སྨྲེང་སེམས་ཀྱིས་བཏེགས་པའི་ལོ་ཟླ།

གངས་མུ་ཏིག (ཀན་ལྷོ།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28


ལོ་ཟླ་མང་པོ་རྡུལ་འཚུབ་བཞིན་གཡུགས་ཚར་རྗེས། ང་རང་གཞི་ནས་སློབ་མཐར་ཕྱིན་སོང་། སློབ་མཐར་ཕྱིན་ནས་ཀྱང་ཟླ་བ་གཅིག་ཏག་ཏག་འགོར་ཟིན། འདི་ལྟར་གོ་མེད་ཚོར་མེད་དུ་འདས་ཟིན་པའི་སློབ་མའི་འཚོ་བར་ཕྱིར་འདང་ཞིག་བརྒྱབ་ན། མི་ལོ་བཅུ་དྲུག་གི་སློབ་མའི་འཚོ་བ་ནི་རྡུལ་འཚུབ་ཐེངས་གཅིག་གཡུགས་པའི་འགྲོས་དང་མཚུངས་པར་སྐད་ཅིག་ཙམ་དུ་ཟད། ད་ནས་བཟུང་སློབ་མ་ཞེས་པའི་མིང་གི་གདགས་གཞི་འདི་ང་དང་འབྲེལ་བ་ཆེན་པོ་མེད་ལ།ང་རང་ངོ་ཤེས་པའི་མི་དག་གི་སྣང་ངོར་ཡང་ང་ལ་དེ་སྔའི་སློབ་མ་ཡི་ལྟ་སྟངས་དེ་རྦད་དེ་མི་འདུག ཡིན་ཡང་ངའི་སེམས་ཀྱི་ཚིག་མཛོད་ནང་གི་སློབ་མ་ཞེས་པའི་ཐ་སྙད་འདི་ནི་བསུབ་ཐབས་བྲལ། རྒྱུ་མཚན་ནི། དུས་ཚོད་ཀྱི་གཙང་པོ་རྒྱང་ནས་རྒྱང་དུ་བཞུར་ཡང་། སློབ་མ་ཞེས་པའི་ཡིག་འབྲུ་འདི་གཉིས་ངའི་ལུས་ངག་ཡིད་གསུམ་དང་དོན་ལྔ་སྣོད་དྲུག་ཏུ་འོ་ཞོ་ལྟར་ཆགས་ཤིང་། རྡོ་བརྐོས་རི་མོ་བཞིན་གསལ་ལེར་དོད་འདུག

ལོ་ན་ཆུང་དུས་སུ། ང་ཚོས་རྒྱུན་པར་འདི་ལྟ་བུའི་རྨི་ལམ་མང་པོ་རྨིས་པའི་གཏམ་རྒྱུད་ཡོད་དེ། རང་ཉིད་ནི་ནམ་མཁའི་བྱ་ཞིག་ཡིན་ན་ཅི་མ་རུང་སྙམ་པ་དང་། མཐའ་ཀླས་པའི་མཁའ་དབྱིངས་ནས་རང་དབང་གིས་གར་སྟབས་བསྒྱུར་ན་བསམ་པའི་འཕྲུལ་སྣང་སྐྱེས་མྱོང་། ཡང་རང་ཉིད་ནི་སྒ་སྲབ་དང་བྲལ་བའི་རྟ་མཆོག་ཅིག་ཡིན་ན་བསམས་མྱོང་ལ།ཡངས་ཤིང་རྒྱ་ཆེ་བའི་སྤང་ལྗོངས་ནས་བང་རྩལ་རླུང་ལ་འགྲན་པའི་ཀུན་སློང་སྐྱེས་མྱོང་། མཚམས་རེར།རང་ཉིད་ནི་གསེར་མིག་ཉ་ཆུང་ཞིག་ཡིན་ན་འདོད་མྱོང་ལ།མཐའ་མི་མངོན་པའི་རྒྱ་མཚོའི་ཀློང་ནས་རང་དབང་གིས་འཁྱུག་རྩལ་ངོམ་པར་རྟོག་བཟོ་བྱས་མྱོང་།

