གཙོ་ངོས།>> རྩོམ་རིག>>དཔྱད་རྩོམ།

རྡོ་རྗེ་ལྷུན་གྲུབ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༣ཚེས་༠༤ཉིན།

༄༅།། གསར་དུ་དར་བའི་རང་མོས་སྙན་ངག་གི་མཛེས་དཔྱོད་རང་བཞིན་རགས་ཙམ་གླེང་བ།

 རྡོ་རྗེ་ལྷུན་གྲུབ།
དང་པོ། གླེང་གཞི།
          དེ་ཡང་ལོ་བཅུའི་ཟང་ཟིང་གི་འཚུབ་རླུང་འཇགས་རྗེས་རང་རེ་ཁ་བ་ཅན་གྱི་རྩོམ་རིག་གི་ཞིང་ས་རུ་སླར་ཡང་ལྗང་མདོག་གི་མྱུ་གུ་འབུས་ཤིང་།  ཉེ་བའི་ལོ་འདི་དག་གི་རིང་ལ་བོད་རང་གི་སྤྱི་ཚོགས་འཚོ་བ་མཚོན་པའི་རྩོམ་རིག་གསར་བ་ནི་ཆར་རྗེས་ཀྱི་ཤ་མོ་ཇི་བཞིན་འཕེལ་རྒྱས་ལེགས་པོ་བྱུང་ལ།  ལྷག་པར་དུ་རྣམ་པར་བཞད་པའི་དེང་རབས་རྩོམ་རིག་གི་ར་བའི་ནང་དུ་“རང་མོས་སྙན་ངག”ཅེས་པའི་ཡིད་དབང་རབ་ཏུ་འགུག་པའི་མདངས་ལྡན་ཡིད་དགའི་འདབ་ལོ་རིམ་བཞིན་འཕེལ་ཞིང་རྒྱས་ལ་དེང་གི་དུས་འདིར་གཡུར་ཟའི་འབྲས་བུ་རབ་ཏུ་དུད་འདུག་ཅེས་མགྲིན་པ་གཟེངས་སུ་བཏེགས་ནས་སྨྲས་ཆོག་པ་ཡིན།  བོད་ཀྱི་དེང་རབས་རྩོམ་རིག་འདི་ཡང་རང་རེ་མི་རིགས་ཀྱི་འོད་སྟོང་འབར་བའི་གནའ་རབས་རྩོམ་རིག་དེ་རྒྱུན་འཛིན་དར་སྤེལ་གཏོང་བ་དང་ལྷན་དུ་གཞན་མི་རིགས་དང་ཕྱི་གླིང་རྩོམ་རིག་གི་ལེགས་ཆ་གང་མང་ཞིག་བླངས་ཏེ་རིམ་བཞིན་འཕེལ་རྒྱས་དང་འཐུས་ཚང་བྱུང་བའི་བོད་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་རྩོམ་རིག་ཅིག་ཡིན་ནོ།།
          རང་མོས་སྙན་ངག་ནི་བོད་དུ་དར་ནས་ལོ་བཅུ་ཙམ་ལས་མ་འདས་མོད།  འོན་ཀྱང་དུས་ཡུན་འདིའི་རིང་ལ་བླངས་པའི་གྲུབ་འབྲས་ལ་གཞིགས་ན་ངོ་མ་དགའ་འོས་པ་ཞིག་རེད།  ཡིན་ཡང་ལོ་འདི་དག་གི་རིང་ལ་འདིའི་ཕྱོགས་སུ་ལྟ་ཚུལ་ཀྱང་མི་ཉུང་བ་བྱུང་།  གཙོ་ཕྱོགས་ནས་འཆད་ན་རྒན་པ་དང་ན་གཞོན་གཉིས་ཀྱི་བར་དུ་བྱུང་བའི་ལྟ་ཚུལ་ཁག་གཉིས་ཏེ་སྲོལ་རྒྱུན་རྒྱུན་འཛིན་དང་གསར་རྩོམ་ཉམས་ལེན་དེ་ཡིན།  