ཟླ་བའི་ཁ་པར་གསར་བ

རྟ་མགྲིན་འཚོ། (པེ་ཅིན།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28


1

སློབ་ཁྲིད་ཚོགས་བརྡ་བརྒྱབ་བྱུང་།  འོན་ཀྱང་སློབ་ཁང་དུ་ནམ་རྒྱུན་དང་མི་འདྲ་བའི་སྐད་ཅོར་དང་འུར་ཟིང་གིས་ཁེངས་འདུག འདི་ནི་གཟའ་འཁོར་གཅིག་གི་ཆེས་མཇུག་མཐའི་སློབ་ཐུན་ཡིན་པའི་རྐྱེན་ཡིན་སྲིད་ལ། ཡང་ན་བཅའ་སྡོད་སློབ་གྲྭའི་སློབ་མ་དག་གིས་གནང་བ་སྟེར་ཐེངས་རེར་རང་ཡུལ་ལ་ལོག་པའི་ནང་སེམས་ཀྱི་དགའ་མགུ་དང་སྤྲོ་བ་མནོན་མ་ཐུབ་པར་ཕྱིར་མངོན་ཚུལ་ཞིག་ཀྱང་ཡིན་པ་འདྲ། གང་ལྟར་སློབ་གྲོགས་ཚོ་ནི་སྔར་བཞིན་སློབ་ཁང་ནང་དུ་ཡར་བདའ་མར་བདའ་བྱས་ནས་རོལ་རྩེད་ལ་འཇུག་བཞིན་ཡོད།

“སློབ་ཁྲིད་ཚོགས་བརྡ་བརྒྱབ་བྱུང་། ཚོགས་བརྡ་བརྒྱབ་བྱུང་། མུག་ཕྲུག་སྤྱན་བཞི། ལམ་ཕྱེ་དང་། སློབ་ཐུན་འདི་གྲོལ་རྗེས་རང་ཡུལ་ལ་ལོག་ཆོག་པ་རེད།” ནོར་བུ་མི་ཆེན་གྱིས་དེ་ལྟར་འུར་རྒྱག་ཞོར་ངའི་ཅོག་ཙེའི་གམ་ན་ལངས་འདུག་པའི་སློབ་གྲོགས་དེ་ཕུད་གཏད་ཀྱིས་ཕར་བསྐྲད་རྗེས་འགྱིང་ཉམས་ཀྱིས་ངའི་ལྟག་རྒྱབ་ཀྱི་འདུག་གནས་ལ་ཕྱིན།

ནོར་བུ་མི་ཆེན་གྱིས“མུག་ཕྲུག་སྤྱན་བཞི”ཞེས་འབོད་པ་དེ་ནི་ངའི་གྲལ་མཚེས་ཟླ་བ་རེད། ཁོ་སར་འགྱེལ་ཙམ་བྱས་མོད། དལ་བ་དལ་བུར་ཕྱིར་ཀྲོང་ངེ་ལངས་ནས་གདོང་གི་མིག་ཤེལ་དེ་ཕྱིར་དྲང་མོར་བཅོས་རྗེས། ཅི་ཡང་མི་སྨྲ་བར་ཚུར་ཡོང་སྟེ་ངའི་གམ་གྱི་འདུག་སྟེགས་སུ་བསྡད། ཁོས་ནོར་བུ་མི་ཆེན་ལ་ཐ་ན་མི་དགའ་བའི་རྣམ་འགྱུར་ཙམ་ཡང་མ་བསྟན། ངའི་བསམ་ཕྱོགས་ལྟར་ན། གལ་སྲིད་ཟླ་བ་ནི་ནོར་བུ་མི་ཆེན་གྱིས་ས་ལ་བསྒྱེལ་སོང་བའི་དབང་དུ་བཏང་ནའང་འཛིན་གྲྭ་འདིའི་ནང་དུ་ཁོ་རང་ཡར་སྐྱོར་མཁན་ཞིག་ཡོད་མི་སྲིད། དེ་ནི་ཟླ་བ་སྨྲ་བ་ཉུང་ཞིང་ཁེར་འགྲོ་ཁེར་འདུག་ལ་དགའ་བའི་རྒྱུ་རྐྱེན་ཡིན་ལས་ཆེ་ལ། ཡང་ན་ཁོའི་ལག་ཏུ་སློབ་གྲོགས་གཞན་དང་འདྲ་བའི་དངུལ་མང་པོ་མེད་པས་ཀྱང་ཡིན་སྲིད།

གང་ལྟར་ངས་ཟླ་བའི་སྐམ་ཞིང་རིད་པའི་རྒྱབ་གཟུགས་མཐོང་ཐེངས་རེར་དེ་ནི་ལམ་འགྲམ་གྱི་གློག་སྡོང་ཞིག་དང་འདྲ་བར་ནམ་ཡང་ཁེར་རྐྱང་གི་སྡུག་བསྔལ་གྱིས་མནར་བཞིན་ཡོད་པ་ལས། ཁོས་བྱས་པའི་ནག་ཉེས་ཏིལ་འབྲུ་ཙམ་ཡང་མཐོང་ཐབས་བྲལ། གལ་སྲིད་ང་རང་ཟླ་བ་དང་འདྲ་བའི་སློབ་མ་ཕོ་ཞིག་ཡིན་ཚེ་ངས་ཁོ་དང་གྲོགས་བསྒྲིགས་ནས་ཁོ་རང་ཁེར་རྐྱང་གི་སྨུག་ལུང་དེ་ལས་སྐྱོབ་ཐུབ་བྱ་ངེས་ཡིན།

ངས་ཁོ་ལ“ནོར་བུ་མི་ཆེན་ནི་བ་གླང་ཞིག་དང་ཨ་ན་མ་ན་རེད། ལུས་རྒྱགས་ཤིང་ཤེད་ཆེ་བ་ཙམ་ལས་གཞན་ཅི་ཡང་མི་ཤེས”ཞེས་བཤད་པ་ན།  ཟླ་བས་སྐམ་ཞིང་རིད་ལ་ཅུང་ནག་པོའི་གདོང་ལས་ཤེལ་མིག་དེ་ཡར་གཏད་ཙམ་བྱས་རྗེས། བཙན་གྱིས་ངའི་ཕྱོགས་ལ་འཛུམ་ཞིག་བསྟན་ཏེ“ང་ས་ལ་འགྱེལ་ཙམ་བྱས་པ་ལས་སྐྱོན་ཅི་ཡང་མ་བྱུང”ཞེས་ཟེར་ཞོར་དཔེ་ཁུག་ལས་བོད་ཡིག་གི་བསླབ་དེབ་ཡར་བླངས་ཏེ་ཅོག་ཙེའི་སྟེང་ལ་བཞག་རྗེས། སྔར་བཞིན་ཅི་མི་སྙམ་པར་ཁ་རོག་གེར་བསྡད།