དེ་ལྟར་ལོ་ཟླ་རིམ་གྱིས་འདས་རྗེས།ངའི་དེ་སྔོན་གྱི་རྨི་ལམ་ཚང་མ་དངོས་ཡོད་ཀྱི་རལ་གྲིས་སིལ་བུར་གཏོར་ཞིང་། དུས་ཚོད་ཀྱི་གཙང་པོའི་གཞུང་ལ་འཐིམ་སྟེ་གཅིག་ཀྱང་མ་ལུས་པར་རྒྱང་རིང་དུ་ཁུར་སོང་།སྐབས་དེ་ནས་བཟུང་ངས་དེ་སྔོན་གྱི་རྨི་ལམ་ཚང་མར་གྱེས་ཕྱག་ཕུལ་ཏེ་ཡང་བསྐྱར་རྨི་ལམ་གསར་བ་ཞིག་གི་དབུ་བསླངས་པ་ཡིན། དེ་ནི་ང་ལ་སློབ་མ་ཞེས་པའི་ཆོ་ལོ་འདི་ཐོབ་པའི་སྐལ་བ་ལྡན་པས་ཡིན། སློབ་ཆུང་གི་སྐབས་སུ། རྒྱ་ཡིག་དགེ་རྒན་ཞིག་གིས་ང་ཚོར་ཤ་ཚ་ཚ་དང་སྙིང་ཉེ་ཉེ་སྒོས་སྐད་ཆ་འདི་འདྲ་ཞིག་བཤད་མྱོང་སྟེ།ཁྱོད་ཚོས་ད་ནས་བཟུང་སློབ་སྦྱོང་ལ་ཧུར་བརྩོན་བྱོས། མ་འོངས་པར་རྒྱང་རིང་དུ་འགྲོ་ཐུབ་ངེས་གསུངས། སྐད་ཆ་དེ་ནི་སྐད་ཡིག་དཔེ་ཆའི་སྟེང་གི“མ་འོངས་གངས་ལྗོངས་འཛུགས་སྐྲུན་བྱེད་པར་བརྩོནཞེས་པ་ལས་ཀྱང་མཚར་སྣང་དང་བསླུ་བྲིད་ཀྱིས་ཁེངས་པ་ཞིག་རེད་ཨང་། དེ་ནས་བཟུང་ངས་རྒྱང་རིང་ཞེས་པར་མནོ་བསམ་ཡང་ཡང་བཏང་། ངའི་སྣང་བ་ཞིག་ལ།རྒྱང་རིང་ནི་ཡོད་ཚད་རང་བྱུང་ལྷུན་གྱིས་གྲུབ་ལ། དགོས་འདོད་ཆར་བཞིན་བྱོ་སའི་གནས་མཆོག་ཤམ་བྷ་ལ་ལྟ་བུ་ཞིག་ཡིན་པར་འདོད། དེ་ནས་བཟུང་ངས་ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་སློབ་སྦྱོང་ལ་འབད་འབུངས་བགྱིས་ཏེ། ནམ་ཞིག ཕ་ཡུལ་དང་ཁ་ཐག་ཤིན་ཏུ་རིང་བའི་རྒྱང་རིང་དུ་བུད་སོང་ན་འདོད་ལ།རྒྱང་རིང་ནས་རང་ལ་དབང་བའི་འཚོ་བ་ཞིག་རོལ་ཐུབ་ན་སྙམ།རྒྱང་རིང་ནས་རང་གི་དགའ་ཕྱོགས་ཀྱི་རྒྱུན་བསྐྱངས་ཏེ་མི་ཚེའི་འདུན་མ་མངོན་འགྱུར་བྱས་ན་འདོད། དེ་དུས་རྒྱུགས་འབྲས་ཀྱི་འཕར་ཆག་དང་མི་ཁ་ཡི་མདའ་མདུང་གི་གནོན་ཤུགས་ཇི་ལྟར་རྒོད་ཀྱང་། རང་ཉིད་ཀྱིས་འཚོ་བ་དང་འདུན་མ་ལ་བཟུང་བའི་རྣམ་འགྱུར་ལ་འགྱུར་བ་ཕྲན་ཙམ་ཡང་བཏང་མ་མྱོང་། སློབ་གྲྭ་འགྲིམས་པའི་རིང་ངས་རང་དང་ཁྱིམ་ཚང་གི་ངོ་སོ་དང་ལ་རྒྱའི་ཆེད་དུ་སློབ་གྲོགས་ཚོ་དང་ལྷན་དུ་ཨ་རབ་ཨང་ཀི་འགའི་མཐོ་དམའ་བརྩད་མྱོང་ལ།གཟེངས