ལྷག་པར་དུ་དེང་གི་དུས་འདིར་སྙན་གསར་འབྲི་མཁན་མི་ཉུང་བ་ཞིག་གིས་དོ་མི་མཉམ་པའི་ཚིག་རྐང་ལ་“ཨེ་མ་”དང་“ ཀྱེ་ཧུད”སོགས་བརྩེ་དུང་མཚོན་པའི་མིང་ཚིག་དུ་མ་སྦྱར་ནས་ཚུལ་དང་ལྡན་པའི་རང་མོས་སྙན་ངག་གི་གྲས་སུ་བཞག་ལ།  ཚིག་རྐང་དོ་མཉམ་པའི་སྙན་རྩོམ་ཐམས་ཅད་སྲོལ་རྒྱུན་གྱི་གྲས་སུ་བཞག་ནས་མཐའ་གཅིག་ཏུ་“རྙིང་པ”ཡི་བསམ་བློ་འཛིན་སྟངས་ནི་དངོས་གན ས་དགོད་བྲོ་བ་ཞིག་མིན་ནམ།
          འདི་ནི་སྙན་ངག་གི་མཛེས་དཔྱོད་རང་བཞིན་ལ་རྒྱུས་ལོན་མ་ཐུབ་པའི་རྐྱེན་གྱིས་རེད།  བློ་ལྡན་སྐྱེ་བོ་ཞིག་ཡིན་ཚེ་འདི་འདྲའི་འདུ་ཤེས་གཏན་ནས་ཡིད་ལ་འཛིན་མི་རིགས།  “རང་རིགས་ཀྱི་སྙན་ངག་གི་གྲུབ་རྒྱུ་མི་ལྡན་པར།  མི་རིགས་གཞན་གྱི་སྙན་ངག་གི་ལེགས་ཆ་ཇི་ལྟར་ལེན།  ཕོ་བའི་འཇུ་སྟོབས་མི་འཛོམས་པའི་སེམས་ཅན་ཞིག་གིས་ཟས་ལ་སྙིགས་དོར་བཅུད་ལེན་ཐུབ་པ་ཕར་ཞོག བཟའ་བཏུང་འཇོག་སའི་སྣོད་ཀྱང་མེད་པས་དེ་དག་འཇུ་བའི་སྟོབས་ཤིག་གང་ན་ཡོད།”①ཡང་ན“སྲོལ་རྒྱུན་ནི་གསར་གཏོད་ཀྱི་རྨང་གཞི་ཡིན་ལ།  སྲོལ་རྒྱུན་རྒྱུན་འཛིན་བྱེད་པའི་དམིགས་ཡུལ་ནི་གསར་གཏོད་དང་འཕེལ་རྒྱས་གཏོང་རྒྱུ་ཡིན་པས་དེ་གཉིས་འགལ་འདུའི་གཅིག་འདུ་རུ་འདུག་པ་ལ་གཞོགས་གཅིག་འདོར་བར་བྱེད་པ་ནི་ཤེས་ཆུང་གི་རང་མཚང་ཙམ་དུ་ཟད་དོ།”②ཞེས་པ་བཞིན་ང་ཚོས་ངེས་པར་དུ་《སྙན་ངག་མེ་ལོང་》མའི་གཞུང་ལུགས་ཀྱི་ལེགས་ཆ་རྣམས་ལ་ཉམས་ལེན་གང་ཐུབ་ཀྱི་སྒོ་ནས་དཔལ་འབྱོར་དང་རིག་གནས་སོགས་སྔོན་ཐོན་ཅན་གྱི་མི་རིགས་དང་ཕྱི་གླིང་རྩོམ་རིག་སྒྱུ་རྩལ་གྱི་མཚོན་ཐབས་བཟང་པོར་སློབ་སྦྱོང་བྱས་ནས་གསར་དུ་དར་བའི་རང་མོས་སྙན་ངག་འདིའི་གོམ་འགྲོས་ཇེ་མྱུར་དང་འཐུས་ཇེ་ཚང་དུ་གཏོང་དགོས།
