རེ་སྒུག་ཁྲོད་ཀྱི་ཁ་བ་དཀར་པོ།

གངས་མེ་སྟག (ཡུལ་ཤུལ།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28


ཡུལ་མི་ཚོས།

ཡུན་རིང་རེ་སྒུག་བྱས་པའི་ཁ་བ་འབབ་བཞིན་འདུག

ཁུ་སིམ་མེར་འབབ་བཞིན་འདུག

མཚན་མོའི་མཛེས་ལྗོངས་རེ་རེ་དལ་གྱིས་གསེད་ནས།

གནམ་སའི་བར་ལ་ཚེ་སྲོག་གི་ཐེམ་སྐས་ཤིག་བཙུགས་འདུག

ཡིན་ནའང་། ཡུལ་མི་ཚོ་སྔར་ནས་རྨི་ལམ་དུ་འགྲིམས་ཟིན།

ཁ་བ་འབབ་བཞིན་འདུག

ཚམ་ཚོམ་མེད་པར་འབབ་བཞིན་འདུག

ད་དུང་ཡང་འབབ་བཞིན་འདུག

ཡིད་སྐྱོ་བ་ཞིག་ལ།

ཁ་བ་དང་ཡུལ་མི་ཚོ་ཡི་བར་ལ་རེ་སྒུག་དང་རྨི་ལམ་གྱི་ལས་དབང་ཙམ་ལས་མི་འདུག

ཁ་བ།

ལོ་ཟླའི་བཞུར་རྒྱུན་ཁྲོད་ནས་ཡུན་རིང་རེ་སྒུག་བྱས་པའི་སེམས་ཀྱི་འདབ་ལོ།

ཁ་བ།

ཁ་མདོག་དཀར་པོའི་གཤོག་ཟུང་བརྒྱུད་ནས་གླུ་གཞས་གཏོང་བའི་སྤྲིན་གྱི་རྒྱ་མཚོ།

དོན་ངོ་མ་ཁྱེད་རང་གང་དུ་ཡང་བོར་མི་འདུག

ད་དུང་ནམ་མཁའ་དབྱིངས་སུ་བཞུགས་ཡོད།

ཁྱེད་ལ་སྒུག་པའི་སེམས་ཀྱི་རླབས་སྒྲ་རེ་ཞིག་འཇགས་ནའང་།

ཁྱེད་ནི་སྔར་བཞིན་ནམ་མཁའ་དབྱིངས་སུ་བཞུགས་འདུག

དོ་ནུབ།

ཁྱེད་ནི་ལྷ་མོ་བཞིན་ཕེབས་བྱུང་།

ཁྱེད་ནི་ཁྲུང་ཁྲུང་བཞིན་འཕུར་བྱུང་།

ཁྱེད་ནི་མེ་ཏོག་བཞིན་བཞད་བྱུང་།

ནམ་མཁའ་ཇི་འདྲ་ཆེ་བ་ལ། ཁ་བ་ཇི་འདྲ་མཛེས་པ་ལ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1