་བསྟོད་དཔང་ཡིག་ཀྱང་མང་པོ་བླངས་མྱོང་། རང་ཉིད་ཀྱི་དགའ་ཕྱོགས་ཀྱི་སླད་དུ་མཚན་མོའི་ལམ་འཁྲུགས་ཤིང་ཉིན་མོའི་འཆར་གཞི་བརྗེད་མྱོང་། བདག་དཔེ་ཚོགས་དང་བླ་དཔེ་ཚོགས་ཀྱི་ཕྱི་ནང་བསློགས་ཏེ་དགེ་རྒན་ཁ་ཤས་དང་རྩོད་གླེང་བྱས་མྱོང་། ཚོར་འདུ་དག་ཡི་གེའི་གཟུགས་སུ་བཀོད་དེ་རང་ཉིད་ཀྱིས་སྙན་ངག་འབྲི་ཐུབ་སྙམ་པའི་ཁེངས་དྲེགས་སྐྱེས་མྱོང་། མི་རིགས་ཀྱི་སྐྱིད་སྡུག་དང་སྐད་ཡིག་གི་ཆགས་འཇིག་ཀྱང་གླེངས་མྱོང་། ལྟ་ལོག་པའི་མིང་ནག་ཁུར་མྱོང་ལ་དང་སྨྱོན་པའི་བརྟུལ་ཞུགས་ཀྱང་བཟུང་མྱོང་། མཚམས་ལན་རེར་དངོས་ཡོད་དང་ཕུགས་བསམ་གྱི་བརྡབ་གསིག་བར་ནས་ཅི་བྱ་གཏོལ་མེད་དུ་གྱུར་ནས་ཁ་རོག་གེར་བསྡད་པའི་སྐབས་ཀྱང་མང་དུ་ཡོད།དེ་ལྟ་བུའི་མངར་སྐྱུར་ཁ་གསུམ་གྱི་འཚོ་བ་དེའི་མིང་ལ།སློབ་མའི་འཚོ་བ་ཟེར་ཞིང་།འཚོ་བ་དེ་ནི་སེམས་པ་རྒྱང་རིང་དུ་ཤོར་ཞིང་། རེ་བ་དང་ཡིད་ཆེས་ཀྱིས་གཏམས་པ་ཞིག་ཡིན་ལ། འབྱུང་འགྱུར་གྱི་འཚོ་བའི་ནང་དུ། ད་ནི་དེ་ལྟ་བུའི་འཚོ་བ་ཞིག་བསྐྱར་དུ་རོལ་བའི་གོ་སྐབས་ཡོད་མི་སྲིད།

དུས་ཚོད་ནི་རྒྱང་ནས་རྒྱང་དུ་ཕྱིན་པའི་གཙང་པོ་དང་འདྲ་བར། དེས་ང་ཡི་རྨི་ལམ་དང་ལང་ཚོ། བརྩེ་དུང་སོགས་རེ་རེ་བཞིན་ཁུར་ཟིན། ཞེན་ཆགས་དང་འཁྲེང་སེམས་རབ་ཏུ་མོད་པའི་མི་ལོ་བཅུ་དྲུག་གི་སློབ་མའི་འཚོ་བར་རྫོགས་ཚིག་བཀོད་དེ་ཉིས་བཤད་བཞག་ཤུལ་དུ། ང་ལ་ལྷག་པ་ནི་རྫོགས་རྒྱུ་མེད་པའི་གནོན་ཤུགས་དང་ཡིད་ཆད། སྐྱོ་ཡུས་དང་ཁེར་རྐྱང་། དབུལ་ཕོངས་ལས་གང་ཡང་མི་འདུག ཐ་ན་སུ་ལའང་དབང་ཆོག་ཆོག་གི་བུ་མོ་ཕལ་བ་ཞིག་ཀྱང་མེད། ད་ནི་ང་རང་རྒྱང་རིང་ལ་རྒྱང་མིག་ཆད་དེ་ཡོད། རྒྱང་རིང་ནི་ང་ལ་མཚོན་ན་གསང་བ་ལྐོག་གྱུར་ཞིག