༄༅།། ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། (གཉིས་པ།)

གངས་དབང་། རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 03-01


ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གཉིས་པ།༽


ཀ  མི་ཉག་བོད་ཁང་དང་ཁང་རྙིང་། 

        སྡོད་ཁང་ལས་མི་རིགས་ཤིག་གི་ཆོས་ལུགས་དད་མོས་དང་། བསམ་བློའི་འདུ་ཤེས།བཟོ་སྐྲུན་ལག་རྩལ།མཛེས་དཔྱོད་ལྟ་བ་བཅས་མཚོན། ཁམས་ཕྱོགས་སུ་ཡུལ་བབ་ཀྱི་གནམ་གཤིས་དང་རང་བྱུང་རྒྱུ་ཆ་སོགས་མི་འདྲ་བར་གཞིགས་ཏེ་རྡོ་ཁང་དང་བང་ཁང་། གྱང་ཁང་བཅས་ཡོད།དེ་ལས་ཤར་མི་ཉག་རིང་མོའི་ལུང་པ་ནི་རྡོ་ཁང་དང་བང་ཁང་གཉིས་ཀྱིས་གཙོ་བར་བཟུང་ཡོད་ལ་ཐེངས་འདིར་འགྲོ་ས་ན་རྡོ་ཁང་རྐྱང་རྐྱང་རེད། དེ་ཡང་བོན་གྱི་ཡིག་ཆ་ནང་ལས་གསལ་བ་ལྟར་མཁས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱིས་བོད་དུ་འཛུགས་སྐྲུན་གྱི་ཕྱོགས་ཆ་ནི་གོ་རིམ་གཉིས་བརྒྱུད་ནས་ཐག་གཅོད་བྱེད་པ་ཡིན་དེ། དེ་ཡང་གཅིག་ནི་མདའ་འཕེན་ནས་འཛུགས་སྐྲུན་ཕྱོགས་ཆའི་གཞི་ཁྱོན་ཐག་གཅོད་བྱེད་པ་དང་། ཅིག་ཤོས་ནི་མདའ་ལྷུང་སའི་རྩ་བའི་ཁ་ཕྱོགས་བཞི་ལ་བརྟོད་ཕུར་འཛུགས་པ་བཅས་ཡིན། དེ་ལྟ་བུའི་ལུགས་སྲོལ་ནི་དུས་རབས་བརྒྱད་པའི་ནང་བསམ་ཡས་གཙུག་ལག་ཁང་བཞེངས་སྐབས་ལག་བསྟར་བྱས་པའི་ལམ་སྲོལ་དག་མ་ཉམས་པར་རྒྱུན་འཛིན་བྱས་ཡོད་པའི་སྣང་ཚུལ་ཞིག་ལགས་ཞེས་པ་དང་། བོད་དུ་འཛུགས་སྐྲུན་གྱི་ཕྱོགས་ཆའི་བྱ་བ་ཞིག་ཇུས་བཀོད་བྱ་རྒྱུ་དེ་དང་བོད་མིས་འཇིག་རྟེན་ཆགས་ཚུལ་སྐོར་ལ་འཛིན་པའི་ལྟ་ཚུལ་དང་ཆོས་ལུགས་ཀྱི་དད་མོས་བཅས་ཀྱི་བར་འབྲེལ་བ་དམ་ཟབ་ལྡན་ཡོད།

 

ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གཉིས་པ།༽

        དེ་ཡང་གཅིག་ནི་ཁང་པའི་རྒྱལ་སྒོ་རྣམས་ལྷ་ག་གེ་མོ་ཞིག་ལ་ཕྱོགས་ནས་སྟོན་པའི་སྲོལ་ཡོད་པ་དཔེར་ན། ས་བདག་ཅེས་པའི་ལྷ་དེ་ནི་ལྷོ་ནུབ་མཚམས་ན་གནས་པར་བརྗོད་པ་ལྟ་བུ་དང་། ཕྱོགས་གཞན་ཞིག་ནས་བརྗོད་ན་ཁང་པ་ཉིད་ནི་དཀྱིལ་འཁོར་གྱི་གཟུགས་སུ་ངོས་འཛིན་བྱ་བ་ཡིན། དེར་བརྟེན་བོད་ཀྱི་སྡོད་ཁང་ཕལ་ཆེར་གྲུ་བཞིའི་དབྱིབས་སུ་ཡོད། ཅེས་པ་ལྟར་ན་བོད་ལ་གནའ་སྔོན་མ་ནས་ཁང་ས་བརྟག་པའི་ལུགས་ཤིག་ཡོད་ལ། ཁང་པའི་ཇུས་འགོད་ཀྱང་བོད་མི་རྣམས་ཀྱི་ཆོས་ལུགས་དད་མོས་དང་ཧ་ཅང་འབྲེལ་བ་ཆེན་པོ་ཡོད་པར་བརྟེན་མི་ཉག་ས་ཁུལ་གྱི་བོད་ཁང་རྣམས་ཀྱང་དབྱིབས་གྲུ་བཞི་མ་ཡིན་ལ། ཁང་པ་ནང་གི་ཐབ་ཚང་ནི་ནུབ་ངོས་སུ་ཡོད་པ་དང་། བང་མཛོད་ནི་བྱང་ངོས་སུ་ཡོད་པ་བཅས་ནི་ཕྱོགས་བཞི་མཚམས་བརྒྱད་སྐྱོང་བའི་ལྷ་ལ་དད་མོས་བྱས་པས་ཐག་བཅད་པ་ཞིག་རེད།

 

ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གཉིས་པ།༽

འབུམ་དབང་གྲོང་པའི་ཁང་རྙིང་།

        མི་ཉག་རྡོ་རྩིག་བོད་ཁང་གི་བཟོ་སྐྲུན་ཐད་ནས་བཤད་ན། དང་པོ་ཁང་པ་ཆེ་ཆུང་བཟུང་བའི་ཀ་གྲངས་མང་ཉུང་ལྟར་ཐིག་གདབ་དགོས། ཐིག་བཏབ་རྗེས་ས་འོག་ལ་ས་བྱེ་མ་ཅན་མ་ཐུག་བར་དུ་རྩིག་རྨང་བརྐོ་དགོས།གཏིང་ཚད་ཇེ་ཙམ་ཟབ་ན་ཁང་པ་དེ་ཙམ་བརྟན་པོར་ཡོང་བས་མ་མཐའ་ཡང་ཁྲི་ཙེ་གསུམ་ཙམ་བརྐོས་རྗེས་རྩིག་རྨང་གི་ས་བརྡུངས་ནས་སྲ་བརྟན་དུ་གཏང་དགོས། དེ་ནས་རྩིག་རྨང་སྒྲིག་ཅེས་རྡོ་ཆེ་ཆུང་མང་པོ་བརྫངས།དེའི་ཐོག་ལ་གཞི་ནས་འདམ་པ་དང་རྡོ་ཡིས་རྩིག་པ་བརྩིགས་པ་ལ་འདམ་རྩིག་ཟེར། འདམ་རྩིག་བྱེད་ཚུལ་ལ་རྡོ་ཆེན་གཅིག་ལ་རྡོ་ཆུང་བརྒྱ་ཡིས་བསྐོར་བ་དང་། གཡུང་དྲུང་ལག་སྦྲེལ་བྱེད་པ།རྡོ་རྗེ་བྱ་རྩིག་བྱེད་པ། འཇང་ཡུལ་གྱི་རྩིག་ལུགས་བྱེད་པ་བཅས་ཡོད་ཀྱང་དེང་སང་མང་ཤོས་ནི་རྩིག་ལུགས་དང་པོ་དང་གཉིས་པ་རེད། མཁས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱིས་བོད་ཀྱི་སྡོད་ཁང་ནི་ཐོག་བརྩེགས་གསུམ་ལས་གྲུབ་པ་མང་ཆེ།ལྷག་པར་དུ་བོད་ཤར་ཕྱོགས་ཁུལ་དུ་སུམ་ཐོག་ཅན་གྱི་ཁང་པ་དར་སྲོལ་ཆེ་ལ། ཁང་འོག་ཏུ་སེམས་ཅན་ཉར་བ་དང་། ཐོག་རྩེག་སྟེང་དུ་མི་རྣམས་འཚོ་སྡོད་བྱེད་པ།ཁང་སྟེང་ན་སེམས་ཅན་གྱི་གཟན་ཆག་ཉར་ཚགས་བྱ་བ་བཅས་སོ་ཞེས་པ་ལྟར་མི་ཉག་གི་བོད་ཁང་ཡང་དེ་ལྟར་ལས་མ་འདས། ཁྱད་པར་དུ་མི་ཉག་ལུང་པར་མ་ཁང་མང་ཤོས་ཀྱི་ལོགས་སུ་རྩེག་གསུམ་ཅན་གྱི་ལྷ་ཁང་ཞིག་བཏགས་པ་དང་། དེའི་ཐོག་ལ་རྒྱ་རིགས་ཀྱི་ལུགས་ལྟར་རྒྱ་ཕིབས་བཀབ་སྲོལ་ཡོད་པ་ཞིག་རེད།