          ལར་སྤྱི་ལོ་1983 ལོར་སྐུ་ཞབས་རང་གྲོལ་ལགས་ཀྱིས་བོད་ཀྱི་རྩོམ་རིག་གི་གར་སྟེགས་སྟེང་དུ་རང་མོས་སྙན་ངག་གི་ཆེས་ཐོག་མ་སྟེ་《ལང་ཚོའི་རྦབ་ཆུ་》སྤེལ་བ་ནས་བཟུང་ད་ལྟའི་བར་ལོ་ངོ་བཅུ་ཙམ་རིང་ལ་སྙན་གསར་འདི་ལ་འཕེལ་རྒྱས་ཆེན་པོ་འབྱུང་བཞིན་ཡོད་དེ།  (1) དུས་ཡུན་ཐུང་ཐུང་གི་ནང་དུ་ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་སྙན་རྩོམ་གང་མང་ཞིག་སྤེལ་བ་དང་།  (2)ན་གཞོན་རྩོམ་པ་པོའི་དཔུང་ཁག་ཅིག་འཚར་ལོངས་འབྱུང་བཞིན་མཆིས།  (3)བསམ་བློའི་སྒྱུ་རྩལ་གྱི་མཚོན་ཐབས་ཕུན་སུམ་ཚོགས་པ།  (4)དངོས་ཡོད་སྤྱི་ཚོགས་འཚོ་བར་ཤུགས་རྐྱེན་མི་ཉུང་བ་ཞིག་ཐེབས་བཞིན་ཡོད།  འདི་འདྲའི་ཁ་དབུགས་གསར་བའི་ཤུགས་རྐྱེན་འོག་རང་མོས་སྙན་ངག་གི་གོམ་རིམ་ལ་སྨྲ་མི་ཤེས་པའི་འཕེལ་རྒྱས་འབྱུང་བཞིན་འདུག་མོད།  ཡིན་ཡང་སྙན་གསར་འདི་དར་བའི་ལོ་རྒྱུས་ཅུང་ཐུང་བ་ཡིན་ནམ།  ཡང་ན་རྩོམ་མཁན་ལ་ལས་སྙན་གསར་འདིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་མཛེས་དཔྱོད་སྒྱུ་རྩལ་ཐད་ལ་གཏིང་ཟབ་པའི་རྒྱུས་ལོན་མ་ཐུབ་པས་རང་མོས་སྙན་ངག་ལ་ལར་མཚོན་ན་མཛེས་དཔྱོད་ཡིད་བརྙན་(审美意象)གྱིས་མི་འདང་ས་དང་།  ཚོར་འདུ་ཤུགས་དྲག་པོས་མ་ཟིན་པ།  བསམ་བློའི་རྩེ་དུང་འབུར་དུ་ཐོན་ཐུབ་མེད་པས་རྩོམ་པ་པོ་དང་ཀློག་པ་པོ་གཉིས་ལ་མཉམ་སྒྲོག་བྱུང་ཐུབ་མེད་པའི་གནས་སུ་གྱུར།  རང་མོས་སྙན་ངག་འདི་སྒྱུ་རྩལ་གྱི་ཐད་ནས་དུས་རབས་ཀྱི་གོམ་འགྲོས་དང་མཉམ་དུ་བསྡེབ་དགོས་ན་ངེས་པར་དུ་སྙན་གསར་འདིའི་མཛེས་དཔྱོད་རང་བཞིན་དཔྱིས་ཕྱིན་པ་རྟོགས་དགོས་ལ།  འབུར་དུ་ཐོན་པའི་བསམ་བློའི་སྒྱུ་རྩལ་གྱིས་དངོས་ཡོད་སྤྱི་ཚོགས་འཚོ་བར་བག་ཆགས་ངེས་ཅན་ཞིག་ཐེབས་དགོས།  རང་་མོས་སྙན་ངག་འདི་ཡང་དུས་རབས་ཀྱི་དགོས་མཁོའི་རང་བཞིན་དང་བསྟུན་ཏེ་འཚར་ལོངས་བཞིན་མཆིས་པས་གཤམ་དུ་རང་བློའི་དཔོག་ཚོད་ཀྱིས་སྙན་གསར་འདིའི་མཛེས་དཔྱོད་རང་བཞིན་ཅུང་ཙམ་གླེང་བར་བྱའོ།།