རེད་ཡ། ང་དང་ཟླ་བ་གཉིས་གྲལ་མཚེས་བྱས་པའི་འདས་པའི་ལོ་གཉིས་ཀྱི་རིང་ལ། ཟླ་བས་ནོར་བུ་མི་ཆེན་སོགས་ཀྱི་འཕྱ་དམོད་དང་མཐོང་ཆུང་། སྙད་རྐོ་གང་མང་ཞིག་ལ་བཟོད་སྒོམ་དང་གུ་ཡངས་བཏང་སྟེ། དེ་རིང་ནང་བཞིན་ཅི་ཡང་མ་བྱུང་བ་ལྟར་གནས་ཐུབ་པ་ནི་ཟླ་བ་ལ་ནམ་མཁའ་དང་རྩྭ་ཐང་ནང་བཞིན་ཁོད་ཡངས་བའི་སེམས་རྒྱ་ཞིག་ཡོད་པའི་སྟབས་ཡིན་པ་ངས་གསལ་བོར་རྟོགས་ཡོད། འོན་ཀྱང་། དེ་རིང་ཁོའི་ཉམ་ཆུང་གི་བཟོ་ལྟ་དེ་ཡང་བསྐྱར་ངའི་མཐོང་ལམ་དུ་ལྷུང་བ་ན། ཅིས་ཀྱང་ཁོ་ལ་སེམས་གསོ་ཞིག་བྱ་དགོས་སྙམ་སྟེ། གསང་རྒྱ་ཆེན་མོ་ཞིག་བརྟོལ་བའི་ཚུལ་གྱིས་སྐད་གདངས་དམའ་མོས་ཁོ་ལ“ནོར་བུ་མི་ཆེན་ནི་གཟའ་འཁོར་སྔོན་མར་ཁྱོད་ལ་རང་སློབ་གྲྭའི་དམའ་འབྲིང་སློབ་མ་ཡོངས་ལས། རྩོམ་རིག་འགྲན་སྡུར་ཁྲོད་ཀྱི་བྱ་དགའ་ཨང་དང་པོ་འཐོབ་པ་ལ་ཕྲག་དོག་སྐྱེ་བཞིན་པ་ཁོ་ཐག་རེད” ཅེས་བཤད།  ཟླ་བས་འདང་ཞིག་བརྒྱབ་རྗེས“དཔེ་མི་སྲིད”ཅེས་པའི་ཡིག་འབྲུ་གསུམ་ལས་གཞན་ཅི་ཡང་མ་བཤད།   

ཚིག་དེ་བཤད་ནས་ཅང་མ་འགོར་བར། ཁོའི་གདོང་ནས་ནམ་རྒྱུན་མཐོང་དཀའ་བའི་པྲ་ཆལ་གྱི་འཛུམ་མདངས་ཤིག་མངོན་བྱུང་། ངས་ཅི་ཡིན་ཆ་མ་འཚལ་བར་ཁོས་ཅི་ཞིག་བྱ་བར་སྒུག་ནས་བསྡད། དེའི་ཚེ་ཟླ་བའི་གདོང་གི་འཛུམ་མདངས་ནི་པྲ་ཆལ་དང་དགའ་སྤྲོ། ཡང་ན་ང་རྒྱལ་དང་ཅུང་ཡིད་ཚིམ་པ་སོགས་འདྲེས་མ་ཞིག་ཏུ་གྱུར། དེ་ནི་ཚིག་སྦྱོར་གྱི་ཕྲེང་བས་མཚོན་ཐབས་བྲལ་བའི་མཛུམ་མདངས་ཤིག་རེད།  ངས་མུ་འཐུད་དུ་ཁོ་ལ་བལྟས་ནས་བསྡད། ཁོས་ལག་པ་གཡས་པས་ལོ་གཉིས་ལ་བརྗེ་མ་མྱོང་ལ་བཀྲུས་ནས་མདོག་ཀྱང་ཡལ་ཟིན་པའི་སློབ་ལྭའི་རྐང་སྣུམ་དེའི་གློ་ཁུག་ནས། ཧ་ཅང་གཅེས་པའི་ངང་གིས་ཁ་པར་གསར་བ་ཞིག་བླངས་ཏེ་ང་ལ་བསྟན་བྱུང་།

ཁ་པར་གསར་བ་དེ་ནི་དོན་དམ་དུ་ཁ་པར་རྙིང་བ་ཞིག་རེད།

དེ་ནི་རང་ག་བའི་ཁ་པར་རྙིང་བ་ཙམ་མ་ཡིན་པར་འཛམ་གླིང་འདིར་ཆེས་རྫོགས་ལྡན་གྱི་ལག་རྩལ་དུ་བགྲང་བཞིན་པའི་ཀུ་ཤུ་ཨང་རྟགས་ལྔ་བ་ཉིད་རེད། ཁ་པར་དེའི་ངོས་ཧྲིལ་བོ་གསལ་ཞིང་འཇམ་པའི་ཤེལ་རིགས་ཁྱད་པར་བ་ཞིག་གིས་བཟོས་ཡོད་པས་ཁ་པར་ནང་ནས་བརྙན་རིས་ལ་ལྟ་བ་དང་བརྡ་འཕྲིན་ཀློག་པ་སོགས་གང་རུང་བྱས་ནའང་། སྔོན་ཆད་ཀྱི་ལྗིད་ཅིང་སྟུག་ལ་སློབ་གྲོགས་ཀུན་གྱིས་འཕྱ་བའི་གནས་སུ་གྱུར་ཡོད་པའི་ཟླ་བའི་ཁ་པར་རྙིང་བ་དེ་ལས་ལྡབ་འགྱུར་གྱིས་གསལ་ལ་སྟབས་བདེ་བ་དང་། དམའ་འབྲིང་ལོ་རིམ་གསུམ་པར་འཕར་མ་ཐག་པའི་ང་ཚོར་མཚོན་ན་ཁ་པར་དེ་ནི་གཞི་ནས་རྩ་ཆེ་དྲགས་ཤིང་གསར་སྟོབས་ཀྱིས་ཕྱུག་པས། ཁ་པར་རྙིང་པ་དེ་ལ་ང་ཡིས་ཟླ་བའི་ཁ་པར་གསར་བ་ཞེས་འབོད་བཞིན་ཡོད།