        ཤར་མི་ཉག་རིང་མོའི་ལུང་པར་འགྲོ་དུས་ལམ་གྱི་གཡས་གཡོན་དང་རི་བོའི་འདབས་ལ་བོད་ཁང་རྡོག་རྩིག་ཅན་གྲལ་བསྟར་བསྒྲིགས་ནས་ཡོད་པ་ལས་མང་ཤོས་ཀྱི་རྩིག་པ་ནི་དྲ་རྡོ་རིང་པོས་བརྩིགས་ཤིང་བརྩེགས་ཐོག་ལ་རྒྱ་ཕིབས་བཀབ་སྟེ་རྒྱ་ཡུལ་གྱི་སྤྱི་གླིང་ནང་གི་ལྡིང་ཁང་དང་མཚུངས་ལ། ཆེ་ཆུང་ཅི་རིགས་ཀྱི་སྐར་ཁུང་ཚང་མའི་འགྲམ་ལ་སྐར་རྒྱན་ཞེས་བུད་མེད་ཚོས་སྨིན་མ་བྲིས་ཤིང་མཆུ་རྩི་བརྐོས་པ་ལྟར་རྡོ་རྩི་དཀར་པོའམ་ཚོན་རྩི་དཀར་པོས་གཡས་གཡོན་བརྒྱན་ཡོད་པ་ནི་བོད་མི་རྣམས་ཀྱིས་མདོག་དཀར་པོ་རྩིས་སུ་བཟུང་བའི་དད་པ་དང་མཛེས་དཔྱོད་ཀྱི་སེམས་ཁམས་མཚོན། ཁང་པ་ནང་ལ་ཤིང་སྤྲས་ཧ་ཅང་ཡག་པོ་བཟོས་ཡོད་པའི་ཐོག་ལ་བཀྲ་ཤིས་རྟགས་བརྒྱད་དང་རྒྱལ་སྲིད་སྣ་བདུན། མཐུན་པ་སྤུན་བཞི། ཚེ་རིང་རྣམ་དྲུག འདོད་པའི་ཡོན་ཏན། རི་ཆུ་སྤྲིན་གསུམ། ཤིང་ལོ་འདབ་ཆགས་སོགས་བྲིས་ཏེ་ཁྲ་ཁྲ་རིག་རིག་རྣམ་པར་བཀྲ་བ་ཞིག་རེད། གནའ་སྔོན་མའི་ཁང་རྙིང་རྣམས་ལ་བལྟས་ན། དགོན་པ་དང་ལྷ་ཁང་མ་གཏོགས་ཁྱིམ་ཚང་ནང་ལ་གོང་གི་རི་མོ་དེ་ཚོ་བྲིས་ཏེ་ཚོན་ཁྲ་སྣ་མང་ཅན་དུ་བཟོ་སྲོལ་མེད་པ་ནི་གཅིག་ནི་དཔལ་འབྱོར་གྱི་ཆ་རྐྱེན་ཞན་པ་དང་། གཉིས་ནི་སེར་སྐྱ་གཉིས་ཀྱི་སྡོད་ས་ལ་ཁྱད་པར་ཆེན་པོ་ཡོད་པས་ཡིན་ཡང་། རྗེས་སུ་འཚོ་བའི་ཆ་རྐྱེན་བཟང་བ་དང་བསྟུན་ནས་དགོན་པའི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཏེ་མི་སེར་གྱི་སྡོད་ཁང་ནང་དུའང་ཆོས་ལུགས་ཀྱི་ནང་དོན་མཚོན་པའི་རི་མོ་སྣ་ཚོགས་བྲིས་པའི་སྲོལ་དར་བ་འདྲ། སྡོད་ཁང་གི་ཕྱིའི་འཛུགས་སྐྲུན་དང་ནང་གི་རྒྱན་སྤྲས་བྱེད་ལུགས་ནི་བདག་པོའི་རིན་ཐང་ལྟ་བ་དང་མཛེས་དཔྱོད་ལྟ་བ་མཚོན་གྱིན་ཡོད་པས་སྡོད་སའི་ཁོར་ཡུག་གི་རྐྱེན་གྱིས་གྲངས་ཉུང་མི་རིགས་རྣམས་ཁྲ་ཁྲ་རིག་རིག་ལ་དགའ་ཞེན་ཆེ་མོད། ཡང་རྩེར་སོན་པའི་སྒྱུ་རྩལ་ནི་གསེར་དང་དངུལ་གྱིས་བཀང་བ་ཞིག་ཡིན་མི་སྲིད་ལ། ཆེས་བཟང་བའི་འཛུགས་སྐྲུན་ཡང་ཚོན་མདོག་རྣམ་པར་བཀྲ་བ་ཞིག་ཡིན་མི་རུང་བས་མིག་དབང་འཕྲོག་པའི་ཚོན་ཁྲ་སྣ་མང་ནི་ཡང་ཞིང་གཡོ་ལ། རང་བྱུང་གི་ཉམས་འབུར་དུ་དོད་པ་ཡིས་བརྗིད་ཅིང་བརླིང་བའི་ཚོར་བ་ཞིག་སྟེར་གྱིན་འདུག

 

ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གཉིས་པ།༽

        རྡོ་རྩིག་ཁང་པ་དེ་དག་ལས་སྡོད་ཁང་རྙིང་པ་དང་ལྷ་ཁང་རྙིང་པ་ནི་ཉུང་ཉུང་ལས་མཐོང་རྒྱུ་མི་འདུག དཔེར་ན། གུ་ལི་སྟེང་ན་ཡོད་པའི་གངས་དཀར་རིན་པོ་ཆེ་ཆོས་ཀྱི་སེང་གེ་འཁྲུངས་ས་བྲག་ནག་ཚང་གི་ཁང་རྙིང་དང་། ས་བདེ་གྲོང་རྡལ་ཝ་ཡོད་གྲོང་པར་ཡོད་པའི་དཔའ་མ་ཚང་། བ་ཚེ་ཚང་། སྐོག་འཛའ་ཚང་གི་ཁང་རྙིང་། ལ་ཧ་ན་ཡོད་པའི་ཕུང་པོ་ཚང་གི་ཁང་རྙིང་། སྐྱ་གད་ཤང་ཨ་བརྒྱ་གྲོང་དང་ས་བདེའི་འགོ་པ་རོང་ན་ཆིང་རྒྱལ་རབས་དུས་སུ་བཞེངས་པའི་ལྷ་ཁང་དང་། ཀླུ་པ་གྲོང་ན་ཡོད་པའི་འབའ་ཡིད་ཚང་གི་ལྷ་ཁང་། བརྒྱད་ཟིལ་རྫོང་ཐང་འགོ་གྲོང་ན་ཡོད་པའི་མིང་རྒྱལ་རབས་དུས་ཀྱི་ལྷ་ཁང་བཅས་རེད། ལྷ་ཁང་དེ་དག་ནང་གི་ལྡེབས་རིས་ཁྱད་ཆོས་ཅན་མང་པོ་ད་ལྟའི་བར་དུ་མ་ཉམས་པར་གནས་ཡོད་ཚུལ་ལ་བལྟས་ན། ཆོས་ལུགས་ཀྱི་ཆོ་གས་དམངས་ཁྲོད་ཀྱི་རིག་གནས་དང་ལུགས་སྲོལ་མང་པོ་ཡུན་རིང་པོར་སྲུང་འཛིན་བྱེད་བཞིན་ཡོད་པས་མི་མང་པོས་ཆོས་དང་རིག་གནས་ཞེས་དབྱེ་འབྱེད་བྱེད་པ་ནི་ཆུ་དང་འོ་མ་ཞེས་ཨུ་ཚུགས་རྒྱག་པ་དང་འདྲའོ།།

 

ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གཉིས་པ།༽

ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གཉིས་པ།༽
ཝ་ཡོད་གྲོང་པར་ཡོད་པའི་ཁང་རྙིང་།

 ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གཉིས་པ།༽
གུ་ལུ་སྟེང་ན་ཡོད་པའི་གངས་དཀར་རིན་པོ་ཆེའི་འཁྲུངས་གཞིས།

        བོད་ཁང་དེ་དག་གི་ཐུན་མོང་གི་ཁྱད་ཆོས་ནི་རྩིག་པ་ནི་གནའ་སྔོན་མར་འཇང་གིས་མི་ཉག་ས་ཁུལ་ལ་དབང་བསྒྱུར་དུས་དར་བའི་རྩིག་སྲོལ་དེ་ཡིན་ཟེར་ལ། སྒོ་ཆེན་ཡོད་སའི་རྩིག་ངོས་སུ་སྐར་ཁུང་ཆུང་ཆུང་ཕྲེང་བསྒྲིགས་ནས་ཡོད་པས་མ་ཚད། ནང་ལ་རྒྱ་ཆེ་ཞིང་ཕྱི་ལ་ཁ་ཞེང་ཆུང་བའི་བོའུ་ཁུང་ངམ་མདའ་ཁུང་མང་པོ་འདུག  ཁྱད་པར་དུ་སྒོ་ཆེན་ནི་དེང་སང་དང་མི་འདྲ་བར་རྩིག་ཞེང་ཆེན་པོའི་ནང་ལོགས་སུ་ཡོད་པ་དང་། ཟུར་ལ་རྟ་འདོགས་ས་རེད་ཅེས་ཤིང་གི་ཨ་ལུང་ཡང་སྣང་། སྒོ་ཐོག་ལ་བར་སྟོང་ཡོད་པ་དེ་ནི་དགྲ་བོ་ཡོང་དུས་རྡོ་འཕེན་ས་དང་མདུང་བཙུགས་ས་རེད་ཟེར། དཔའ་མ་ཚང་ནང་མདུང་རྙིང་པ་ཞིག་ཀྱང་ཉར་ཚགས་བྱེད་འདུག་པ་བཅས་ལ་བལྟས་ན། ཁང་རྙིང་དེ་དག་འཛུགས་སྐྲུན་བྱེད་དུས་ཀྱི་སྤྱི་ཚོགས་ནི་བདེ་འཇགས་མིན་པར་ཕྱི་ནང་གི་དགྲ་བོ་དང་ཇག་རྐུན་མང་པོ་ཡོད་པ་ཞིག་ཡིན་པས་ཁང་པ་ལའང་འགོག་རྒོལ་བྱེད་པའི་ནུས་པ་མི་འཛོམས་ཀ་མེད་ཅིག་ཡིན་ཚོད་རེད། ཁང་རྙིང་དེ་དག་ནི་ཡིག་འབྲུ་མེད་པའི་ལོ་རྒྱུས་ཀྱི་པོ་ཏི་ཞིག་དང་འདྲ་བས་ལོ་ན་ཆེ་བའི་རྒན་རྒོན་རྣམས་ཀྱི་དྲུང་དུ་བཅར་ན་གཏམ་རྒྱུད་དང་ངག་རྒྱུན་མང་པོ་གོ་རྒྱུ་ཡོད་མོད། གནའ་སྒྲུང་མང་པོ་བཤད་རྒྱུ་ཡོད་པའི་བ་ཚེ་ཚང་གི་རྒན་པོ་དོན་གྲུབ་ཀྱང་ལོ་གཉིས་ཀྱི་སྔོན་ལ་འདས་ཟིན་པས། ད་ནི་བང་མཛོད་ཀྱི་ལྡེ་མིག་བོར་བ་ལྟར་ཁང་རྒན་དེ་ཚོ་ཆ་ཚང་ཞིག་ཀློག་ཐུབ་མཁན་གཅིག་ཀྱང་མི་སྣང་། གལ་སྲིད་ལོ་གཉིས་ཀྱི་སྔོན་ལ་ང་འདི་ན་ཡོང་པ་ཡིན་ན་མགོ་མཇུག་བར་གསུམ་ཚང་བའི་ངག་རྒྱུན་སྙན་མོ་ཞིག་ཡོད་སྲིད་མོད། ད་འགྱོད་ཀྱང་ཅི་ཕན།