ངས་མི་ལོ་བཅུ་དྲུག་ལྷག་ལ་འབད་པ་བྱས་ཏེ་རྒྱང་རིང་བསྙེགས་ནའང་ང་ནི་ཕ་ཡུལ་གྱི་འཁོར་རྒྱ་ལས་འདའ་མ་ཐུབ། ང་ནི་རྒྱང་རིང་གི་ཕྱོགས་སུ་གོམ་ཁ་ཇི་ལྟར་བསྒྱུར་ན་རྒྱང་རིང་ནི་དེ་ལྟར་ང་དང་རྒྱང་ཐག་རིང་། དེ་བས་ངའི་དེ་སྔོན་གྱི་རྨི་ལམ་དང་མ་འོངས་པའི་འཆར་གཞི་མཐའ་དག་རྩྭ་སྐྱ་མེ་ཡིས་འཚིག་པ་ལྟར་སྟོངས་པར་གྱུར། ད་ལྟ། ང་ནི་གཡུལ་ལས་ཕམ་པའི་དམག་མི་ཞིག་ལྟར་འབྱུང་འགྱུར་ལ་ཡིད་ཆེས་སྟོངས། ང་ནི་རྒྱ་མཚོའི་ཀློང་ན་ཁ་ཕྱོགས་བོར་བའི་གྲུ་གཟིངས་ཤིག་དང་འདྲ་བར་གདམ་ཀ་དང་དམིགས་ཡུལ་དབེན། ང་ནི་གཟེབ་ཏུ་བཅུག་པའི་བྱེའུ་ལྟར་བྱ་ཁྱུ་གཞན་དང་ལྷན་དུ་ནམ་འཕང་གཅད་ཐབས་བྲལ། ང་ནི་ཕ་ཡུལ་ན་རྟོད་ཐག་གིས་བཏགས་པའི་རྟ་ཕོ་ཞིག་དང་འདྲ་བར་རྒྱལ་ཁམས་འགྲིམ་པའི་སྐལ་བ་མེད་པ་འདྲ།

གལ་ཏེ།ཕ་ཡུལ་ནི་གཟེབ་ཅིག་ཡིན་པའི་དབང་དུ་བཏང་ན། ང་ནི་དེའི་ནང་དུ་ཚུད་པའི་བྱེའུ་ཞིག་དང་འདྲ་བར་གཏན་དུ་དེའི་འཁོར་རྒྱ་ལས་ཐར་ཐབས་དབེན། གལ་ཏེ། རྒྱང་རིང་ནི་ཉན་མི་ཚར་བའི་གླུ་གཞས་ཤིག་ཡིན་པའི་དབང་དུ་བཏང་ན། ད་ནི་གླུ་གཞས་དེ་ངའི་ཐོས་འཛིན་གྱི་སྤྱོད་ཡུལ་དུ་གྱུར་བའི་སྐལ་བ་ཤིན་ཏུ་ཕྲ། ཐ་ན་བྲག་ཅ་ཙམ་ཡང་འཁོར་རྒྱུ་མི་འདུག གལ་ཏེ། ང་རང་ནི་མཛེས་མ་ཞིག་ཡིན་པའི་དབང་དུ་བཏང་ན། ང་ལ་མཛེས་མ་དེ་ལོངས་སུ་སྤྱོད་པའི་བགོ་སྐལ་སྟོངས།

ཕ་ཡུལ་དུ་ལོག་པའི་ཟླ་བ་འདི་ལ། འཁང་ར་དང་འགྱོད་སེམས་དབེན་པའི་འདས་སོང་གི་འཚོ་བར་ཕྱིར་དྲན་གྱི་སྒོ་གླེགས་རེ་རྡུང་བྱེད་ཞོར་མ་འོངས་པའི་འཚོ་བར་འཆར་གཞིའི་རྐྱ་ཐིག་རེ་འབེབ་པར་བརྩམས་ཀྱང་། རང་ཉིད་ཀྱི་བློ་ཁ་དང་འཚམས་པའི་འཆར་གཞི་རེ་རྙེད་མ་བྱུང་། ལས་གནས་ཀྱི་ཆེད་དུ་ཡིག་ཚད་ཅིག་བཏང་བ་དེ་ཡང་ལས་བསམ་སར་མ་སོང་གསེག་སར་བུད་སོང་། ད་ནི་སྔོན་ཆད་ལྟར་སྙན་ངག་བྲི་འདོད་མེད་ལ། དེ་སྔོན་སྙན་དེབ་ཅིག་པར་དུ་བསྐྲུན་འདོད་ཀྱི་འཆར་གཞི་དེ་ཡང་དུ་སྣེ་ཡི་མེ་བསད་པ་བཞིན་མེད་པར་བཟོས། ངའི་ཆུང་དུས་ཀྱི་རྩེ་ཡ་དགོད་ཡ་སྟེ། ཁ་ཡ་ན་ཟླ་དག