2

ཟླ་བ་རྐུབ་སྟེགས་ལས་ངའི་ཕྱོགས་ལ་ཅུང་ཙམ་ཚུར་ནུར་ཏེ་ཧ་ཅང་གཅེས་པའི་ངང་གིས་ཁོའི་སྙིང་གི་ཕྱེད་ཀར་གྱུར་ཡོད་པའི་ཁ་པར་གསར་བ་དེ་ལག་པ་གཉིས་ཀྱི་ཁྱོར་བར་བཟུང་ནས་ང་ལ་ངོམ་བྱུང་། ཁོས་ཁ་པར་གསར་བ་དེའི་ཁྱད་མཚར་གྱི་ནུས་པ་དང་ཡིད་འཕྲོག་པའི་ཁྱད་ཆོས་དག་ང་ལ་རེ་རེ་བཞིན་གསལ་བཤད་བྱེད་གྲབས་བྱེད་སྐབས། རྫས་འགྱུར་དགེ་རྒན་སློབ་ཁང་སྒོ་ཁ་ནས་འཛུལ་ཡོང་བ་ངའི་འདྲེན་བྱེད་ཀྱི་ཡོལ་བར་ལྷུང་། ཁོས་འུར་ཟིང་གིས་ཁེངས་བའི་སློབ་ཁང་གི་རྣམ་པ་མཐོང་མ་ཐག ཅུང་མི་དགའ་བའི་ཉམས་ཀྱིས“སློབ་ཁྲིད་ཚོགས་བརྡ་བརྒྱབ་ནས་སྐར་མ་ལྔ་ལྷག་འགོར་ཟིན་ནའང་། ཁྱོད་ཚོ་རང་གནས་སུ་མི་འདུག་པར་ཡར་རྒྱུགས་མར་རྒྱུགས་བྱས་ནས་ཅི་བྱེད”ཅེས་སྨྲས་པ་ན།  སློབ་གྲོགས་ཚང་མ་དར་ཅིག་ཏུ་ཡར་ལངས་ཏེ་མ་བགྲོས་རང་མཐུན་གྱིས་ཁོང་ལ་ཁམས་བདེ་ཞུས། ཡང་ཁོས“མར་ཙོག དེ་རིང་སློབ་ཁྲིད་མི་བྱེད། ཚང་མས་རང་སྦྱོང་བྱོས། རྫས་འགྱུར་དང་འབྲེལ་མེད་གྱི་དཔེ་ཆར་བལྟ་མི་ཆོག འུར་མ་རྒྱག” ཅེས་སློབ་ཐུན་གང་མང་ཞིག་ལ་ལབ་མྱོང་བའི་སྐད་ཆ་དེ་ཡང་བསྐྱར་བཤད་རྗེས། སྣང་དོགས་ཅི་ཡང་མི་བྱེད་པར་ཧ་ཅང་གོམས་པའི་ཚུལ་གྱིས་གཡོན་ལག་ནས་དུ་བ་རྐང་གཅིག་བླངས་ཏེ་ཁ་ནང་ལ་བཙུགས།

འདི་ནི་རྫས་འགྱུར་དགེ་རྒན་གྱི་སེམས་ཁམས་མ་སྐྱིད་པས་སློབ་ཁྲིད་བྱེད་མ་འདོད་པའི་རྟགས་ཤིག་ཡིན། དེ་མིན་ཁོང་གི་ནམ་རྒྱུན་གྱི་བྱ་ལུགས་ལས་ཁོང་གིས་ང་ཚོ་སློབ་མ་ཚོའི་སློབ་སྦྱོང་དང་ལང་ཚོ། ཐ་ན་མདུན་ལམ་སོགས་ཀྱི་ཐད་ལ་བསམ་གཞིག་སྤུ་ཙམ་ཡང་གཏོང་ཀྱིན་མེད་པའི་ཚོར་བ་ཞིག་ང་ལ་འགོག་མེད་སྐྱེས་འོང་།

ཅིའི་ཕྱིར་ཞེ་ན། ཁོང་ནི་སློབ་རའི་ནང་དུ་ཡོད་པའི་དུས་ཚོད་ཧ་ཅང་ཉུང་སྟེ། ཟླ་སྔོན་མར་ཡོད་ན་རྗེས་མར་མེད་ལ་སུས་ཀྱང་ཁོ་གང་དུ་སོང་བ་མི་ཤེས།  ཁོ་སློབ་གྲྭ་ན་མེད་པའི་དུས་སུ་ང་ཚོས་རྫས་འགྱུར་སློབ་ཐུན་ལ“རང་སྦྱོང”བྱ་དགོས་པར་མ་ཟད།  སྐབས་འགར་ཁོང་སློབ་གྲྭ་ན་ཡོད་དུས་ཀྱང“རང་སྦྱོང”བྱ་དགོས་ཟེར། ཡང་གཅིག་བཤད་ན་ང་ཚོའི་རྫས་འགྱུར་དགེ་རྒན་ནི་སློབ་ར་གྲུ་བཞི་འདིའི་ནང་དུ“འགྲོ་འདུག་རང་དབང”བྱེད་ཕོད་པའི་དགེ་རྒན་གཅིག་པུ་དེ་ཡིན།  དེ་ཡང་། ང་ཚོའི་སློབ་གྲྭ་ཧྲིལ་བོར་རྫས་འགྱུར་ཆེད་ལས་ཅན་གྱི་དགེ་རྒན་རྒན་པ་གཅིག་མ་གཏོགས་མེད་པས། རྫས་འགྱུར་ཆེད་ལས་ཀྱི་སློབ་མཐར་འཛིན་ཡིག་ཡོད་པའི་ང་ཚོའི་རྫས་འགྱུར་དགེ་རྒན་ནི་སློབ་གྲྭ་འདིའི་ནང་དུ་སྔར་བཞིན་ཤིན་ཏུ་དགོས་མཁོ་ཆེ་བ་ཞིག་ཏུ་སྣང་ཡོད།