 

ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གཉིས་པ།༽

ཝ་ཡོད་གྲོང་པའི་ཁང་རྙིང་ནང་གི་མདུང་།

ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གཉིས་པ།༽
ཁང་རྙིང་གི་རྟ་བཏགས་ས།

 ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གཉིས་པ།༽
ཁང་རྙིང་གི་བོའུ་ཁུང་།

 ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གཉིས་པ།༽
ཁང་རྙིང་གི་ཀ་བ།

ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གཉིས་པ།༽
ཁང་རྙིང་གི་སྒོ་ཆེན།

        ཕྱི་རྒྱལ་གྱི་ཆེད་མཁས་པ་ཞིག་གིས་ཝ་ཡོད་གྲོང་པའི་དཔའ་མ་ཚང་གི་ཁང་རྙིང་དེའི་ཤིང་དུམ་བུ་ཞིག་ཁྱེར་ཏེ་ཚན་རིག་གིས་བརྟག་དཔྱད་བྱས་པ་ལྟར་ན་ཁང་རྒན་དེ་ལོ་ངོ་ཆིག་སྟོང་ལྷག་ཙམ་རེད་ཟིན་ཟེར། ས་བདེའི་ལ་ཧ་ན་ཡོད་པའི་ཁང་རྙིང་དེའི་བདག་པོས་མཁས་པ་འགའ་ཡིས་ཁང་པ་འདི་ལོ་ངོ་དགུ་བརྒྱ་ཙམ་ལ་སོན་ཡོད་ཟེར་བཞིན་འདུག་ཅེས་བཤད་ཀྱང་། རྩིག་ངོས་སུ་བོའུ་ཁུང་ངམ་མདའ་ཁུང་མེད་ལ་སྒོ་ཆེན་ཡང་དེང་སང་དང་ཕལ་ཆེར་འདྲ་བས་དེ་ནི་ཇག་རྐུན་ཆོམ་གསུམ་དེ་འདྲ་མེད་པའི་རྗེས་སུ་ལས་པ་མིན་ནམ་སྙམ།

 

ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གཉིས་པ།༽

ཁང་རྙིང་ནང་གི་སྒྲོན་སྟེགས། 

        ཝ་ཡོད་གྲོང་པའི་དཔའ་མ་ཚང་གི་བདག་པོ་ལ་མཚོན་ན། ཁང་རྙིང་དེ་ནི་ཁོ་ཚོའི་གཟི་བརྗིད་དང་གཞན་ལ་ངོམ་རྒྱུ་རེད་འདུག ཁང་རྙིང་དེའི་ཞབས་རྩེག་དང་པོར་ཀ་རྡོ་བཞི་ནས་བདུན་བར་བརྩིགས་བརྩེགས་བྱས་པའི་ཐོག་ལ་ཀ་བ་བཙུགས་པ་ལ་བཤད་སྲོལ་དུ་ཀ་རྡོ་ཇི་ཙམ་མང་ན་ཁྱིམ་ཚང་དེའི་སྟོབས་ཤུགས་དེ་ཙམ་ཆེ་བའི་རྟགས་རེད་ཅེས་ཟེར་ཡང་། ངས་བལྟས་ན་ཁང་པ་དེ་དག་གི་རྩེག་དང་པོ་ནས་ཐོག་རྩེག་པར་ཀ་བ་རིང་པོ་གཅིག་གིས་བརྒྱུས་ནས་ཡོད་པས་ཀ་བའི་རིང་ཚད་འདང་མ་འདང་གིས་ཀ་རྡོ་མང་ཉུང་བརྩེགས་པ་རེད་སྙམ། ཁང་རྙིང་དེའི་བརྩེགས་གཉིས་པའི་ཐབ་ཀ་དང་ཟམ་གདང་། གདུང་མ་བཅས་ཀྱི་ཐོག་ལ་གྲོ་ཕྱེ་དཀར་པོས་ཤིང་ཁ་དབྲག་ལྟ་བུའི་རི་མོ་མང་པོ་བྲིས་ཡོད་པ་དེ་ནི་མི་ཉག་འདྲ་པ་དང་ཧྲེ་མན་རྫོང་ཁོངས་སུ་མི་ཉག་པ་ཡིན་ཟེར་བའི་དུད་ཁ་རྣམས་ཀྱི་ནང་ལ་ཡོད་པའི་རི་མོ་དང་གཅིག་པ་རེད། འདྲ་པ་དང་ཧྲི་མན་གྱི་བོད་མི་རྣམས་ཀྱིས་རི་མོ་དེ་ནི་གཡང་འབོད་བྱས་པའི་དུས་སུ་བྲིས་པ་རེད་ཅེས་པ་ལས་དེ་མིན་ཅི་ཡང་བཤད་རྒྱུ་མེད་མོད། ས་བདེའི་མི་རྒན་རྣམས་ཀྱིས་དེ་ལ་མཚེར་ཁྲི་ཞེས་འབོད་ཀྱིན་འདུག མི་ཉག་སྐད་དུ་མཚེར་ཁྲི་ཞེས་པ་ནི་ར་ཡི་རྭ་ཅོ་ཞེས་པའི་དོན་ཡིན་ལ། རི་མོ་དེའང་ར་ཡི་རྭ་ཅོ་དང་ཧ་ཅང་འདྲ་བ་ནི་ནང་གི་གཡང་ཕྱི་ལ་མི་འགྲོ་ལ་ཕྱིའི་གཡང་ནང་ལ་འཁོར་བའི་མཚོན་བྱེད་རེད་ཟེར།

 ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གཉིས་པ།༽
ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གཉིས་པ།༽

ཁང་རྙིང་ནང་གི་ཀ་རྡོ།

ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གཉིས་པ།༽
ཁང་རྙིང་ནང་གི་གྲོ་ཕྱེས་བྲིས་པའི་རི་མོ།

        བོན་ཆོས་ནང་གཡང་འགུག་གི་ཆོ་ག་ཞེས་གལ་ཆེན་དུ་བརྩི་སྲོལ་ཡོད་ལ་གཡང་ཞེས་པ་ནི་ནོར་དང་སྙིང་པོའི་དོན་རེད། དཔེར་ན། སྟོད་རྒྱ་གར་རྒྱལ་པོའི་ཆོས་གཡང་། སྨད་རྒྱ་ནག་རྒྱལ་པོའི་ཁྲིམས་གཡང་། བར་སྟག་གཟིག་རྒྱལ་པོའི་ནོར་གཡང་ཞེས་པ་ལྟར་བོད་མི་རྣམས་ཀྱིས་གཡང་ཞེས་ཧ་ཅང་བརྩིས་ཆེན་བྱས་ཏེ་གཉེན་ལམ་སྒྲིག་སྐབས་གཡང་འབོད་བྱེད་། རྒྱུ་ནོར་དང་དབང་ཐང་ཉམས་སྐབས་གཡང་སྒྲུབ་ཀྱང་བྱེད་སྲོལ་ཆགས། མདའ་དར་དང་ཇོ་དར་ལ་ལུག་བལ་དཀར་པོ་བཏགས་པའི་སྲོལ་མ་ཉམས་པར་ཡོད། མཁས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱིས་བོན་གྱི་གཏམ་རྒྱུད་ནང་གཡང་ཞེས་པའི་ཚིག་དེ་ལུག་དང་སྦྱར་བའི་རྒྱུ་མཚན་ནི་ལུག་གིས་འགྲོ་བ་མིའི་འཚོ་བ་ནང་གལ་ཆེའི་གནས་བབས་བཟུང་བ་དང་། བོན་གྱི་ཤོད་སྲོལ་ལྟར་ན། ལུག་ནི་འགྲོ་བ་མི་ཡི་ཁམས་ལ་ཕན་འདོགས་པར་དགོངས་པའི་ལྷ་ཆེན་ཡེ་སྨོན་རྒྱལ་པོའི་སྨོན་ལམ་གྱི་མཐུ་ལས་བྱུང་བ་དང་། དེ་ཡང་ལུག་ཐོག་མ་དེའི་མིང་ལ་ལུག་ལྷ་བ་བལ་ཆེན་ཞེས་ཟེར་ལ། དེ་ནི་ལུག་ལྷའང་ཡིན་ནོ་ཞེས་པ་ལྟར་ན་བོད་མི་ཚོས་ལུག་ལ་གཡང་དཀར་ལུག་ཅེས་པའང་རྒྱུ་མཚན་ལྡན་པ་ཞིག་རེད། རེད་དེ། ས་བདེ་དང་འདྲ་པ་བཅས་ཀྱི་ཁང་རྙིང་ནང་བྲིས་པ་ནི་ལུག་རྭ་མིན་པར་ར་ཡི་རྭ་ཅོ་ཡིན་པ་ནི་སྤྱིར་བོད་ཀྱི་ས་མཐོ་སར་ལུག་དང་དམའ་སར་ར་འཚོ་སྐྱོང་བྱེད་པས་རི་ལུང་ཁྲོད་ཀྱི་ས་ཆ་དེ་དག་ན་ལུག་ལས་ར་ཡིས་ཕན་ཐོགས་ཆེ་བས་ར་ཡི་རྭ་ཅོ་བྲིས་པ་མིན་ནམ་སྙམ། བཤད་སྲོལ་གཞན་ཞིག་ལ་མདའ་དང་མདུང་མོ་རལ་གྲི་གསུམ། ཞགས་པ་ལྕགས་ཀྱུ་ཨ་ལུང་གསུམ། ཁ་དབྲག་རྩེ་གསུམ་རྣམ་པ་དགུ་ཞེས་པ་ལྟར་རི་མོ་དེ་ནི་མཚོན་ཆ་རྣམ་པ་དགུའི་ནང་གི་ཁ་དབྲག་རྩེ་གསུམ་ཞེས་པ་དེའི་མཚོན་བྱེད་ཡིན་ལ་གདོན་འགོག་ཅིང་གཡང་འགུགས་པའི་ནུས་པ་ཡོད་པས་ཁ་དབྲག་རྩེ་གསུམ་ནི་བོན་པོའི་ལུགས་ཀྱི་མཆོད་རྟེན་དང་དར་ཅོག་ཐོག་ལའང་བཙུགས་སྲོལ་ཡོད་ཟེར། དེས་མ་ཚད་རི་མོ་དེས་ལྡོང་མི་ཉག་གི་བྱུང་འཕེལ་གྱི་ལོ་རྒྱུས་གལ་ཆེན་ཞིག་བསྟན་ཡོད་པར་འདོད་པས་ཚང་མས་དཔྱད་པར་ཞུ།

ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གཉིས་པ།༽

        ང་རང་ས་ཆ་གང་ལ་སོང་ནའང་མཁར་ཤུལ་དང་གྱང་རོ། ཁང་རྙིང་བཅས་གནའ་ཉམས་དོད་པ་རྣམས་མཇལ་བར་དགའ་བ་ནི་འདས་ཟིན་པས་ད་ལྟའི་ཚབ་བྱེད་འདོད་པས་མིན་ལ། ད་ལྟའི་ཡོད་ཚད་ལ་རྒྱབ་གཏད་པའང་ག་ལ་ཡིན། དེང་སང་ཁྲ་ཁྲ་རིག་རིག་གི་ཁོར་ཡུག་ནང་གནའ་ཉམས་ནི་བསྡུས་བརྗོད་ཀྱི་གཏམ་རྒྱུད་ཅིག་དང་འདྲ་བས་མཁར་ཤུལ་དང་གྱང་རོ། ཁང་རྙིང་དེ་དག་ལས་ངས་ངའོ་སྙམ་པའི་ང་རྒྱལ་བྱེད་མི་རུང་ལ། ང་ཨང་ཞེས་སེམས་ཕངས་ཀྱང་བྱེད་མི་དགོས་པའི་གནས་ལུགས་མང་པོ་རྙེད་པས་ཡིན་ནོ།།

ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གཉིས་པ།༽

ཁ  མི་ཉག་པའི་རྒྱན་གོས་དང་གླུ་བྲོ་གར་གསུམ། 

        བོད་ཀྱི་རྒྱན་གོས་ནི་བོད་མི་རིགས་རྣམས་གནས་བཅས་སའི་རང་བྱུང་ཁོར་ཡུག་དང་གནམ་གཤིས་བཅས་ལ་བརྟེན་ནས་རང་མི་རིགས་ཀྱི་ལོ་རྒྱུས་རིག་གནས་འཕེལ་རྒྱས་དང་འབྲེལ་བ་དམ་པོ་ཡོད་ལ་བོད་མི་རྣམས་ཀྱི་དགའ་ཁ་འཁྱེར་སོ་མངོན་པར་མཚོན། སྐྱ་བོའི་རྒྱན་གོས་ལས་སྐྱེས་པ་རྣམས་ཀྱི་རྒྱན་གོས་ནི་ཁོག་ཆེ་ལ་རྫིག་ཉམས་ལྡན་པ་དང་བུད་མེད་རྣམས་ཀྱི་རྒྱན་གོས་ནི་ལྷོད་ཡངས་སྒེག་ཉམས་ཅན་ཞིག་ཡིན། ཤར་མི་ཉག་ལུང་པའི་རྒྱན་གོས་ལའང་ས་ཤོག་གི་ཁྱད་ཆོས་འབུར་དུ་ཐོན་ཡོད་དེ། མི་ཉག་སྐད་དུ་འབག་གོག་ཟེར་བའི་བུད་མེད་རྣམས་ཀྱི་རྒྱན་གོས་དེ་ནི་སྟོད་འགག་དང་སྨད་ཤམ་གྱི་རྣམ་པ་ཟུང་འབྲེལ་གྱིས་བཟོ་དྲུབ་བྱས་པ་ཞིག་ཡིན་ལ།དེའི་རྒྱུ་ཆ་གཙོ་བོ་ཕྲུག་དང་སྣུམ་བུ། ལུག་བལ་བཅས་རེད། ཕྲུག་དང་སྣུམ་བུ་ནི་ཁ་དོག་དཀར་སེར་དམར་ལྗང་སོགས་ཚོན་གྱིས་སྡེབ་སྦྱོར་བྱས་ཏེ་འཐག་བཟོ་བྱས་པ་ཞིག་ཡིན་པས། མི་ཉག་བུད་མེད་ཀྱི་རྒྱན་གོས་ལའང་ཁ་དོག་དཀར་སེར་དམར་ལྗང་གིས་ཚོན་བསྡེབས་བྱས་ཡོད་པ་དང་། ཁ་དོག་དེ་དག་གིས་གནམ་སྔོན་པོ་དང་སྤྲིན་དཀར་པོ། ས་སེར་པོ་སོགས་མཚོན་གྱི་ཡོད་པ་རེད། བཟོ་དྲུབ་བྱེད་སྟངས་རྒྱན་གོས་གཞན་པ་དང་གཏན་ནས་མི་འདྲ་ལ་དཀར་སེར་དམར་ལྗང་སོགས་ཁ་དོག་མང་པོ་བསྡེབས་ཏེ་ཁོག་སྨད་ཀྱི་གོས་ཧྲིལ་པོ་ཆགས་སྡེབ་བྱས་ཏེ་བཟོ་དྲུབ་བྱེད་དགོས་པ་ཞིག་ཡིན། ཆགས་པ་ལའང་ཆགས་པ་དྲུག་ཅུ་ཅན་དང་ཆགས་པ་བརྒྱད་ཅུ་ཅན།ཆགས་པ་བརྒྱ་དང་བརྒྱད་ཅན་སོགས་དབྱེ་བ་འབྱེད་རྒྱུ་ཡོད་པ་རེད། བུད་མེད་ཚོས་སྐྲ་ལ་སྐྲ་ཐག་དམར་པོ་དང་སེར་པོ་བཅིངས། མགོ་ལ་དངུལ་ལས་བརྡུངས་པའི་རྒྱན་ཆ་གོར་གོར་ཞིག་བཏགས་པ་དེ་ལ་མི་ཉག་སྐད་དུ་ངུད་ཕོ་ལོ་ཟེར། ལ་ལས་མགོ་ལ་རིགས་ལྔ་ཅོད་པན་གྱི་གྲུབ་ཚུལ་དང་ཅུང་འདྲ་བའི་མགོ་ཁེབས་ཤིག་འཆིང་སྲོལ་ཡོད་པ་དེ་ནི་མ་ཁོག་གྲུ་བཞི་ནར་མོའི་རྩེ་མོ་ཟུར་གསུམ་མའི་དབྱིབས་དང་ལྡན་པ་ལྔ་ལྷན་དུ་སྦྲེལ་བ་ཞིག་རེད། ཡུལ་སྐད་དུ་རི་ཀྲོག་རྩེ་ཞེས་འབོད་ཀྱིན་འདུག མི་ཉག་འདྲ་པའི་ཕྱོགས་ཀྱི་བུད་མེད་ཚོས་མགོ་ཐོག་ལ་ཉི་མ་དང་གཉའ་ལྟག་ལ་ཟླ་བའི་བཟོ་ལྟ་དང་མཚུངས་པའི་དངུལ་ལས་བརྡུངས་པའི་རྒྱན་ཆ་ཞིག་འདོགས་སྲོལ་ཡོད་མོད་འདི་ན་དེ་ལྟར་མི་སྣང་། དགུན་དུས་སུ་ཚ་རུ་དང་བཅས་པའི་ཞྭ་མོ་ཞིག་གྱོན་སྲོལ་ཡོད་པ་དེ་ལ་མི་ཉག་སྐད་ནང་རྒྱན་འགྲུབ་རྟགས་ཞེས་འབོད་ཀྱིན་འདུག ཁོག་སྟོད་ལ་ཕྲུག་དང་སྣུམ་བུས་དྲུབས་པའི་སྟོད་ཐུང་ཞིག་དང་དེའི་ནང་ལ་ནང་འཇམ་དང་སྟོད་འགག་གྱོན་ཞིང་། སྐེད་པར་པང་ཁེབས་བཅིངས་ཏེ་དངུལ་གྱི་ཆབ་མ་དང་འབའ་ཁུག  ཁབ་ཤུབས་བཅས་འདོགས་སྲོལ་སྣང་། 

 ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གཉིས་པ།༽
ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གཉིས་པ།༽

ཁམས་མི་ཉག་པའི་རྒྱན་གོས།

 ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གཉིས་པ།༽
ཁམས་མི་ཉག་པའི་མགོ་རྒྱན།