ད་ནི་རེ་རེ་བཞིན་གཉེན་བསྒྲིགས་ཏེ་འཇིག་རྟེན་འཁོར་བའི་དབང་དུ་གྱུར་དྲགས་པས། ཕན་ཚུན་བར་ལ་སྔོན་ཆད་ལྟར་ཁྱོད་དགའ་ང་དུང་གི་གླེང་དུ་རི་བའི་སྐད་ཆ་ཞིག་མེད་ཚོད་རེད། ཁོ་ཚོ་རང་གི་བུ་བུ་མོའི་རྒྱུགས་འབྲས་ཀྱི་འཕར་ཆག་དང་། ཟོག་ལུག་གི་ཁ་གྲངས། མར་ཕྱུར་གྱི་ཡོང་འབབ་སོགས་གླེང་བར་ཤིན་ཏུ་དགའ། དངོས་ཕན་གྱི་ནད་ཡམས་འཕྱུར་བའི་དུས་རབས་འདིར། ཁོ་ཚོའི་ཤེལ་དཀར་གྱི་སེམས་པའི་ངོས་སུ་དངོས་ཕན་གྱི་ལྗན་ལྗིན་འགོས་འདུག ད་གཟོད་ངས་ཅི་ཞིག་ལ་བར་ཐག་ཟེར་བ་ཧ་གོ་བར་གྱུར། དེ་བས། ཉིན་འདི་གར། ངའི་འགྲོ་རོགས་འདུག་རོགས་ཚང་མ་སློབ་མ་ཤ་སྟག་ཡིན། མི་རྣམས་ཀྱི་སེམས་ངོར་ང་ནི་ནར་སོན་རྒྱུ་མེད་པའི་བྱིས་པ་ཞིག་གི་བཟོ་ལྟ་འདུག ངའི་སྣང་ངོར་ཡང་ང་ནི་ནར་སོན་རྒྱུ་མེད་པའི་བྱིས་པ་ཞིག་གི་བག་ཆགས་འདུག ང་རང་གཏན་དུ་དྭངས་གཙང་དང་མཛེས་སྡུག་གིས་འཚོ་ན་འདོད་པ་དང་། ཚུལ་འཆོས་དང་རྫུ་བག་གི་ངོ་གདོང་། དངོས་ཕན་གྱི་བསམ་བློ། མི་སྡུག་པའི་རྩིང་སྤྱོད་དག་ལ་རབ་ཏུ་སུན། དེ་བས། ཕ་ཡུལ་ན། ཕ་མ་སྤུན་མཆེད་དང་གྲོགས་དང་ན་ཟླ། བྱིས་དུས་ཀྱི་རྩེད་ར་དང་གཞོན་དུས་ཀྱི་རྨི་ལམ་སོགས་འདུག་ཀྱང་། དབྱར་ཟླ་འདིར། ངའི་སེམས་ཀྱི་མངའ་ཐང་དུ་རླུང་དམར་འུར་འུར་ལྡང་ལ་ཁ་བ་ལྷབ་ལྷུབ་འབབ།

ཁེར་རྐྱང་དང་ལྷིང་འཇགས་ལ་དགའ་བའི་ང་ནི་རྒྱུན་པར་གློག་བརྙན་དང་དཔེ་དེབ་དག་བརྒྱུད་དེ་རྟོག་བཟོ་བགྱིས་པའི་མི་དག་དང་ལབ་གླེང་བྱ་བར་གོམས། ང་ནི་མངོན་སུམ་གྱི་འཇིག་རྟེན་ལས་རྟོག་བཟོའི་འཇིག་རྟེན་ལ་སྤྲོ་བ་ཚ་པོ་མངའ། དེ་ནི་ངའི་རང་གཤིས་དང་ཁོར་ཡུག་གི་བསྐྱེད་འབྲས་ཤིག་ཏུ་འདོད། ཡིན་ཡང་། ངའི་སེམས་ཁམས་རྟོགས་མཁན་ཉུང་ངུ་རེད། དེ་བས།ཅི་བྱེད་རང་ལག་ན་མེད་པའི་ལོ་ཟླ་འདི་ལ། ངས་རང་སེམས་ཀྱི་ཁེར་རྐྱང་དང་སྡུག་ཡུས།བརྩེ་དུང་དང་རྨ་ཁ། འདུན་མ་སོགས་སུ་ལའང་མ་བསྟན་པར། ཁ་རོག་གེར་རང་སེམས་སུ་སྦེད་ཅི་ཐུབ་བྱས་ནས་བསྡད་པ་ཡིན། ངས་ནི་འདི་ལྟར་འདོད་དེ། ནར་སོན་ཞེས་པ་ནི་རང་ཉིད་ཀྱི་འདང་ཆེ་བའི་དངོས་པོ་དག་རེ་རེ་བཞིན་མེད་བརླག་ཏུ་གཏོང་བའི་གོ་རིམ་འབའ་ཞིག་རེད། གོ་རིམ་དེ་ནི་གདུག་རྩུབ་དང་འུ་ཐུག