གཉིས་པ།  རང་མོས་སྙན་ངག་གི་རྗོད་བྱེད་ཀྱི་མཛེས་དཔྱོད་སྐོར།
          སྤྱིར་སྐད་ཆ་ལ་རྩོམ་རིག་གི་སྐད་ཆ་དང་རྒྱུན་སྤྱོད་ཀྱི་སྐད་ཆ་སྟེ་དབྱེ་བ་ཆེན་པོ་གཉིས་ཡོད།  སྐད་ཆ་ནི་སྙན་ངག་འགྲུབ་བྱེད་ཀྱི་རྒྱུ་གཙོ་བོ་ཡིན་ལ་སྙན་ངག་ནི་སྐད་ཆའི་སྒྱུ་རྩལ་ཡིན་པའི་བཤད་སྲོལ་ཡོད།  འདིར་བཤད་པའི་སྐད་ཆ་ནི་རྩོམ་རིག་གི་སྐད་ཆ་ཡིན་ཞིང་རྒྱུན་ལྡན་བེད་སྤྱོད་བྱེད་པའི་སྐད་ཆ་མིན།  ཡིན་ཡང་།  རྩོམ་རིག་གི་སྐད་ཆ་ནི་རྒྱུན་ལྡན་བེད་སྤྱོད་བྱེད་པའི་སྐད་ཆའི་རྨང་གཞིའི་སྟེང་དུ་བྱུང་བ་ཡིན་སྟབས་འདི་གཉིས་ཕན་ཚུན་འབྲེལ་བ་ཤིན་ཏུ་ཆེ།  སྐད་ཆའི་འཕེལ་རྒྱས་ནི་སྤྱི་ཚོགས་འཚོ་བ་འཕེལ་རྒྱས་བྱུང་བ་དང་བསྟུན་ཏེ་འཕོ་འགྱུར་འབྱུང་བཞིན་ཡོད་ལ།  དེ་ལྟར་འཕེལ་རྒྱས་འབྱུང་བཞིན་པའི་རྒྱུན་སྤྱོད་སྐད་ཆའི་ཉིང་བཅུད་སྡུད་ལེན་བྱས་ཐོག་རྩོམ་རིག་གི་སྐད་ཆ་ལའང་འཕེལ་འགྱུར་འབྱུང་བཞིན་འདུག་གོ།
          ལོ་བཅུ་ཙམ་གྱི་སྙན་གསར་འཕེལ་རྒྱས་ཕྱོགས་ལ་ཕྱིར་བལྟས་བྱེད་ཚེ་རྩོམ་པ་པོ་ལ་ལར་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་མཛེས་དཔྱོད་ལྟ་བའི་རེ་སྙེག་མེད་པ་དང་།  མཛེས་དཔྱོད་ཀྱི་གོམས་སྲོལ་ཐད་ཀྱི་འགྱུར་ལྡོག་ཕྲ་མོ་འཚོལ་རྟོག་བྱེད་པར་དོ་སྣང་ཆེན་པོ་མ་བྱས་པར་བརྟེན། 《ལང་ཚོའི་རྦབ་ཆུ་》ཡི་སྒྱུ་རྩལ་མཚོན་ཐབས་དང་བསམ་བློའི་བརྩེ་དུང་སོགས་ཕྱོགས་གང་ཐད་ནས་ཀྱང་ལད་ཟློས་བྱས་པའི་སྙན་གསར་མི་ཉུང་བ་ཞིག་སྤེལ་བྱུང་།  