སློབ་ཐུན་གང་རུང་ཞིག་ལ“རང་སྦྱོང”བྱེད་པ་ནི། ང་ཚོའི་འཛིན་གྲྭར་མཚོན་ན་དོན་དམ་དུ་སློབ་གྲོགས་ཚོས་རང་རང་གི་གློ་ཁུག་ཏུ་སྦས་ཡོད་པའི་ཁ་པར་ཕྱིར་བཏོན་ནས་རོལ་རྩེ་དང་གླུ་དབྱངས། བརྙན་ཐུང་སོགས་ལ་རོལ་བའི་གོ་སྐབས་སྤྲད་པ་ཡིན། དེ་རིང་ཡང་སློབ་གྲོགས་ཀུན་ནི་དེ་ལས་མ་འདས་བར་རང་དགར་བྱེད་བཞིན་མཆིས། ཟླ་བས་ངའི་ཕྱོགས་ལ་ཡང་བསྐྱར་པྲ་ཆལ་གྱི་འཛུམ་ཆུང་ཞིག་བསྟན་རྗེས།  མགོ་བོ་སྒུར་ནས་ཅོག་ཙེའི་སྟེང་གི་བོད་ཡིག་བསླབ་དེབ་ཀྱི་བར་བཅུག་ཏུ་སྦས་ཡོད་པའི་ཁ་པར་གསར་བ་དེའི་ཁྱད་མཚར་རྟོག་བཅོས་ཀྱི་འཇིག་རྟེན་ལ་ཟུག་འགོ་བརྩམས།

དྲང་མོར་བཤད་ན། ཟླ་བ་ནི་ངེད་འཛིན་གྲྭའི་ཁྲོད་སྐར་འབྲས་རྩེ་གྲས་ཅན་གྱི་སློབ་བུ་མིན་མོད། འོན་ཀྱང་། ཁོས་རྒྱ་བོད་ཡིག་གང་རུང་གིས་བྲིས་པའི་རྩོམ་ཡིག་ནི་ནམ་ཡང་འཛིན་གྲྭའི་རྩེ་མོ་ཡིན། དེ་མིན་ཁོ་རང་རྒྱུན་པར《གླིང་གེ་སར་གྱི་སྒྲུང་།》དང་རྒྱ་ཡིག་གི་དྲག་རྩལ་བརྩམས་སྒྲུང་ལ་ལྟ་ཀློག་བྱེད་པར་ཧ་ཅང་དགའ། དེ་བས་ཁ་པར་ཁྲོད་ཀྱི་རོལ་རྩེད་དང་བརྙན་ཐུང་སོགས་ཀྱིས་ཟླ་བ་ལ་བསླུ་བྲིད་ཉག་ཙམ་ཡང་གཏོང་ཐུབ་ཀྱིན་མེད། འོན་ཏེ། ཁ་པར་ནང་གི་གློག་རྡུལ་འཕྲུལ་དེབ་ན་མཆིས་པའི་རིན་མེད་བརྩམས་སྒྲུང་དག་གིས་ཟླ་བའི་ཡིད་ཀྱི་བརྟན་པ་རབ་ཏུ་འཕྲོག་བཞིན་ཡོད་ལ། ཁ་པར་གསར་བ་དེ་ཁོང་གི་གཅེས་ནོར་དུ་གྱུར་ཡོད་པའང་རྐྱེན་དེ་ལས་མ་འདས།

ཏག་ཏག་སྐབས་དེར་རྒྱབ་ཕྱོགས་ནས་བསམ་ཡུལ་ལས་འགོངས་བའི་ལག་ངན་ཞིག་བསྲིངས་འོང་ཏེ། ཟླ་བས་ལྟ་བཞིན་པའི་ཁ་པར་གསར་པ་དེ་ཡུག་གཅིག་གིས་འཕྲོགས་སོང་། ཟླ་བ་དང་ངེད་གཉིས་མ་བགྲོས་རང་མཐུན་གྱིས་ཕྱིར་འཁོར་ནས་བལྟས་བ་ན། མ་གཞི་ནོར་བུ་མི་ཆེན་གྱི་འདྲེ་ལག་ཡིན་འདུག ཁོས་ཟླ་བའི་ཁ་པར་དེ་ཕྱི་བསྐོར་ནང་བསྐོར་གྱིས་བལྟས་བལྟས་རྗེས། མཐོང་ཆུང་གི་ཉམས་ཀྱིས་ཁ་པར་ཕྱིར་ཟླ་བའི་ཕྱོགས་ལ་གཡུགས་ཞོར་དུ། “སྤྲང་ཕྲུག་འདིའི་ཁ་པར་ཕྱི་རྫིག་པ་ཙམ་ལས་ནང་ཁོག་སྟོང་སྐམ་པོ་རེད། སྤོ་འགུལ་བྱང་བུ་བཞག་མེད་པའི་ཁར་རོལ་ཆོག་པའི་མཉེན་ཆོས་གཅིག་ཀྱང་ཕབ་ལེན་བྱས་མི་འདུག ཐ་ན་སྐད་འཕྲིན་ཡང་མི་འདུག”ཅེས་འཕྱ་དམོད་ཀྱིས་ཕྱུག་པའི་གཏམ་དེ་བཤད་མ་ཐག ནོར་བུ་མི་ཆེན་གྱི་གམ་ན་ཡོད་པའི་སློབ་བུ་དག་གིས་ཁྲེལ་དགོད་ཀྱི་ཧབ་ཆ་དིར་རེ་བྱས། དེའི་ཚེ་རྫས་འགྱུར་དགེ་རྒན་སློབ་ཁང་གི་གྲལ་མགོའི་རྐུབ་སྟེགས་ནས་ཡར་ལངས་ཏེ་ང་ཚོའི་ཕྱོགས་ལ་བལྟས་ནས་སྐད་གསང་མཐོན་པས“གྲལ་མཇུག་གི་སློབ་གྲོགས་ཁྱོད་ཚོ་ཁ་རོག་སྡོད་མི་ཚུགས་སམ”ཞེས་བཤད་པ་ན། ཡོད་ཚད་སྐད་ཅིག་མར་ཁུ་སུམ་མེར་གྱུར་ལ་སློབ་གྲོགས་ཚང་མས་མྱུར་བར་རང་སོ་སོའི་ཁ་པར་སྦས་ཏེ་དཔེ་དེབ་ལ་ལྟ་བའི་ཚུལ་བཅོས།

ཅུང་ཙམ་འགོར་རྗེས། ཟླ་བས་ཡང་བསྐྱར་བོད་ཡིག་གི་བསླབ་དེབ་ཀྱི་བར་ནས་ཁ་པར་གསར་བར་ལྟ་འགོ་བརྩམས་བྱུང་། ངས་ཁོ་ལ“ཁྱོད་ཀྱི་ཁ་པར་འདིའི་ནང་དུ་དངོས་གནས་བྱང་བུའང་མེད་དམ”ཞེས་དྲིས་པ་ན། ཁོས་བཤད་རྒྱུར“ང་ཡིས་སྐུད་མེད་དྲ་རྒྱ་ཡོད་ས་ཞིག་ནས་ཁ་པར་འདིའི་ནང་ལ་གློག་རྡུལ་འཕྲུལ་དེབ་མང་པོ་ཞིག་ཕབ་ལེན་བྱས་ཡོད་པས་ད་ནི་བྱང་བུ་མེད་ཀྱང་བརྩམས་སྒྲུང་བཀླག་ཆོག”ཅེས་གསལ་བཤད་བྱས།

