འབར་ཁམས་གྲོང་ཁྱེར་དུ་དབུལ་སྐྱོར་ལས་བསྡུ་བྱེད་སྒོ་སྤེལ།

ཚེ་རིང་ལྷ་མོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-04


        ཟླ2པའི་ཚེས28ཉིན། ཀྲེ་ཅང་ཞིང་ཆེན་ཧྲེང་ཀྲོའུ་གྲོང་ཁྱེར་དང་ཁྲེན་ཏུའུ་ཁྲུང་ཀྲོའུ་གྲོང་ཁྱེར། འབར་ཁམས་གྲོང་ཁྱེར་བཅས་གྲོང་ཁྱེར་གསུམ་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་མཉམ་སྒྲུབ་བྱས་པའི་2019ལོའི་ལས་ཞུགས་དབུལ་སྐྱོར་ངལ་ལས་ཞབས་འདེགས་མཉམ་ལས་དང་ལས་བསྡུ་བྱེད་སྒོ་འབར་ཁམས་གྲོང་ཁྱེར་དུ་སྤེལ། 

        སྔར་ལས་ལྷག་པར་ཀྲེ་ཅང་ཞིང་ཆེན་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་དང་ཞིང་ཆེན་ནང་ཁུལ་གྱིས་འབར་ཁམས་གྲོང་ཁྱེར་གྱི་ལས་ཞུགས་དང་ལས་ལམ་གསར་འབྱེད་ཀྱི་ལས་དོན་ལ་ཁ་གཏད་རོགས་སྐྱོར་བྱེད་པར་སྐུལ་འདེད་གཏོང་བ་དང་། ཤུགས་ཆེན་པོས་འབར་ཁམས་ཀྱི་ངལ་རྩོལ་པ་དབུལ་ཕོངས་རྣམས་གནས་སྤོ་ལས་ཞུགས་དང་ཕྱུག་འགྱུར་འབབ་འཕར་ལ་སྐུལ་འདེད་གཏོང་ཞིང་། ལས་ཞུགས་ལ་མོས་པའི་ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་ཕོངས་དང་གྲོང་ཁྱེར་དུ་བྱ་བ་གཉེར་བའི་མི། གྲོང་རྡལ་གྱི་ལས་ཤོར་མི་སྣ། ཆེད་སྦྱོང་དང་འབྲིང་རིམ་གྱི་མཐར་ཕྱིན་སློབ་མ། འབྲོག་ཁུལ་གྱི་ལས་མེད་ན་གཞོན། 9+3ཡི་མཐར་ཕྱིན་སློབ་མ། ལས་ཀར་ཞུགས་པར་དཀའ་ངལ་ཡོད་པའི་མི་སོགས་ལ་ལས་ཞུགས་ཀྱི་ལས་སྟེགས་ཤིག་བསྐྲུན་པ་བཅས་ནི་ཐེངས་འདིའི་ལས་བསྡུ་བྱེད་སྒོའི་དམིགས་ཡུལ་གཙོ་བོ་རེད། 


        རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་ལས་བསྡུ་བྱེད་སྒོས་ས་ཁུལ་གསུམ་གྱིས་ལག་རྡང་སྦྲེལ་ནས་མཉམ་དུ་འབྱོར་འབྲིང་དུ་སྐྱོད་ཞེས་པ་བརྗོད་བྱ་གཙོ་བོར་བྱས་ཏེ། བསྡོམས་པས་ཁེ་ལས་32ཀྱིས་ལས་གནས་1500ལྷག་མཁོ་སྤྲོད་བྱས་ཡོད། དེའི་ནང་དུ་ཀྲེ་ཅང་ཧྲེང་ཀྲོའུ་གྲོང་ཁྱེར་གྱི་ཁེ་ལས་11དང་ཁྲེན་ཏུའུ་ཁྲུང་ཀྲོའུ་གྲོང་ཁྱེར་གྱི་ཁེ་ལས་9 འབར་ཁམས་གྲོང་ཁྱེར་གྱི་ཁེ་ལས་12བཅས་ཐེངས་འདིའི་ཡུལ་དངོས་ལས་བསྡུ་རུ་ཞུགས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1