ལོ་བདུན་ཅུ་ཙམ་ཞིག་གིས་ཁོ་རང་ཆུང་དུས་ནས་འདི་ལྟར་ཙམ་ལས་མེད།ལ་ལས་འདི་ཞིག་པ་མ་རེད།ཐོག་མར་བཞེངས་དུས་བར་ཆད་ཕོག་སྟེ་བཞེངས་འཕྲོར་ལྷག་པ་རེད་ཅེས་ཟེར་སྲོལ་འདུགདེའི་འོག་ལ་མཁར་རྫོང་ཟུར་བཞི་ཅན་ཞིག་ཡོད་མྱོང་ཡང་དུད་ཁ་ཞིག་གིས་བཤིགས་ཏེ་ཁང་པ་ལས་པ་རེད་ཟེར། 

ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼དང་པོ།༽

རི་མུ་ལྟག་ལ་ཡོད་པའི་མཁར་ཤུལ་རྙིང་པ།

        ཡོངས་གྲགས་སུ་མཁར་རྫོང་གི་གྲུབ་ཚུལ་དང་བྱེད་ནུས།བཟོ་དབྱིབས་བཅས་ཕྱོགས་གསུམ་ནས་བལྟས་ན།རྩིག་རྡོ་མེད་ཀྱང་ས་འདམ་མང་ས་ན་གྱང་བརྡུངས་ནས་བཞེངས་པ་དང་།རྩིག་རྡོ་མང་ས་ན་རྡོ་ཡིས་བརྩིགས་པ་བཅས་ནི་ས་གནས་སོ་སོའི་རང་བྱུང་གི་རྒྱུ་ཆ་ལ་བརྟེན་དགོས་ལ།བྱེད་ནུས་ཀྱི་ཐད་ནས་བཤད་ན་གྲོང་པའི་ཕྱོགས་བཞིར་བཞེངས་པ་ནི་ཐུན་མོང་གི་དགྲ་བོ་འགོག་པ་དང་།གྲོང་པའི་མཐོ་སར་བཞེངས་པ་ནི་སོ་རྒྱག་ས་ཡིན་ལ།མཁར་རྫོང་དང་སྡོད་ཁང་གཉིས་ལྷན་དུ་སྦྲེལ་བ་ནི་ཁྱིམ་ཚང་གི་སྟོབས་ཤུགས་ངོམ་པ་དང་སྒེར་དགྲ་འགོག་པའི་ཆེད་དུ་རེད།ངས་དེ་དག་ལ་རིམ་བཞིན་དུ་གྲོང་མཁར་དང་སོ་མཁར།ཁྱིམ་མཁར་ཞེས་མིང་བཏགས་པ་ཡིན།ཤར་མི་ཉག་རིང་མོའི་ལུང་པ་ལ་བལྟས་ན་མཁར་རྣམ་པ་གསུམ་དེ་ཚང་འདུག

        རྒྱ་ནག་གི་རྩོམ་པ་པོ་གྲགས་ཅན་ཡུས་ཆིའུ་ཡུས་ཀྱིས་གྱང་རོ་ནི་འཛུགས་སྐྲུན་གྱི་སྟོན་ལོ་སེར་པོ་ལྟ་བུ་ཡིན་ཞེས་པ་ལྟར་རྗེས་ཤུལ་ནི་གནའ་མི་ཚོའི་གོམ་སྟབས་ཀྱི་རི་མོ་ཡིན་པས།ང་མཁར་རྫོང་དེ་དག་གི་འགྲམ་དུ་ལངས་ནས་ལྟ་དུས་མཁར་རྫོང་གི་རྩིག་སྲུབས་ལས་མིག་མང་པོས་ཕྱི་ལྟ་བྱེད་བཞིན་ཡོད་པ་ཚོར་ལ་གཏམ་རྒྱུད་མང་པོའི་མཐུད་མཚམས་ལྷག་ཡོད་པའི་སྣང་བ་ཞིག་འགོག་མེད་དུ་སྐྱེས།མི་མང་པོས་ད་ལྟ་ཞི་བདེའི་དུས་སུ་མཁར་རྫོང་དེ་དག་དགོས་མཁོ་མེད་པས་རིན་ཐང་ཅི་ཡང་མི་འདུག་བསམས་ཏེ་སྲུང་སྐྱོབ་མ་ཟེར།དེ་དག་གི་ཚེ་བསྟུང་བའི་བྱ་སྤྱོད་ངན་པའང་བསྒྲུབས་དང་སྒྲུབ་ཀྱིན་ཡོད་མོད།འཇིག་རྟེན་འདིར་རིག་གནས་ཤིག་གི་རྟགས་མཚན་ཡིན་ན།ཕྱི་རུ་ཕན་མི་ཐོགས་པ་ལྟར་སྣང་ཡང་།དོན་དུ་ས་གཞི་ལ་བརླན་ཡོད་ན་སྐྱེས་དངོས་ལ་ཕན་ཐོགས་པ་ལྟ་བུའི་ནུས་པ་ལྐོག་ནས་འདོན་བཞིན་ཡོད་པ་གཏན་འཁེལ་རེད།

ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼དང་པོ།༽

ས་བདེ་འབུམ་དབང་གྲོང་པ་ལ་ཡོད་པའི་མཁར་རྫོང་།

         རི་མུ་ལྟག་ལས་བྲལ་ཏེ་མི་ཉག་གླིང་ཆུ་ཁྲ་མོའི་འགྲམ་ལ་བབ་དུས།ཉི་མས་ལ་མོ་བརྒྱབ་སྟེ་གྲིབ་མ་གྲོང་པ་འདིའི་མཁར་རྫོང་ལ་ཕོག་པས་དམུ་ཐག་རིང་པོ་ཞིག་གིས་ནམ་མཁའ་དང་ཡུལ་གྲོང་ལྷན་དུ་སྦྲེལ་པ་ལྟར་དུ་ཆགས།གལ་སྲིད་གྲོང་པ་འདི་ལ་མཁར་རྫོང་འདི་ཚོ་མེད་ན་ཟླ་བ་མེད་པའི་ནམ་མཁའ་དང་མར་རྒྱན་མེད་པའི་གཏོར་མ་དང་མཚུངས་སྲིད་པས་གནའ་མི་ཚོའི་རྗེས་ཤུལ་སྲུང་འཛིན་བྱེད་བཞིན་པའི་ཡུལ་མི་ཚོ་ལ་ཅིས་ཀྱང་གུས་འདུད་ཞུ་དགོས།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1