ངས་བསམ་ན་ཟླ་བའི་ཁ་པར་གསར་བ་དེ་ནི་དཔེ་སྒྲོམ་ཆུང་ཆུང་ཞིག་ཡིན་ལ། དེ་ནི་ཁོའི་ནང་སེམས་ན་སྙེག་བཞིན་པའི་ཁྱད་མཚར་རྟོག་བཅོས་ཀྱི་འཇིག་རྟེན་དེའི་འཐུས་ཚབ་ཡིན་ངེས་ལ། ཡུལ་དུས་ཀྱི་བཀག་རྒྱ་བརྟོལ་ནས་བསམ་པའི་གཤོག་འགྱུར་ཅི་དགར་བརྐྱངས་ཆོག་པའི་བརྩམས་སྒྲུང་གི་ཨ་སྔོན་དེ་ཡང་ཡིན་ངེས།

ཡང་ན། ཁོ་རང་འཇིག་རྟེན་འདིའི་སྟེང་དུ་སྨག་རུམ་དང་ནམ་མཁའ་ལས་གཞན་པའི་བྱ་དངོས་མཐའ་དག་ལ་ཞེན་པ་ལོག་ཏེ་སྨག་རུམ་དང་ནམ་མཁའ་ཁོ་ན་ཡོད་པའི་འཇིག་རྟེན་གཞན་ཞིག་ལ་སྙེག་བཞིན་ཡོད་པས་ཀྱང་ཡིན་སྲིད།

ཡང་ན། ནམ་ཞར་ཁེར་རྐྱང་གི་སྨུག་པ་བཀླུབས་ཡོད་པའི་ཟླ་བས་ཁེར་རྐྱང་གིས་སྦྱིན་པའི་དགེ་འབྲས་ལ་ལོངས་སུ་སྤྱོད་སྟངས་ཤིག་ཀྱང་ཡིན་སྲིད།

ད་དུང་། ཁོ་ལ་ཀློག་འདོད་པའི་དཔེ་དེབ་དེ་འདྲ་མོད་པོ་ཞིག་དངོས་སུ་ཉོ་བྱེད་ཀྱི་དངུལ་མང་པོ་ཞིག་སྟེར་མཁན་མེད་པས་ཀྱང་ཡིན་སྲིད།

གང་ལྟར་ངས་ད་ལྟ་གསལ་ཐག་ཆོད་པ་ཞིག་ནི་ཟླ་བའི་ཁ་པར་ནི་ཁོ་ལ་མཚོན་ན་ནང་སེམས་ཀྱི་དྲོད་ཁོལ་འཚོལ་སའི་དཔེ་མཛོད་ཁང་ཆུང་ཆུང་ཞིག་ཡིན།

3

སློབ་གྲོགས་ཚོ་ནི་རང་རང་ས་ན་མགོ་བོ་སྨད་དེ་ཁ་རོག་གེར་དཔེ་དེབ་བར་ལ་སྦས་ཡོད་པའི་ཁ་པར་ལ་གཡེང་བཞིན་འདུག  འོན་ཏེ་ང་ནི་རང་ཁྱིམ་དུ་ལོག་པར་སྤྲོ་བ་འབུམ་གྱིས་མྱོས་པས། དཔེ་དེབ་དང་ཁ་པར། ཐ་ན་རོལ་རྩེད་སོགས་གང་ལའང་རོལ་འདོད་ཡེ་ནས་མ་བྱུང་བས། ངང་སྒུག་ཆེན་པོས་སློབ་ཐུན་གྲོལ་བའི་ཅོང་བརྡ་ལ་རྣ་བས་སྙེག་ཞོར་སྟོང་འདང་བརྒྱབ་ནས་ཆུ་ཚོད་ཕར་བསྐྱེལ་ཐབས་བྱས།

ཞིབ་འདང་ཞིག་རྒྱབ་ན། ནམ་རྒྱུན་སློབ་གྲྭ་ནས་གནང་བ་སྟེར་ཐེངས་རེར་ཟླ་བ་ནི་ཡུལ་ལ་ལོག་རྒྱུར་ང་དང་འདྲ་བའི་སྤྲོ་སེམས་དང་རེ་སྒུག་གིས་ཁེངས་མེད་པ་འདྲ། གོ་ཐོས་ལ། ཟླ་བའི་ཨ་ཕ་ནི་སྔ་མོ་ནས་འཇིག་རྟེན་འདི་དང་གྱེས་སོང་ཟེར་ལ་ཕ་གཡར་གྱིས་ཟླ་བར་རྟག་ཏུ་གཅར་རྡུང་སྐོར་གསུམ་བྱེད་ཚུལ་སོགས་གོ་ཐོས་ཙམ་ཡོད་མོད། འོན་ཀྱང་དེ་དག་བདེན་མིན་གྱི་སྐོར་ངས་ཟླ་བར་འདྲི་མི་ཕོད་ལ་ཁོས་ཀྱང་ང་ལ་གླེང་མ་མྱོང་།

གློ་བུར་ཟླ་བས་ཁ་པར་གསར་བ་དེའི་ནང་གི་གློག་རྡུལ་དཔེ་དེབ་ལ་ལྟ་མཚམས་བཞག་སྟེ་ངའི་ཕྱོགས་ལ་འཁོར་བ་ན། ངས་གཞི་ནས་རང་གིས་ཟླ་བའི་གདོང་ལ་ཧད་ནས་ཡུན་རིང་ཞིག་འགོར་ཡོད་པ་ཚོར་ལ། དེས་ངེད་གཉིས་ལ་ཅུང་དོགས་མི་བདེ་བའི་སྣང་བ་ཞིག་བྱིན་པས་ཅི་བྱ་དགོས་བའང་མི་ཤེས་བར་གྱུར་བ་ན། ཟླ་བས་ཅི་ཡིན་འདི་ཡིན་མེད་པར་ཅུང་འཚུབ་ཆའི་ངང་ནས“ཁ་པར་འདི་ནི་ངའི་ཕ་གཡར་གྱི་ཁ་པར་རྙིང་བ་དེ་ཡིན། ངས་ཨ་མར་ཞུ་བ་བྱས་བྱས་མཐར། ད་གཟོད་གཟའ་འཁོར་སྔོན་མར་རྩོམ་རིག་བྱ་དགའ་འཐོབ་པ་དེའི་ལེགས་སྐྱེས་ཀྱི་ཚུལ་དུ་ལྐོག་ཏུ་ཕ་གཡར་ལ་མི་ཤེས་པར་བྱས་ཏེ། གཟའ་འཁོར་འདི་གཅིག་པུར་ང་ལ་གཡར་རྒྱུ་ཁས་བླངས་པ་ཡིན། འུ....... ངས་བོར་འགྲོ་བར་དོགས་ནས་མཚན་མོར་སློབ་གྲོགས་གཞན་ཚང་མ་གཉིད་རྗེས་མལ་ཐུལ་ནང་ནས་ལྟ་བ་མ་གཏོགས་གློ་ཁུག་ལས་ཕྱིར་བླངས་མ་མྱོང་”ཞེས་བཤད།