        མི་ཉག་པ་ཚོས་འབག་གོག་ཅེས་འབོད་པའི་ཆགས་སྲུབས་མང་པོ་ཡོད་པའི་རྒྱན་གོས་དེར་ཕྱག་ཕྲེང་བས་ཁྲ་ཆེན་དང་རྒྱལ་རོང་སྤྲོ་སྣང་དང་སོག་པོ་བཅས་ཀྱིས་སྨད་གཤམ་ཞེས་འབོད། དེ་ཚོ་ཚང་མའི་རྒྱུ་ཆ་མ་གཏོགས་བཟོ་དབྱིབས་ཕལ་ཆེར་འདྲ་མོ་རེད། དམངས་ཁྲོད་དུ་དེ་ནི་གླིང་གེ་སར་གྱི་བཙུན་མོ་འབྲུག་མོའི་རྒྱན་གོས་ཀྱི་ཤུལ་རྒྱུན་ཡིན་ཟེར་སྲོལ་འདུག་ལ། གླིང་སྒྲུང༼སོག་པོ་རྟ་རྫོང་།༽ནང་དགྲ་ལྷ་རྩེ་རྒྱལ་སོགས་དཔའ་རྟུལ་རྣམས་སོག་ལ་འགྲོ་བའི་སྐབས་སུ་འབྲུག་མོས་སྐྱེལ་གླུ་བླངས་པ་ལས།ལུས་ལ་གོས་རབ་བཅོ་བརྒྱད་ཡོད།། དབྱར་ཚད་འབྱུང་དུས་མི་འཇིགས་ལེ།། ཆུ་གོས་ཆུ་ལིང་སྔོན་མོ་ཡོད།།དགུན་ལྷག་པ་བྱུང་དུས་མི་སྐྲག་ལེ།། དམར་པོ་ལེ་ལིང་ལུས་ལ་གྱོན།། ཕ་བླ་མའི་མདུན་ལ་འགྲོ་དུས་དེར།། ཆོས་གོས་ལེའུ་དགུ་རྩེག་ཡོད།། གོང་དཔོན་ལུའི་མདུན་ལ་འགྲོ་དུས་དེར།། ཁྲིམས་གོས་ཆུ་སྲིན་ཁ་སྤྲོད་ཡོད།། ཕ་ཁུ་བོའི་སྔོན་ལ་འགྲོ་དུས་དེར།། སྟེང་གོས་ཟ་འོག་སེར་པོ་ཡོད།། སྟག་ཤར་སྔོན་ལ་འགྲོ་དུས་དེར།། དར་གོས་ལུས་ལ་འཇམ་ལེ་ཡིན།། མ་སྲུ་མོའི་མདུན་ལ་འགྲོ་དུས་དེར།།གྲོ་ཤོས་རྒྱ་ལྕང་ཕྱུག་མོ་ཡོད།།སྨན་བུ་མོའི་མདུན་ལ་འགྲོ་དུས་དེར།།འཕྱོར་གོས་ཉི་མ་རང་ཤར་ཡོད།།འབྲུག་མོའི་རྒྱ་ལྕང་ཕྱུག་མོ་ལ།།ཆུ་སྤུ་བརྒྱ་དང་རྩ་བརྒྱད་ཡོད།།ཛར་ལོ་བརྒྱ་དང་རྩ་བརྒྱད་ཡོད།།དྲིལ་ཆེན་བརྒྱ་དང་རྩ་བརྒྱད་ཡོད།།དྲིལ་ཆུང་བརྒྱ་དང་རྩ་བརྒྱད་ཡོད།།ཡར་ལངས་ན་རྒྱ་གར་རྒྱལ་པོས་གོ།།རྒྱ་གར་རྒྱལ་པོས་མ་གོ་ན།།ཆོས་ཀྱི་བསྟན་པ་དར་ལེ་མིན།།མར་ཉལ་ན་རྒྱ་ནག་རྒྱལ་པོས་གོ།།རྒྱ་ནག་རྒྱལ་པོས་མ་གོ་ན།།ཁྲིམས་ཀྱི་བསྟན་པ་དར་ལེ་མིན།།ཞེས་པ་ལྟར་ན་འབག་གོག་དང་ཁྲ་ཆེན།སྨད་གཤམ་ཞེས་པ་ནི་འབྲུག་མོའི་རྒྱ་ལྕང་ཕྱུག་མོ་ཞེས་པའི་རྒྱན་གོས་དེའི་ཤུལ་རྒྱུན་མིན་ནམ་སྙམ་སྟེ་ཆགས་སྲུབས་མང་པོ་བསྡེབས་ཏེ་གཡོ་བ་ནི་རྒྱ་ལྕང་གི་ཡལ་ག་ཐུར་དུ་དཔྱངས་པ་དང་ཧ་ཅང་འདྲ་བས་མིང་ཡང་སྙན་པོ་ཞིག་རེད།

ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གཉིས་པ།༽

ཁམས་མི་ཉག་པའི་འབག་གོག

        མི་ཉག་ལུང་པར་སྐྱེས་པ་རྣམས་ཀྱིས་ལུས་ལ་སྣམ་ཕྲུག་གི་བོད་ལྭ་དང་མགོ་ལ་དུས་ཀྱི་འགྲོས་ལྟར་དབྱར་ཞྭ་དང་སོག་ཞྭ།པགས་ཞྭ་གོན།རྣ་བ་གཡོན་ལ་རྣ་ལུང་དང་།སྐེ་ལ་རིན་པོ་ཆེའི་སྐེ་རྒྱན།ཕྲག་པ་གཡས་ནས་གའུ། རྐེད་པ་ལ་སྐེད་གྲི་དང་མེ་ཆ། འབའ་ཁུག་སོགས་བཏགས་ཤིང་། རྐང་པ་ལ་བོད་ལྷམ་དང་འཇུར་རྟ་གྱོན་པས་དཔའ་ཉམས་ལྡན་ལ་རང་གཤིས་མངོན་དུ་དོད་པ་ཞིག་རེད།

ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གཉིས་པ།༽
ཁམས་མི་ཉག་སྐྱེས་པའི་རྒྱན་གོས།

        བོད་མི་རིགས་ལ་མཚོན་ན་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་ཕྱིར་མངོན་པ་ལ་གླུ་བྲོ་གར་གསུམ་ལས་གོ་ཆོད་པ་ཞིག་མེད་པས་དམངས་གླུ་དང་།ལ་གླུ།ལ་གཞས།གཞས་མོ།མགུར་གླུ།བོད་བྲོ།ཟློས་གར་ཞེས་ཐ་སྙད་ཧ་ཅང་མང་པོ་ཡོད།དམངས་གླུ་ཞེས་པ་ནི་དམངས་ཁྲོད་དུ་དར་བའི་གླུ་ཚང་མར་གོ་བའི་ཕྱིས་འབྱུང་གི་ཐ་སྙད་ཅིག་ཡིན་ལ།ཕོ་མོའི་བར་གྱི་འབྲེལ་བ་མཚོན་པའི་གླུ་དཔེར་ན།ཁྱེད་ཉིད་ང་ལ་དགའ་ན།། རྒྱ་གླིང་ནང་ནས་འབོད་ཆོག ། ང་ནི་ཁྱེད་ལ་དགའ་ན། ། ཤེལ་སྒོའི་ནང་ནས་བལྟ་ཆོག ། ཡང་ན། ཕར་རིར་སྟག་ལྤགས་བཏིང་ཡོད། ། ཚུར་རིར་གཟིག་ལྤགས་བཏིང་ཡོད། ། ཁྱི་རྒན་རྒྱ་བོའི་པགས་པ། །  འདི་ལ་འགྲོ་ས་མི་འདུག །ཅེས་པ་ལྟ་བུ་ལ་ཨ་མདོ་བས་ལ་གཞས་དང་།ཁམས་མི་ཉག་པས་གཞས་མོ་ཞེས་འབོད།དེ་མིན་ཕ་ཡུལ་དང་རི་ཆུ་སོགས་ལ་བསྟོད་པར་མི་ཉག་པས་ལ་གླུའམ་རྒྱང་འབོད་ཟེར།དཔེར་ན་འབོ་གངས་དཀར་མགོ་ལ་གངས་ཀྱིས་བསྐོར།།གངས་ཡག་མོ་ཕྱེ་མར་ཕུལ་ཟིན་འདྲ།།འབོ་གངས་དཀར་སྐེད་ལ་རྫ་ཡིས་བསྐོར།།ཇ་ཡག་མོ་ཇ་རྒྱབ་བརྩིགས་པ་འདྲ།།འབོ་གངས་དཀར་མདའ་ལ་མཚོ་ཡིས་བསྐོར།།མཚོ་ཡག་མོ་ཡོན་ཆབ་ཕུལ་ཟིན་འདྲ།།ཞེས་པ་ལྟ་བུ་དང་།བླ་སྤྲུལ་སོགས་གདན་དྲངས་ཏེ་ཆོ་ག་སྒྲུབ་པའི་དུས་སུ་ལེན་པའི་གླུ་དེ་ལ་མགུར་གླུ་ཟེར་ཞིང་གཙོ་བོ་ཆོས་ལུགས་ཀྱི་ནང་དོན་མཚོན་པ་ཞིག་རེད།

ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གཉིས་པ།༽

        ཤར་མི་ཉག་རིང་མོར་གཞས་མོ་ཞེས་པ་ལ་ངག་རྟ་ཐུང་ཐུང་གཅིག་ཙམ་ལས་མེད་ཀྱང་ལ་གླུའམ་རྒྱང་འབོད་ལ་དབྱངས་རྟ་ཧ་ཅང་མང་པོ་ཡོད་པར་མ་ཟད་གྱ་གྱུར་བཞུར་བའི་ཆུ་ཕྲན་དང་ཀྱག་ཀྱོག་ཅན་གྱི་རི་ལམ་ལྟ་བུའི་འགྱུར་ཁུག་མང་ལ་ལྷོད་ཆགས་པའི་ཁྱད་ཆོས་ལྡན་པས་གླུ་དེ་དག་མཉན་ན་སྐབས་འགར་སེམས་པ་དགའ་ལྷང་ལྷང་དང་མཚམས་རེར་སྐྱོ་དུང་དུང་བྱེད།