འདི་ནི་གཙོ་བོ་སྐད་ཆའི་མཛེས་དཔྱོད་ཐད་ལ་རྒྱུས་ལོན་མེད་ཅིང་གསར་གཏོད་ཀྱི་འདུ་ཤེས་ཤིག་སྐྱེས་མ་ཐུབ་པའི་དབང་གིས་རེད།  ལད་ཟློས་ཇི་ལྟར་བྱས་རུང་ཁོ་ཚོར་《ལང་ཚོའི་རྦབ་ཆུ་》དང་འདྲ་བའི་བསམ་བློའི་རིན་ཐང་དང་མཛེས་དཔྱོད་ཀྱི་རིན་ཐང་མདོར་ན་སྒྱུ་རྩལ་གྱི་རིན་ཐང་ཤིན་ཏུ་ཞན།  གཞན་ཡང་སྙན་ངག་ནི་ལད་ཟློས་བྱས་པ་ཡིན་ཞེས་པའི་བརྗོད་སྲོལ་ཡོད་མོད།  འོན་ཀྱང་“ལད་ཟློས”ཞེས་པ་ནི་གསར་གཏོད་རང་བཞིན་ལྡན་པའི་ལད་ཟློས་ཡིན་ཞིང་།  མཐར་གཏུག་ན་རྩོམ་རིག་ཐམས་ཅད་ནི་ལད་ཟློས་བྱས་པ་ཡིན་ལ།  ང་ཚོས་ངེས་པར་དུ་རྟོགས་དགོས་པ་ཞིག་ནི་ལད་ཟློས་དང་མཉམ་དུ་གསར་གཏོད་བགྱིས་བས་ད་གཟོད་གསར་རྩོམ་ཞེས་པའི་ལམ་དུ་སྙེག་ཐུབ།  འདི་ནི་སུས་ཀྱང་བསྙོན་མི་ནུས་སོ།།  སྙན་ངག་ནི་སྐད་ཆའི་སྒྱུ་རྩལ་མཐོ་ཤོས་ཡིན་ལ།  ང་ཚོས་ངེས་པར་དུ་གོམ་གང་མདུན་སྤོས་ཀྱིས་རང་མོས་སྙན་ངག་གི་སྐད་ཆའི་མཛེས་དཔྱོད་ཐད་ལ་རྒྱུས་ལོན་བྱ་རྒྱུ་ནི་སྙན་གསར་འདིའི་སྤུས་ཚད་མཐོ་རུ་འདེགས་རྒྱུར་གལ་འགངས་ཧ་ཅང་ཆེ།
          (ཀ) ཐུན་མོང་མ་ཡིན་པའི་སྐད་ཆའི་སྒྱུ་རྩལ་གྱིས་སྤྲས་པ།  སྙན་ངག་ནི་ཚད་མཐོ་ཞིང་གཅིག་དྲིལ་གྱི་སྒོ་ནས་སྤྱི་ཚོགས་འཚོ་བ་དངོས་མཚོན་པའི་རྩོམ་སྟངས་ཤིག་ཡིན་སྟབས།  བརྩམས་སྒྲུང་དང་ལྷུག་རྩོམ་སོགས་ཀྱི་སྐད་ཆ་དང་མི་འདྲ་ཞིང་ཁྱད་འཕགས་རང་བཞིན་ལྡན་པའི་སྐད་ཆའི་ཉིང་བཅུད་ཡིན།  རང་མོས་སྙན་ངག་ནི་རྗོད་བྱེད་དང་རྣམ་པ།  ཡང་ན་བསམ་བློའི་བརྩེ་དུང་མཚོན་སྟངས་ཕྱོགས་གང་ཐད་ནས་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ཁྱད་ཆོས་ལྡན་པར་བརྟེན།  ང་ཚོས་རྙིང་ཞེན་གྱི་བསམ་བློ་རྒྱབ་ཏུ་དོར་ནས་དུས་རབས་གསར་པར་གདོང་གཏུག་ཕོད་པའི་སྤོབས་པ་སྐྱེད་དགོས།  