ངས་ཉིན་འདི་འགར་ཁོས་རྟག་ཏུ་སློབ་ཁྲིད་སྐབས་སུ་གཉིད་ལྕོག་རྒྱག་པ་ནི། མ་གཞིར་ཞག་གང་བོར་མ་གཉིད་པར‘དཔེ་མཛོད་ཁང’ན་བསྡད་པ་རེད་ལ་བསམ་ཞོར། “དེས་ན་གཟའ་འཁོར་སྔོན་མར་ཁྱོད་ཀྱིས་ང་ལ་གླེང་མྱོང་བའི་བརྩམས་སྒྲུང་རིང་མོ་དེར་བལྟས་ཨེ་ཚར”ཞེས་དྲིས་པ་ན། ཁོས་བསམ་བློ་ཞིག་བཏང་རྗེས“དེ་ལ་ངས་ཉིན་ལྔའི་སྔོན་ནས་བལྟས་ཚར་སོང་། རྒྱའི་རྩོམ་མཁན་གྲགས་ཅན་ཅིན་ཡུང་ཟེར་བ་ཞིག་གི་བརྩམས་ཆོས་ཕྱོགས་བསྒྲིགས་ཀྱི་འཕྲུལ་དེབ་ངའི་ཁ་པར་གསར་བ་འདིའི་སྟེང་ནས་རིན་མེད་དུ་ལྟ་ཐུབ་པས། ཁ་སང་དེ་རིང་ངའི་ལུས་སེམས་གཉིས་ཀ་དེ་ལ་ཞོགས་ཡོད”ཅེས་ཅུང་ཡིད་ཚིམ་པའི་ཉམས་ཀྱིས་བཤད།

འདས་པའི་ལོ་གཉིས་ཀྱི་རིང་ལ་ཟླ་བ་ནི་ནམ་རྒྱུན་སྨྲ་བ་ཉུང་ཞིང་དགོས་མེད་གང་རུང་མི་བཤད་མཁན་ཞིག་ཡིན་ནའང་། ངས་ཁོ་ལ“ཁྱོད་ཀྱིས་བལྟས་མྱོང་བའི་གཏམ་རྒྱུད་མཚར་བོ་ཞིག་ཤོད་དང” ཞེས་རེ་བ་བཤད་ཐེངས་རེར། ཁོས་ཀྱང་སྤྲོ་སེམས་འཁོལ་བའི་ངང་ནས་སྐད་གདངས་དམའ་ལ་ངག་འཇམ་ཞིང་གསལ་བའི་སྒོ་ནས། ངའི་མིག་མདུན་ལ་གཟུགས་མེད་ཡིད་འཕྲོག་གི་གཏམ་རྒྱུད་གང་མང་ཞིག་གློག་བརྙན་ཇི་བཞིན་སྟོན་སྲིད་ལ། ངའི་ཡ་ཆུང་ཉ་མོ་དེའང་ཁོའི་ངག་ལས་བྱུང་བའི་གཏམ་རྒྱུད་རེ་རེའི་ལྕགས་ཀྱུས་ཡང་ཡང་བཟུང་མྱོང་། འོན་ཏེ། ཟླ་བས་གཏམ་རྒྱུད་བཤད་པ་ཇི་ལྟར་སྣང་བརྙན་གྱིས་ཕྱུག་ནའང་ཉན་པ་པོ་ལ་ང་རང་གཅིག་པུ་ལས་ཡོད་མྱོང་མེད་ཅེས་ཁོས་བཤད་སོང་། ངས་བསམ་ན་ནོར་བུ་མི་ཆེན་སོགས་ཀྱིས་ཁོ་ལ་མཐོང་ཆུང་དང་བརྙས་བཅོས་བྱེད་པ་ལས་ཟླ་བའི་ངག་གི་གཏམ་རྒྱུད་ལ་ནམ་ཡང་ཉན་མི་སྲིད། གལ་སྲིད་ཁོ་ཚོས་ཉན་འདོད་ཀྱང་ཟླ་བས་འཆད་མི་སྲིད་ལ། ལྷག་པར་ངག་འཇམ་ཞིང་སྤྲོ་སེམས་འཁོལ་བའི་ངང་ནས་འཆད་མི་སྲིད།

དུས་དེར། རྫས་འགྱུར་དགེ་རྒན་ནི་སློབ་ཁང་གི་མདུན་ངོས་ན་བཞག་ཡོད་པའི་རྐུབ་སྟེགས་སུ། རྣར་གཞུག་ཅིག་བརྒྱབ་སྟེ་ཁོང་གི་ཀུ་ཤུ་ཨང་རྟགས་དྲུག་པའི་ཁ་པར་ནང་ལ་ཅེར་ནས་བསྡད་ཡོད་ལ། ཁོང་གི་གདོང་ནི་མཚམས་རེར་འཛུམ་ལ་མཚམས་རེར་གནག་འགྲོ་ཚུལ་ལ་བལྟས་ན། ཕལ་ཆེར་ཁ་པར་ལས་གློག་བརྙན་ཞིག་ལ་ལྟ་བཞིན་ཡོད་ངེས་རེད། དེའི་ཚེ་ངས་ཟླ་བ་ལ“ཁྱོད་ཀྱིས་བཀླགས་མྱོང་བའི་གཏམ་རྒྱུད་མཚར་བོ་ཞིག་ཤོད་དང” ཞེས་བཤད་པ་ན། ཁོས་མགོ་བོ་ཡར་བཏེགས་ཏེ་སློབ་ཁང་གི་ཕྱོགས་བཞིར་མིག་ཉུལ་ཞིག་བྱས་ཏེ་སློབ་གྲོགས་དག་ནི་རང་རང་སའི་གནས་ན་དཔེ་ཆར་ལྟ་བ་དང་། ཁ་པར་ལས་རོལ་རྩེད་རྩེ་བ། བརྙན་ཐུང་ལ་ལྟ་བ། རྣར་གཞུག་བརྒྱབ་སྟེ་གླུ་དབྱངས་ལ་ཉན་པ་སོགས་ཅི་དགར་བྱེད་བཞིན་ཡོད་པ་མཐོང་བས་ཁོས་ཀྱང་བློ་བདེ་བག་ཕེབས་པའི་ངང་ནས། ཁ་པར་གསར་བ་དེ་མདུན་གྱི་ཅོག་ཙེའི་སྟེང་གི་བོད་ཡིག་བསླབ་དེབ་ཀྱི་བར་གསེབ་ཏུ་བཅུག་རྗེས། དེའི་སྟེང་ནས་མཚན་ཞག་རིང་མོ་ལྔ་ལ་བལྟས་པའི་སྒྲུང་གཏམ་དེ་ལས་ཆེས་གོ་སྐོན་བློ་འགུག་གི་ཚན་པ་ཞིག་གདམས་ཏེ་ང་ལ་བཤད་འགོ་བརྩམས། ངས་ཀྱང་མིག་ཟུང་བཙུམས་ཏེ་སེམས་ཉིད་རྣལ་དུ་ཕབ་ནས་ཁོའི་ངག་ལས་བྱུང་བའི་གཏམ་རྒྱུད་ཁྲོད་ཀྱི་མི་སྣ་རེ་རེའི་དཔའ་མཛངས་དང་བློ་གྲོས་ལ་ཡིད་སྨོན་དང་བཅས་ནས་ཉན་བཞིན་ཡོད།