        སྤྱིར་བོད་རིགས་ཀྱི་གླུ་བྲོ་ལ་འདྲ་སའི་ཆ་མང་ཡང་།བྱེ་བྲག་ཡུལ་སོ་སོའི་རི་ཆུ་དང་བཅས་པའི་ཁོར་ཡུག་མི་འདྲ་བའི་དབང་གིས་དམིགས་གསལ་གྱི་ཁྱད་ཆོས་ཀྱང་ཡོད་པ་ནི་མངོན་གསལ་རེད།མི་ཉག་ཡུལ་དུ་ལོ་སར་བའམ།གཉེན་ལམ་སྒྲིག་པ་དང་།ཁང་ལས་བྱས་ཏེ་དགའ་སྟོན་རྟེན་འབྲེལ་སྒྲིག་སྐབས།གླུ་ལེན་བྲོ་འཁྲབ་བྱེད་པ་ནི་མེད་དུ་མི་རུང་བ་ཞིག་ཡིན་ལ།ལྟད་མོའི་འགོ་ནས་མཇུག་བར་ལ་གོ་རིམ་ལྡན་པ་བོད་མིའི་གུས་ལུགས་དང་མཐུན་པ་ཞིག་ཡིན།བྲོ་མ་འཁྲབ་གོང་ལ་བྲོ་རའི་དཀྱིལ་དུ་ཅོག་ཙེ་ཞིག་གི་ཐོག་ལ་བོད་ཆང་དང་ཨ་རག ཁ་བཏགས་དཀར་པོ་བཅས་བཞག དེ་ནས་ལོ་ན་རྒན་པ་ཞིག་གིས་སྐལ་བཟང་ཚེས་བཟང་ལ་བསྟོད་པའི་ཤིས་ཚིག་བརྗོད་པར་མ་ཟད་ཚང་མ་ལ་གླུ་ལེན་བྲོ་འཁྲབ་དགོས་པའི་རེ་བ་བཏོན་རྗེས་ཚང་མས་བོད་བྲོ་འཁྲབ་འགོ་ཚུགས། དེ་ཡང་། མི་ཉག་རོང་ཕྱོགས་ལ་ཆ་བཞག་ན་བྲོ་ལ་མཁས་པའི་མི་རྒན་ཞིག་གིས་ལོ་ཆུང་འགའ་ཁྲིད་དེ།ངག་རྟ་དལ་ཞིང་རིང་ལ་ནང་དོན་ནི་ཆང་ལ་བསྟོད་པའི་བྲོ་ཞིག་འཁྲབ། དེ་ལ་བྲོ་འགོ་ཕབ་ཅེས་པའམ། ཡང་ན་ཆང་གཞས་བཀྱགས་ཞེས་ཟེར། དཔེར་ན། ཡར་འགྲོ་འགྲོ་རྒྱ་གར་ཕྱོགས་ལ་འགྲོ། །རྒྱ་གར་ཕྱོགས་ལ་འགྲོ་ན་རམ་པ་ཆང་ཞིག་བཙོས་ཡོད།།གསོལ་ཆང་ཁ་ཡང་ཁ་ལ་དོམ་ནག་མཁྲིས་པ་འདྲ་བྱུང་།།གསོལ་ཆང་མངར་ཡང་མངར་ཞིང་འབུ་ཆུང་སྦྲང་རྩི་འདྲ་བྱུང་།།གསོལ་ཆང་གར་ཡག་གང་ཡག་བླ་མས་ཡར་ཡར་གསོལ་རོགས། །ཡར་འགྲོ་འགྲོ་རྒྱ་ནག་ཕྱོགས་ལ་འགྲོ།།རྒྱ་ནག་ཕྱོགས་ན་འགྲོ་ན་འབྲས་དཀར་ཆང་ཞིག་བཙོས་ཡོད།།གསོལ་ཆང་ཁ་ཡང་ཁ་ལ་དོམ་ནག་མཁྲིས་པ་འདྲ་བྱུང་།།གསོལ་ཆང་མངར་ཡང་མངར་ཞིང་འབུ་ཆུང་སྦྲང་རྩི་འདྲ་བྱུང་།།གསོལ་ཆང་གར་ཡག་གང་ཡག་དཔོན་པོས་ཡར་ཡར་གསོལ་རོགས།།ཡར་འགྲོ་འགྲོ་རང་ཡུལ་ཕྱོགས་ལ་འགྲོ།།རང་ཡུལ་ཕྱོགས་ལ་འགྲོ་ན་ནས་ནག་ཆང་ཞིག་བཙོས་ཡོད།།གསོལ་ཆང་ཁ་ཡང་ཁ་ལ་དོམ་ནག་མཁྲིས་པ་འདྲ་བྱུང་།།གསོལ་ཆང་མངར་ཡང་མངར་ཞིང་འབུ་ཆུང་སྦྲང་རྩི་འདྲ་བྱུང་།།གསོལ་ཆང་གར་ཡག་གང་ཡག་ཕ་མས་ཡར་ཡར་གསོལ་རོགས།།ཞེས་པ་ལྟ་བུ་དང་།དེ་ནས་རྫ་རིའི་མགོ་ལ་ཤྭ་བ་བརྒྱ་རེ་འཛོམས།།འཛོམས་པའི་དུས་ལ་འཛོམས་བྲོ་མ་འཁྲབ་ན། །སང་ཕར་ཕྱོགས་འགྲོ་ལམ་ཁ་ཁ་རེད།།བྲག་དཀར་སྟེང་ལ་རྒོད་དཀར་བརྒྱ་རེ་འཛོམས། །འཛོམས་པའི་དུས་ལ་འཛོམས་བྲོ་མ་འཁྲབ་ན།།རྒྱབ་གཤོག་སྒྲོ་ལྡིང་ལམ་ཁ་ཁ་རེད། །བྲོ་ར་ནང་ལ་མིང་སྲིང་བརྒྱ་རེ་འཛོམས།།འཛོམས་པའི་དུས་ལ་འཛོམས་བྲོ་མ་འཁྲབ་ན། །རང་མིང་སྲིང་ཕ་ཡུལ་ཁ་ཁ་རེད།།ཞེས་པ་ལྟ་བུའི་འཛོམས་བྲོ་དང་། བྲོ་ར་ཡག་མོ་གསེར་གྱི་བྲོ་ར་རེད། །གསེར་གྱི་བྲོ་ར་ནང་ལ་མེ་ཏོག་འཁྲུངས།།གསེར་གྱི་མེ་ཏོག་ཡེ་ཤེས་ལྷ་ལ་འབུལ། །བྲོ་ར་ཡག་མོ་དངུལ་གྱི་བྲོ་ར་རེད།།དངུལ་གྱི་བྲོ་ར་ནང་ལ་མེ་ཏོག་འཁྲུངས། །དངུལ་གྱི་མེ་ཏོག་གོང་གི་དཔོན་ལ་འབུལ། །བྲོ་ར་ཡག་མོ་གཡུ་ཡི་བྲོ་ར་རེད།།གཡུ་ཡི་བྲོ་ར་ནང་ལ་མེ་ཏོག་འཁྲུངས། །གཡུ་ཡི་མེ་ཏོག་དྲིན་ཆེན་ཕ་མར་འབུལ།།ཞེས་པ་ལྟ་བུའི་བསྟོད་བྲོ། 

ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གཉིས་པ།༽

        དང་པོ་གནས་གཅིག་མ་ཆགས་དང་པོ་གནས་གཅིག་ཆགས་ཡོད།།དང་པོ་གནས་གཅིག་ཆགས་ས་གནས་ཆེན་དཔལ་ཡུལ་ལྷ་སྒང་།།ནང་ལ་ནོར་བུ་མ་བཞུགས་ནང་ལ་ནོར་བུ་བཞུགས་ཡོད།།ཇོ་བོ་མི་འགྲོ་གསུང་བྱོན་ནང་ལ་ནོར་བུ་བཞུགས་ཡོད། །ཕྱི་ལ་ལྕགས་རིས་མ་བསྐོར་ཕྱི་ལ་ལྕགས་རིས་བསྐོར་ཡོད།།མཆོད་རྟེན་བརྒྱ་དང་བཅུ་གསུམ་ཕྱི་ལ་ལྕགས་རིས་བསྐོར་ཡོད།།གཉིས་པ་གནས་གཅིག་མ་ཆགས་གཉིས་པ་གནས་གཅིག་ཆགས་ཡོད།།གཉིས་པ་གནས་གཅིག་ཆགས་ས་གནས་ཆེན་ཕོ་བྲང་ལྔ་བརྩེགས།།ནང་ལ་ནོར་བུ་མ་བཞུགས་ནང་ལ་ནོར་བུ་བཞུགས་ཡོད། །ཙན་དན་སྦྲུལ་གྱི་སྙིང་པོ་ནང་ལ་ནོར་བུ་བཞུགས་ཡོད།།ཕྱི་ལ་ལྕགས་རིས་མ་སྐོར་ཕྱི་ལ་ལྕགས་རིས་བསྐོར་ཡོད།།ཤིང་སྣ་བརྒྱ་དང་བཅུ་གསུམ་ཕྱི་ལ་ལྕགས་རིས་བསྐོར་ཡོད།།གསུམ་པ་གནས་གཅིག་མ་ཆགས་གསུམ་པ་གནས་གཅིག་ཆགས་ཡོད།།གསུམ་པ་གནས་གཅིག་ཆགས་ས་གནས་ཆེན་འབོ་ཡུལ་གངས་དཀར། །ནང་ལ་ནོར་བུ་མ་བཞུགས་ནང་ལ་ནོར་བུ་བཞུགསཡོད།།འཛམ་གླིང་སྲིད་པའི་དར་ལྕོག་ནང་ལ་ནོར་བུ་བཞུགས་ཡོད།།ཕྱི་ལ་ལྕགས་རི་མ་བསྐོར་ཕྱི་ལ་ལྕགས་རིས་བསྐོར་ཡོད།།གྲུབ་རྟགས་བརྒྱ་དང་རྩ་བརྒྱད་ཕྱི་ལ་ལྕགས་རིས་བསྐོར་ཡོད།། ཞེས་པ་ལྟ་བུའི་ཆོས་བྲོ།ལུང་པ་ཆུང་ཆུང་གསེར་གྱི་ལུང་པ་རེད།།གསེར་གྱི་མེ་ཏོག་སང་འགྲོ་གནངས་འགྲོ་རེད། །སང་འགྲོ་གནངས་འགྲོ་འགྲོ་ཐལ་མ་བསམ་རོགས།།རྐང་པའི་རི་མོ་མི་ཡུལ་ལུང་ལ་བཞག །རང་སེམས་བསམ་པ་རང་ཡུལ་ཕྱོགས་ལ་བཞག།ལུང་པ་ཆུང་ཆུང་དངུལ་གྱི་ལུང་པ་རེད།།དངུལ་གྱི་མེ་ཏོག་སང་འགྲོ་གནངས་འགྲོ་རེད།།སང་འགྲོ་གནངས་འགྲོ་འགྲོ་ཐལ་མ་བསམ་རོགས།།རྐང་པའི་རི་མོ་མི་ཡུལ་ལུང་ལ་བཞག།རང་སེམས་བསམ་པ་རང་ཡུལ་ཕྱོགས་ལ་བཞག།ལུང་པ་ཆུང་ཆུང་གཡུ་ཡི་ལུང་པ་རེད།།གཡུ་ཡི་མེ་ཏོག་སང་འགྲོ་གནངས་འགྲོ་རེད།།སང་འགྲོ་གནངས་འགྲོ་འགྲོ་ཐལ་མ་བསམ་རོགས།།རྐང་པའི་རི་མོ་མི་ཡུལ་ལུང་ལ་བཞག།རང་སེམས་བསམ་པ་རང་ཡུལ་ཕྱོགས་ལ་བཞག །དེའི་ལན་ལ། ལུང་པ་ཆུང་ཆུང་གསེར་གྱི་ལུང་པ་རེད།།གསེར་གྱི་མེ་ཏོག་སང་འགྲོ་གནངས་འགྲོ་རེད། །སང་འགྲོ་གནངས་འགྲོ་གང་ལ་འགྲོ་ན་ཡང་།།རྐང་པ་གར་བཞག་ས་ལ་བཀྲ་རེ་ཤིས།།བསམ་པ་གར་འཁོར་ཡུལ་ལ་དོན་རེ་འགྲུབ།།ལུང་པ་ཆུང་ཆུང་དངུལ་གྱི་ལུང་པ་རེད།།དངུལ་གྱི་མེ་ཏོག་སང་འགྲོ་གནངས་འགྲོ་རེད།།སང་འགྲོ་གནངས་འགྲོ་གང་ལ་འགྲོ་ན་ཡང་།།རྐང་པ་གར་བཞག་ས་ལ་བཀྲ་རེ་ཤིས།།བསམ་པ་གར་འཁོར་ཡུལ་ལ་དོན་རེ་འགྲུབ།། ལུང་པ་ཆུང་ཆུང་གཡུ་ཡི་ལུང་པ་རེད།།གཡུ་ཡི་མེ་ཏོག་སང་འགྲོ་གནངས་འགྲོ་རེད།།སང་འགྲོ་གནངས་འགྲོ་གང་ལ་འགྲོ་ན་ཡང་།།རྐང་པ་གར་བཞག་ས་ལ་བཀྲ་རེ་ཤིས།།བསམ་པ་གར་འཁོར་ཡུལ་ལ་དོན་རེ་འགྲུབ།། ཞེས་པ་ལྟ་བུའི་འགྲོ་བྲོ།དགུང་ཨ་སྔོན་སྐྱིད་པོ་རི་ལ་ཆགས།།གསེར་ཉི་ཟླ་བདེ་མོ་སྤང་ལ་མཛེས།།དཀར་ལྷོ་སྤྲིན་འཛོམསཔའི་སྨོན་ལམ་ཤོག།བྲག་དཀར་ཡག་སྐྱིད་པོ་རི་ལ་ཆགས།།རྒོད་ཐང་དཀར་བདེ་མོ་བྲག་ལ་མཛེས།།རྒྱབ་གཤོག་སྒྲོ་འཛོམས་པའི་སྨོན་ལམ་ཤོག།གྲོང་རྒྱ་གྲོང་སྐྱིད་པོ་རི་ལ་ཆགས།།དྲིན་ཕ་མ་བདེ་མོ་གྲོང་ལ་མཛེས།།ཚ་བུ་རྒྱུད་འཛོམས་པའི་སྨོན་ལམ་ཤོག།ཅེས་པ་ལྟ་བུའི་སྨོན་བྲོ།དགུང་ཨ་སྔོན་སྟེང་ལ་འཛོམས་གསུམ་སྣང་།།འཛོམས་རེ་རེ་སྐབས་སུ་མིང་རེ་བཏགས།།བཏགས་ཤེས་ན་མཁས་པའི་གྲས་ལ་བཞག།བཏགས་མ་ཤེས་རྩིག་ཁུག་ཉི་མ་ལྡེ།།བྲག་དཀར་ཡག་སྟེང་ལ་འཛོམས་གསུམ་སྣང་།།འཛོམས་རེ་རེ་སྐབས་སུ་མིང་རེ་བཏགས།།བཏགས་ཤེས་ན་མཁས་པའི་གྲས་ལ་བཞག།བཏགས་མ་ཤེས་རྩིག་ཁུག་ཉི་མ་ལྡེ།།གྲོང་རྒྱ་གྲོང་སྟེང་ལ་འཛོམས་གསུམ་སྣང་།།འཛོམས་རེ་རེ་སྐབས་སུ་མིང་རེ་བཏགས།།བཏགས་ཤེས་ན་མཁས་པའི་གྲས་ལ་བཞག།བཏགས་མ་ཤེས་རྩིག་ཁུག་ཉི་མ་ལྡེ།།དེའི་ལན་ནམ་དཀྲོལ་ཚིག་ནི་དགུང་ཨ་སྔོན་སྟེང་གི་འཛོམས་གསུམ་ནི།།གསེར་ཉི་མ་ཟླ་བ་ལྷོ་སྤྲིན་གསུམ།།དགུང་ཨ་སྔོན་སྟེང་གི་འཛོམས་གསུམ་རེད།།རྒོད་ཐང་དཀར་གླག་མོ་ཁྱུང་མོ་གསུམ།།བྲག་དཀར་ཡག་སྟེང་གི་འཛོམས་གསུམ་རེད།།དྲིན་ཕ་ལོ་མ་ལོ་བུ་རྒྱུད་གསུམ།།གྲོང་རྒྱ་གྲོང་སྟེང་གི་འཛོམས་གསུམ་རེད།།ཅེས་པ་ལྟ་བུའི་བྲོ་གཤགས་བཅས་ཡོད་ལ་བྲོ་ཚིག་དང་མཐུན་པའི་གོམ་གསུམ་རྡོག་བྲོ་སོགས་བག་ཆགས་ལ་ལྷོད་ཡངས་ཤིང་ལུས་ཀྱི་སྒེག་ཉམས་མངོན་པར་མཚོན་པའི་རྡོག་བྲོ་རྒྱག་སྟངས་མང་པོ་ཡོད།ལ་ལས་མི་ཉག་བོད་བྲོ་ནི་སྒུར་ནས་འཁྲབ་དགོས་པས་སྒུར་བྲོ་ཞེས་མིང་གསར་པ་ཞིག་བཏགས་འདུག་མོད།སྐོར་བྲོ་ཞེས་རྒྱ་ཡིག་ལས་ཚུར་བསྒྱུར་བ་དེ་ལ་ཡི་མ་རངས་པས་བཏགས་པ་འདྲ་སྟེ།དམངས་ཁྲོད་ཀྱི་བོད་བྲོ་ཡིན་ན་སྒུར་ནས་འཁྲབ་དགོས་པ་ལས་ལངས་ནས་འཁྲབ་སྲོལ་ཞིག་མེད།ཤར་མི་ཉག་རིང་མོར་སྐད་ངག་བདེ་ལ་གླུ་བྲོ་ལ་མཁས་པ་མང་པོ་ཡོད་ཀྱང་།དུས་ཀྱི་འགྱུར་བ་ནང་དམངས་ཁྲོད་ཀྱི་གླུ་བྲོའི་རིག་གནས་ཉམས་དམས་སུ་འགྲོ་བཞིན་ཡོད་པ་ནི་སེམས་ཕངས་པ་ཞིག་རེད།དེང་སང་གཉེན་ལམ་སྒྲིག་སྐབས་གླུ་བྲོ་ལ་མཁས་པ་འགའ་གླས་ཏེ་བོད་བྲོ་འཁྲབ་ཏུ་བཅུག་པ་ནི་སྔར་སྲོལ་རྒྱུན་འཛིན་གྱི་ཐབས་ཡག་ཤོས་ཤིག་རེད་།ཡིན་ན་ཡང་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་ན་ན་གཞོན་ཚོ་ནི་མེད་དུ་མི་རུང་བས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱིས་སློབ་གྲྭ་ནང་སྒྱུ་རྩལ་དུས་ཆེན་སོགས་བཙུགས་ཏེ་སྲོལ་རྒྱུན་གྱི་གླུ་གར་རིག་གནས་འཁྲབ་སྟོན་དང་འགྲན་བསྡུར་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཞིག་རེད་སྙམ།

ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གཉིས་པ།༽

        བོད་ཀྱི་ཟློས་གར་ནི་མཐོ་སྒང་མི་རིགས་ཀྱི་གནའ་བོའི་སྲོལ་རྒྱུན་རིག་གནས་ནང་གི་ཕུལ་བྱུང་གི་སྒྱུ་རྩལ་ཞིག་ཡིན།དེ་ལ་ཁྱད་དུ་འཕགས་པའི་འཁྲབ་གཞུང་དང་འབུར་དུ་ཐོན་པའི་སྒྱུ་རྩལ་གྱི་རྣམ་པ་ཡོད་པར་མ་ཟད།མི་རིགས་ཀྱི་ཁྱད་ཆོས་མངོན་པར་དོད་ཅིང་ཁྱད་མཚར་བའི་བློས་བསླངས་དང་ཡིད་དབང་འགུགས་པའི་གཏམ་རྒྱུད་ཀྱིས་བརྒྱན་ནས་ཡོད།བོད་རིགས་ས་ཁུལ་དུ་དར་ཁྱབ་ཆེ་བའི་ཨ་ཅེ་ལྷ་མོ་ཞེས་པ་ནི་གླུ་གར་གྱི་རྣམ་པ་ལ་བརྟེན་ནས་བརྗོད་བྱ་མཚོན་པར་བྱས་པའི་ཕྱོགས་བསྡུས་ཀྱི་རང་བཞིན་ལྡན་པའི་སྒྱུ་རྩལ་ཞིག་རེད། བཤད་སྒྲོས་སུ་དུས་རབས་བཅོ་ལྔ་པར་བཀའ་བརྒྱུད་པ་ཐང་སྟོང་རྒྱལ་པོ་བརྩོན་འགྲུས་བཟང་པོས་ཟམ་པ་བསྐྲུན་པར་ཞལ་འདེབས་བསླང་བའི་ཆེད་དུ་གསར་དུ་བཏོད་པས་ཐང་སྟོང་རྒྱལ་པོ་ནི་ཨ་ཅེ་ལྷ་མོའི་ཤིང་རྟའི་སྲོལ་འབྱེད་དུ་བཀུར།དེ་ནས་བཟུང་ཟློས་གར་འཁྲབ་སྲོལ་ལྷ་སའི་ས་ཁུལ་དུ་ཁྱབ་པར་མ་ཟད། རིམ་བཞིན་དུ་མདོ་ཁམས་ཕྱོགས་སུ་དར་ཞིང་རྒྱས། དེ་དང་ཆབས་ཅིག་ས་ཁུལ་སོ་སོའི་ཡུལ་སྲོལ་གོམས་གཤིས་ཀྱི་ཁྱད་པར་གྱིས་ཁམས་པའི་ཟློས་གར་དང་ཨ་མདོའི་ཟློས་གར། རྒྱལ་རོང་གི་ཟློས་གར་བཅས་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་ལྟར་དུ་ཐོན་ཏེ་མཐོ་སྒང་དུ་ཟློས་གར་གྱི་རྐང་འཐུང་ལྗོན་ཤིང་ལ་མེ་ཏོག་སྣ་ཚོགས་སྡུག་གུར་བཀྲ། 

ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གཉིས་པ།༽

 ཨ་ཅེ་ལྷ་མོ་འཁྲབ་ཚུལ།

        དུས་རབས་ཀྱི་འཕོ་འགྱུར་དང་བསྟུན་ནས་ཟློས་གར་ལའང་འཕེལ་རྒྱས་སོང་བས་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་ཁམས་མི་ཉག་གི་བོད་ཀྱི་ཟློས་གར་ཨ་ཅེ་ལྷ་མོ་ལ་དཔྱིད་ཀྱི་དཔལ་ཡོན་ཤར། དཔྱད་གཞིའི་ཡིག་ཆ་རུ་བཀོད་པ་ལྟར་ན།དུས་རབས་ཉི་ཤུ་པའི་དུས་འགོར་ཁམས་མི་ཉག་སྐྱིད་ལེགས་དགོན་པའི་མཆོག་སྤྲུལ་སྐུ་ཕྲེང་དང་པོ་སྐལ་བཟང་ཡོན་ཏན་ལགས་ཀྱིས་མི་ཉག་ལ་གླུའི་དབྱངས་རྟ་རྨང་གཞིར་བྱས་ཏེ་ཟློས་གར་གྱི་གཞས་གདངས་ཉི་ཤུ་ལྷག་ཙམ་གསར་དུ་བཏོད་པས་མ་ཚད་སྐུ་དངོས་ཀྱིས་འཁྲབ་གཞུང་བརྩམས་ཏེ་གར་གྱི་སྟངས་སྟབས་དང་རྔ་རྡུང་སྟངས།སྦུག་ཆལ་དཀྲོལ་ཐབས་བཅས་ཁྲིད་གནང་མཛད་པས་མི་ཉག་ཨ་ཅེ་ལྷ་མོ་ལ་ཐུན་མོང་གི་ཁྱད་ཆོས་འཛོམས་པའི་ཐོག་མི་ཉག་ས་ཁུལ་གྱི་དམངས་ཁྲོད་གླུ་གར་གྱི་བཟང་ཆ་ཡང་འདུས་ཏེ་གཞན་དང་མི་འདྲ་བར་རྣ་བའི་བདུད་རྩིར་གྱུར་ཞིང་ཡིད་ཀྱི་དབང་པོ་འཕྲོག་པའི་ཟློས་གར་ཞིག་ཏུ་ཆགས། རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་ཨ་ཅེ་ལྷ་མོ་འཁྲབ་མཚམས་མི་འཇོག་ཀ་མེད་དུ་གྱུར་བས་འཁྲབ་གཞུང་དང་འཁྲབ་ཆས།རོལ་ཆ་སོགས་ལ་གཏོར་བརླག་ཆེན་མོ་ཐེབས།སྤྱི་ལོ་ཆིག་སྟོང་དགུ་བརྒྱ་དོན་དགུ་ལོར་གོང་རིམ་དབུ་ཁྲིད་ཀྱི་ཐུགས་ཁུར་དང་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་འཁྲབ་སྟོན་རུ་ཁག་བསྐྱར་གསོ་བྱས་ཏེ་བོད་ཀྱི་ཟློས་གར༼འགྲོ་བ་བཟང་མོ།༽དང༼ཆོས་རྒྱལ་ནོར་བཟང་།༽༼དྲི་མེད་ཀུན་ལྡན།༽བཅས་འཁྲབ་སྟོན་བྱས་པས་ཨ་ཅེ་ལྷ་མོ་ལ་སླར་ཡང་ཞོགས་པའི་ཉི་འོད་འཕྲོས་ཤིང་དཔྱིད་ཀྱི་སྦྲང་ཆར་གསོས་སུ་བབས།སྤྱི་ལོ་ཆིག་སྟོང་དགུ་བརྒྱ་བརྒྱད་ཅུ་གྱ་གཅིག་ལོར་ལོ་ན་གཞོན་པའི་འཁྲབ་སྟོན་པ་ཁག་ཅིག་གསོ་སྐྱོང་བྱས་ཏེ་ཟློས་གར་པ་དང་མདོ་འཛིན་པ།རོལ་མོ་བ། ཆས་གཞུག་པ།བཞད་གད་པ་བཅས་ཟློས་གར་གྱི་ཡན་ལག་ལྔ་ཅི་འཇོན་གང་ཐུབ་ཀྱིས་འཐུས་ཚང་དུ་བཏང་རྗེས་མི་ཉག་གི་དམངས་ཁྲོད་དུ་རླུང་ལྟར་གྲགས་པའི༼ཁྱུང་ཟླ་དང་བུ་ཆུང་།༽ཞེས་པའི་གཏམ་རྒྱུད་དེ་འཚོལ་སྡུད་དང་ལེགས་སྒྲིག་བྱས་ནས་འཁྲབ་སྟོན་མཛད།འཁྲབ་སྟོན་དེའི་གར་སྟེགས་ཀྱི་རྒྱབ་ལྗོངས་ནི་འཁྲབ་གཞུང་གི་བརྗོད་དོན་དང་མཐུན་ལ་འཁྲབ་མཁན་གྱི་བརྗོད་གཏམ་དང་གཞས་གདངས་བཅས་སྙན་ཞིང་འཇེབས་ལ་གོ་བདེ་བ་དང་།གར་གྱི་སྟབས་སྟབས་ལ་མི་ཉག་བོད་བྲོའི་ཁྱད་ཆོས་ལྡན་པས་རྒྱ་ཆེའི་ལྟད་མོ་བ་རྣམས་ཀྱི་ཡིད་དབང་འཕྲོགསྤྱི་ལོ་ཆིག་སྟོང་དགུ་བརྒྱ་གྱ་བཞི་ལོར་དམངས་ཁྲོད་ཀྱི་གཏམ་རྒྱུད་གཞིར་བཟུང་ནས༼ཉི་མ་དང་ཟླ་བ།༽ཞེས་པ་གསར་སྒྲིག་བྱས་རྗེས་མུ་མཐུད་དེ་ལོ་རྒྱུས་ཀྱི་འཁྲབ་གཞུང༼ཐང་སྟོང་རྒྱལ་པོ།༽ཞེས་པའང་གསར་དུ་བསྒྲིགས་ཏེ་འཁྲབ་སྟོན་བྱས་པས་ཨ་ཅེ་ལྷ་མོ་ཞེས་གནམ་ལ་འབྲུག་གྲག་པ་ལྟར་ཕྱོགས་བཞི་རུ་ཁྱབ་ཅིང་ས་ལ་མེ་ཏོག་བཞད་པ་ནང་བཞིན་མིག་ལམ་དུ་མཛེས་པས་དད་ལྡན་མི་ཉག་པ་རྣམས་ཀྱིས་བསྟོད་པའི་ཁ་དར་དཀར་པོ་གནམ་ལ་ཕྱར་ཞིང་མཆོད་པའི་མེ་ཏོག་སེར་པོ་དགུང་ལ་གཏོར། མི་ཉག་པ་ནི་གླུ་ལ་མཁས་ཤིང་གར་ལ་བྱང་བ་དང་གླུ་ལེན་དུས་ངག་གི་འགྱུར་ཁུག་མང་ལ་སྐད་གསང་མཐོ་བས་ནམ་མཁའི་སྤྲིན་དཀར་གཏོར་ལ་ཆུ་བོའི་ཉ་མོ་དཀྲོགས་པ་ལྟ་བུའི་ངོ་མཚར་ཆེ།ཁམས་མི་ཉག་ཏུ་དར་བའི་ཨ་ཅེ་ལྷ་མོ་ཞེས་ཕྱི་ནང་ཀུན་ལ་སྙན་པའི་གྲགས་པ་འབར་བའི་རྒྱུ་མཚན་ནི།དེ་ནི་སྙན་ངག་དང་རོལ་མོ།གླུ་གར་བཅས་ཕྱོགས་གཅིག་ཏུ་འདུས་པའི་སྒྱུ་རྩལ་ཞིག་ཡིན་པ་དང་།སྐྱེས་པ་རྣམས་ཀྱི་རྔམ་བརྗིད་ཆེ་བའི་གོམ་སྟབས་དང་བུད་མེད་རྣམས་ཀྱི་བབ་ཆགས་ཡིད་དུ་འོང་བའི་སྒེག་ཉམས།སྙན་ཞིང་འཇེབས་པའི་གཞས་གདངས་དང་གསོན་ཉམས་དོད་པའི་གཏམ་རྒྱུད་ཀྱིས་ཆུ་རྒྱུན་ལྟ་བུའི་ཡུན་རིང་གི་ལོ་རྒྱུས་དང་།རྣམ་པར་བཀྲ་བའི་ཡུལ་སྲོལ་གོམས་གཤིས་བཅས་རྒན་དར་གཞོན་གསུམ་རྣམས་ཀྱི་མིག་ལམ་དུ་གསལ་པོར་སྟོན་པས་དེ་ནི་ཤར་མི་ཉག་རིང་མོའི་གཡུ་ཡི་མེ་ལོང་ལྟ་བུ་ཞིག་ཡིན་ནོ།།


རྩོམ་ཡིག་སྔོན་མ།
གཏམ་རྒྱུད་ཁག་གསུམ།
རྩོམ་ཡིག་རྗེས་མ།
ཨ་ཕ་ཆོས་རྒྱལ་ཚང་གི་མག་པ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1