སྡུག་བསྔལ་སོགས་ཀྱིས་ཡོངས་སུ་བཅིངས་པ་ཞིག་ཡིན་ཡང་། མི་ཚོགས་ནི་གོ་རིམ་དེ་ལ་འཇུག་པར་མོས་པ་འདྲ། ནར་སོན་གྱི་གོ་རིམ་ཁྲོད་དུ། མི་ཚོགས་ཀྱིས་རང་གི་རྨི་ལམ་དང་འདུན་མ་འབོར་བཞིན་འདུག བརྩེ་དུང་དང་ཕྱི་ཐག་འབོར་བཞིན་འདུག ཆུང་ནས་ཆུང་དུ་ཕྱིན་པའི་རྒྱབ་གཟུགས་འབོར་བཞིན་འདུག ཐ་ན་རང་ཉིད་ཀྱང་འབོར་བཞིན་འདུག ནམ་ཞིག་ངས་ཀྱང་རང་ཉིད་བོར་འགྲོ་བའི་སེམས་ཁྲལ་བླ་ལྷག་ཆེ་བས། རང་ཉིད་ལ་རང་ཉིད་འབོར་མི་རུང་བའི་གསལ་འདེབས་དང་སྐུལ་ལྕག་གནང་བ་དང་། རང་ཉིད་འབོར་མི་རུང་བའི་སྨོན་ལམ་ཡང་ཡང་འདེབས་མུས་ཡོད།

སྨྲེང་བ་གཞས་ལ་བཅོལ་ཡང་དྭངས་མཐའ་མེད་ལ། ཁེར་རྐྱང་སྙན་ངག་ཏུ་ཡང་ཤོང་ཐབས་བྲལ་བའི་དབྱར་ཟླ་འདིར། ངའི་ང་རྒྱལ་གྱི་བྲག་རི་ཉིལ། ཡིད་ཆེས་ཀྱི་རྨུ་ཐག་ཆད། འཆར་ཡན་གྱི་གཡོར་གྲུར་བསྡད། རྨི་ལམ་གྱི་རི་མོ་ཡལ།འབྱུང་འགྱུར་ལ་རྒྱང་མིག་ཆད། དེ་ལྟ་ནའང་། ངས་རང་ཉིད་ཀྱི་གཤིས་ཀ་དང་བསམ་བློ་ངོ་ལོག་བགྱི་རྩིས་མེད། འཚོ་བ་འདི་སྨག་གིས་བདག་ཏུ་བཟུང་ཞིང་། ལས་དབང་གིས་ང་ལ་ཀུ་རེ་ཡང་ཡང་རྩེས་ཀྱང་། ངའི་སེམས་པ་སྔར་བཞིན་རྒྱང་རིང་ལ་ཕྱོགས་ཡོད། བརྒྱ་ལ། རྒྱང་རིང་ནི་སྟོང་བ་འབའ་ཞིག་ཡིན་ཡང་། ང་ལ་བློ་འགྱོད་དང་ཕངས་སེམས་གང་ཡང་མེད། དེའི་རྐྱེན་པས། ངས་རྒྱང་རིང་ཕྱོགས་སུ་མིག་ཟུང་རིག་རིག་གིས་འཚོས་ཡོད་ལ། ཤུགས་རིང་ནར་ནར་གྱིས་རང་ཉིད་ཀྱི་ཆེས་ཐོག་མའི་འདུན་མའི་སླད་དུ་ཐོབ་འོས་པ་མང་པོ་བློས་གཏོང་བཞིན་རྒྱང་རིང་ཕྱོགས་སུ་འོང་གི་ཡོད།།

(ལྷུག་རྩོམ་བསྐུར་སའི་ཡིག་སྒྲོམ། 2408416708@qq.com)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1