ཟླ་བས་སྒྲུང་བཤད་དེ་མཐོ་རླབས་ཀྱི་མཚམས་ལ་སླེབས། ཁོས་འཆད་པའི་སྐད་མགོ་ཇེ་མཐོ་ནས་ཇེ་མཐོར་གྱུར། དཔའ་རྟུལ་དང་ལོ་མང་མ་འཕྲད་པའི་དགྲ་བོ་གཉིས་ཀྱིས་ཁྱོད་ཤི་ང་གསོན་གྱིས་འཐབ་འཛིང་བྱེད་བཞིན་འདུག

གློ་བུར། “འུར་མ་རྒྱག་ཟེར་བ་མི་གོའམ། གདོན་ཕྲུག ཁ་རོག་སྡོད”ཅེས་པའི་སྐད་ངན་ཞིག་གིས་ངའི་ཀླད་པའི་བརྙན་ཡོལ་ན་འཁྲབ་བཞིན་པའི་ཛ་དྲག་གི་འཐབ་འཛིང་དེ་ཡོངས་སུ་རལ་བར་བྱས།

དེའི་ཚེ་ངས་མགོ་བོ་ཡར་བཀྱགས་ནས་བལྟས་བ་ན། མ་གཞིར་སྐད་ངན་དེ་ནི་ང་ཚོའི་རྫས་འགྱུར་དགེ་རྒན་གྱིས་བརྒྱབ་པ་ཡིན་ལ་ཁོ་ནི་ཇི་ལྟར་ཡོང་བའང་མི་ཤེས་པར་ཟླ་བ་དང་ངེད་གཉིས་ཀྱི་ཅོག་ཙེའི་མདུན་ན་ཀ་བ་བཞིན་ལངས་འདུག  ཁོའི་ཁྲོས་པའི་མིག་ལས་མཆེད་པའི་མེ་ལྕེ་ཡིས་ཉམ་ཆུང་གི་ཟླ་བ་གསོན་སྲེག་བྱེད་འདོད་པ་ལྟར་སྡང་བའི་ཉམས་ཀྱིས་ཕུར་ཚུགས་སུ་ཅེར་འདུག ངས་ཚུལ་དེ་མཐོང་མ་ཐག་སྐྲག་ཐག་ཆོད་དེ་མྱུར་སྟབས་ཀྱིས་ཡར་ལངས་རྗེས་ཅི་བྱ་དགོས་བ་མ་ཤེས་པར་ཟླ་བར་བལྟས་པ་ན། ཁོ་རང་ནི་ད་དུང་སྔར་གནས་ན་དལ་བ་དལ་བུར་ཡར་ལངས་གྲབས་བྱེད་བཞིན་མཆིས།

རྫས་འགྱུར་དགེ་རྒན་གྱིས་ཡང་ཟླ་བའི་ཅོག་ཙེའི་སྟེང་གི་དཔེ་དེབ་ནི་རྫས་འགྱུར་བསླབ་དེབ་མིན་པ་རིག་རྗེས། ཁོང་ཁྲོའི་མེ་ལྕེའི་སྟེང་ལ་སྣུམ་བླུགས་པ་དང་གཉིས་སུ་མེད་པར་སྨིན་མ་ཟུང་གིས་ཁྲོ་གཉེར་བསྡུས་ཏེ། ལག་ཟུང་གཉིས་ཀྱིས་ཅོག་ཙེའི་སྟེང་གི་བོད་ཡིག་བསླབ་དེབ་དེ་སྤར་འཛིན་ཙམ་གྱིས་ས་ལ་གཡུགས་སོང་།

4

ཏག་ཏག་སྐབས་དེར་སློབ་ཁྲིད་གྲོལ་བརྡ་གྲགས་སོང་། འོན་ཀྱང་། སྐད་ཅིག་མ་དེར་ངའི་དར་རླུང་རྣ་བ་བརྒྱུད་ནས་སྙིང་ཁར་ཟུག་པ་ནི་སློབ་ཁྲིད་གྲོལ་བརྡ་མིན་པར། བོད་ཡིག་བསླབ་དེབ་དེའི་བར་ན་ཡོད་པའི་ཟླ་བའི་སྙིང་གི་ཕྱེད་ཀ་སྟེ་ཁ་པར་གསར་བ་ཉིད་ས་ལ་ལྷུང་བའི་ཁྲོག་སྒྲ་རེད། སེ་གོལ་གཏོགས་ཡུན་ཙམ་དེར་ངས་སེམས་ཁུར་བྱེད་ས་ནི་སྐྱི་གཡའ་བའི་ཁྲོག་སྒྲ་དེས་ཟླ་བའི་ཁ་པར་གསར་བ་ལ་ཆག་སྐྱོན་འབྱུང་སྲིད་མིན་དེ་ཡིན།

རྒྱུ་མཚན་ཅིའི་ཕྱིར་ཞེ་ན། ཁ་པར་གསར་བ་དེ་ནི་ཟླ་བ་ལ་འཇིག་རྟེན་འདི་ནས་འཐོབ་མྱོང་བའི་ལེགས་སྐྱེས་ཆེས་རྩ་ཆེན་དེ་ཡིན་ལ། མ་འོངས་བར་གཞན་ཀྱི་བརྙས་བཅོས་དང་ཁེར་རྐྱང་ལ་གཡོལ་བྱེད་ཀྱི་སེམས་ཀྱི་ངལ་གསོ་ཁང་དེ་ཡིན།

ཁ་པར་གསར་བ་དེ་ནི། ཟླ་བས་འབྱུང་འགྱུར་གྱི་སྨག་ནག་པའི་མཚན་གཞུང་རིང་མོ་རེ་རེ་ཕར་བསྐྱེལ་བྱེད་ཀྱི་‘དཔེ་མཛོད་ཁང’དེ་ཡང་ཡིན།

ད་དུང་ང་ལ་འཆད་མྱོང་བའི་གཏམ་རྒྱུད་དག་གི་འབྱུང་ཁུངས་ཡིན་ལ། ཟླ་བའི་རྩོམ་རྩལ་གྱི་གཤོག་འགྱུར་སྐྱེད་བསྲིངས་བྱེད་མཁན་གྱི་མུ་མེད་ཨ་སྔོན་དེའང་ཡིན། “ཟླ་བའི་ཁ་པར་གསར་བ་ལ་ཆག་སྐྱོན་མི་འབྱུང་བར་སྨོན།” ངས་ནང་སེམས་ནས་ཡང་དང་ཡང་དུ་དཀོན་མཆོག་གསུམ་ལ་གསོལ་བ་བཏབ།

འོན་ཏེ། ‘ལས་བསམ་སར་མི་འགྲོ་གསེག་སར་འགྲོ’ཟེར་བ་ནང་བཞིན། ཁྲོག་སྒྲ་དེ་དང་མཉམ་དུ་ཟླ་བའི་ཁ་པར་གསར་བ་ནི་ངའི་ཁ་གཏད་ཀྱི་ཅོག་ཙེ་དེའི་སུག་པའི་ཟུར་སྣེར་ཕོག་ནས་ཁོག་གི‘དོན་ལྔ་སྣོད་དྲུག’ཐམས་ཅད་ཀྱང་སར་འཕོ་འདུག ཁ་པར་གསར་བའི་དྭངས་གསལ་ཡིད་འོང་གི་ཤེལ་ངོས་དེ་ལའང་སྡོམ་གྱི་བ་རྒྱ་འཐེན་པ་བཞིན་ཆག་ཧྲིག་ཤོར་འདུག

འདི་དག་ཡོད་ཚད་རྫས་འགྱུར་དགེ་རྒན་གྱིས་མཐོང་མ་ཐག ཁོང་ཉིད་སྔར་ལས་ཀྱང་ཁ་སྤོ་ཁ་ནས་ལངས་ལ་ཞེ་སྤོ་ཞེ་ནས་ལངས་ཏེ། ཟླ་བར་མཛུབ་མོ་བཙུགས་ཏེ“གདོན་ཕྲུག་ཁྱོད་ཀྱིས་ངའི་སློབ་ཁྲིད་སྒྲིག་ལམ་མི་སྲུང་བའི་ཁར། སློབ་གྲྭའི་སྒྲིག་སྲོལ་ཡང་སྣང་མེད་དུ་བཞག་ནས། ཁ་པར་སློབ་གྲྭའི་ནང་ཁྱེར་ཡོང་བས་མི་ཚད་སློབ་ཁྲིད་སྐབས་ལ་རོལ་རྩེད་བརྩེས་བས། ཁྱོད .... ཁྱོད་སློབ་གྲྭ་འདི་ནས་འདུག་མི་འདོད་པ་ཨེ་རེད་་་་ཨ།”ཞེས་བཤད།

“དགེ་རྒན་ལགས། ང་ང .... རོལ་རྩེད་རྩེ་བཞིན་མེད”

“ཁྱོད་ད་རུང་ང་ལ་ཕྱིར་བཤད་ཀྱི་ཡོད་ཀ ཡ་ཡ། བཟང་གི འགྲོ། སློབ་གཙོའི་མདུན་ལ་འགྲོ་ད་ཤོད། ངས་ཁྱོད་སློབ་གྲྭ་འདི་ནས་ཕྱིར་ཕུད་དུ་འཇུག་མ་ཐུབ་ན.......ང་ཨ་མའི་བུ་མིན།”

“.......”

ཁོས་ཟླ་བའི་རྣ་ཅོག་ནས་བཟུང་སྟེ་ཆག་ཧྲུག་ཏུ་གྱུར་ཟིན་པའི‘ཁ་པར་གསར་བ’དེའི་སྟེང་ལ་རྐང་བརྫིས་བྱས་ཏེ། ཟླ་བ་ཁྲིད་ནས་སློབ་གཙོའི་གཞུང་ལས་ཁང་གི་ཕྱོགས་ལ་བུད་སོང་།

སློབ་གྲོགས་ཀུན་གྱིས་ཟླ་བ་ནི་ཁོ་ཚོ་དང་མཉམ་དུ་ལོ་ངོ་གསུམ་ལ་ཉེ་བའི་སློབ་གྲོགས་ཡིན་པ་བརྗེད་སོང་བ་འདྲ། ཟླ་བའི་ཕྱོགས་ལ་སེམས་ཁྲལ་བྱེད་མཁན་གཅིག་ཀྱང་མེད་པར་གང་བྲེལ་གང་མགྱོགས་ཀྱིས་སློབ་གྲྭ་དང་བྲལ་ཏེ་ཡུལ་ལ་ཞོགས་སོང་།

སྟོང་བར་ལུས་པའི་སློབ་ཁང་དུ་ཆག་གྲུམ་ཤོར་ཟིན་པའི་ཟླ་བའི་ཁ་པར་གསར་བ་ནི་ཇི་འདྲའི་མིག་ལ་གཟན་ཞིང་སྙིང་ཁར་གཟེར་བ་ཞིག་རེད་ཨང་།  ངས་ཟླ་བའི་ཁ་པར་གསར་བའི་ཆག་ཧྲུག་རེ་རེ་བཞིན་གཅིག་ཀྱང་མ་ལུས་པར་འགྱིག་ཁུག་ཅིག་གི་ནང་ལ་བསྒྲུགས་ཏེ་ཟླ་བ་ཕྱིར་སློབ་ཁང་དུ་ལོག་པར་བསྒུགས་ནས་བསྡད།།

(སྒྲུང་གཏམ་བསྐུར་སའི་ཡིག་སྒྲོམ། 3334392847@qq.com)

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1