ལོ་ཟླའི་འགྲོས་རིམ་དང་བསྟུན་ནས་དཔལ་འབྱོར་རྨང་གཞི་གསར་པ་ཆགས་པའི་སྤྱི་ཚོགས་ཀྱི་འཚོ་བ་དང་ཉེ་འབྲེལ་ཆེ་བས་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཡང་ཐོབ་ཀྱིན་འདུག “བརྗོད་བྱའི་དོན་གྱི་མཚོན་སྟངས་ལ་བཀག་རྒྱ་ཅི་ཡང་མེད་པར།  རྩོམ་པ་པོའི་བསམ་བློའི་བརྩེ་དུང་དང་ཡིད་ཀྱི་འགྱུར་བག་རང་སྣང་གང་མོས་སུ་སྟོན་ཐུབ་པ་དེ་ནི་གྲོལ་བའི་སྙན་ངག་གི་རྗོད་བྱེད་དམ་ལུས་ཀྱི་དགེ་མཚན་ཡིན་ནོ།།”③ཞེས་པ་ཇི་བཞིན་གསར་དུ་དར་བའི་རང་མོས་སྙན་ངག་ནི་ལུས་དང་སྲོག་ཡང་ན་སྒྱུ་རྩལ་མཚོན་ཐབས་ཕྱོགས་ལ་ཐོབ་པའི་བཅིངས་འགྲོལ་ཆེན་པོ་ཞིག་རེད།  འདི་འདྲའི་བཅིངས་འགྲོལ་ཐོབ་པའི་ཚིག་འགྲོས་ལས་འཕྲོས་པའི་ཕུན་སུམ་ཚོགས་པའི་སྐད་ཆའི་སྒྱུ་རྩལ་གྱིས་སྤྲོས་པའི་སྙན་གསར་གང་མང་ཞིག་གིས་སྐྱེ་བོ་ཀུན་གྱི་ཡིད་དབང་འགུག་བཞིན་ཡོད།  དཔེར་ན།  “སླར་ཡང་སྦྲ་མཐའི་ཤ་ཁྱི་དེའི་མིག་ཟུང་ལས།  སྨེ་བདུན་གྱི་མགོ་བོ་སྨད་དུས།  ཁྱོད་རང་ཨ་ཕའི་རྨི་ལམ་ལས་འཇབ་ཡོང་”(《ཆུ་ལེན་བུ་མོ 》)《མང་ཚོགས་སྒྱུ་རྩལ་》93 ལོའི་དེབ་དང་པོ།) “ཕྱིར་དྲན་གྱི་གླིང་བུ་ལྡིད་ཏིག་གི་འགྱུར་ཁུགས་ལ་སྤྲོན་དུས།  བསམ་གཞིགས་ཀྱི་དགུ་མདུད་བར་ནས་འཁྲེང་སེམས་ཀྱི་རེ་ཁཱ་འཕུར”(《 གྱེས་བྲལ﹒འཁྲེང་སེམས》《གངས་རྒྱན་མེ་ཏོག》 )93 ལོའི་དེབ་དང་པོ།) “ཇི་འདྲའི་འདྲིས་ཡོད་ཀྱི་རི་བོ་དང་ཆུ་ཨང་གཞོན་ནུའི་ལང་ཚོ་ཡི་བྲག་ཅ་སྙི་མོའི་ཁུགས་སུ།  བརྗེད་དཀའ་བའི་ཕ་ཡུལ་ཞིམ་མངར་གྱི་ལོ་ཟླ་བསྟར་ཞིང་།  ཁྱེད་ཀྱི་སྙིང་ཉེ་བའི་ཟིལ་འོད་མཉེན་མོས།   ཁོ་བོར།   རྒྱང་དུ་འདས་པའི་རྨི་ལམ་གྱི་གཟུགས་བརྙན་བསྐྱར་དུ་བསྩལ།” (《ཟླ་བ》《གངས་རྒྱན་མེ་ཏོག 》92ལོའི་དེབ་བཞི་པ།)ཞེས་སོགས་མངོན་བརྗོད་དང་ཐུན་མོང་མ་ཡིན་པའི་ཐ་སྙད་ཀྱིས་མ་བཅིངས་ཤིང་ཤིན་ཏུ་སྙན་པའི་ཚིག་འགྲོས་དང་མཉམ་དུ་བློ་ཡིད་ལ་མཛེས་ཚོར་གྱི་སྣང་བ་ཞིག་དབང་མེད་དུ་སྐྱེས།  “སྐད་ཆ་ནི་བསམ་བློའི་བརྩེ་དུང་མཚོན་བྱེད་ཀྱི་ཡོ་བྱད་ཡིན་ལ།  སྙན་ངག་ནི་སྐད་ཆའི་སྒྱུ་རྩལ་ཡིན”པ་བཞིན་ཚིག་རྒྱན་སྣ་ཚོགས་ཀྱིས་སྤྲས་ཤིང་སྒྱུ་རྩལ་གྱི་ཉམས་ཀྱིས་ཕྱུག་པའི་རང་མོས་སྙན་ངག་གི་སྐད་ཆའི་སྒྱུ་རྩལ་ཐད་ལ་དུས་ཐུང་ནང་དུ་འཕེལ་རྒྱས་འདི་འདྲ་ཆེན་པོ་བྱུང་བ་ཡང་(མེ་ལོང་) མའི་རྒྱན་སྣ་ཚོགས་རང་མོས་སྙན་ངག་གི་ཚིག་འགྲོས་སུ་སྤེལ་བ་མ་ཟད།  ད་དུང་དུས་རབས་གསར་པའི་རྩོམ་རིག་གི་རླབས་རྒྱུན་གྱི་ཤན་ཞུགས་པས་ཡིན་པར་སྙམ།
          (ཁ)སྙན་ཞིང་ཡིད་དབང་འགུག་པའི་ཚིག་འགྲོས་ཀྱི་རོ་ཉམས་རང་བཞིན་ཐོན་པ།  སྤྱིར་སྙན་རྩོམ་གང་ཡིན་རུང་རྩོམ་པ་པོའི་ཡིད་དུ་འཆར་བའི་ཕྱི་རོལ་ཡུལ་གྱི་བྱ་དངོས་དེའི་སྣང་བརྙན་བསམ་པའི་རྟོག་འཆར་ལས་འཕྲོས་པའི་ཡིད་གཟུགས་ཀྱིས་སྤྱི་ཚོགས་འཚོ་བ་དངོས་མཚོན་པ་ཡིན་ལ།  སྙན་རྩོམ་ཞིག་ཡིན་ཚེ་མིའི་ཡིད་དབང་ཅིག་ཅར་དུ་འཕྲོག་ནུས་པ་མ་ཟད།  ད་རུང་ཚིག་གི་རོ་ཉམས་ཕུན་སུམ་ཚོགས་པས་ཡིད་ལ་དགའ་བདེའི་ཚོར་སྣང་སྐྱེས་ཐུབ་དགོས།  རྗོད་བྱེད་ཚིག་གི་སྡེབ་སྦྱོར་དང་ཉམས་འགྱུར་གཏོད་ཚུལ་སོགས་ཀྱི་ཐད་ནས་སྔ་དར་བོད་ཀྱི་སྙན་ངག་ལ་མངོན་པར་གསལ་པའི་ཁྱད་ཆོས་ལྡན་མོད།  འོན་ཀྱང་གསར་དུ་དར་བའི་རང་མོས་སྙན་ངག་ལ་ཚིག་གི་རོ་ཉམས་ཐོན་མེད་ཅེས་བཤད་ན་མ་བརྟག་གང་དྲན་གྱི་བསམ་ཚུལ་ཡིན་པར་སྙམ།  རང་མོས་སྙན་ངག་གི་ཚིག་འགྲོས་ཀྱི་རོ་ཉམས་རང་བཞིན་ནི་ང་ཚོས་སྙན་གསར་གང་མང་ཞིག་ཀློག་དུས་ཚིག་སྦྱོར་ཐུན་མོང་མ་ཡིན་པ་སྟེ་དབྱངས་ཀྱི་འགྱུར་བག་དང་ལྕི་ཡང་ལེགས་པར་སྤེལ་བ་ལས་འཕྲོས་པའི་ཡིད་ཀྱི་ཚོར་བ་དེ་ཡིན་ཞིང་།  ལོ་དུ་མའི་རིང་གི་སྙན་གསར་དར་བའི་ལོ་རྒྱུས་ལ་གཞིགས་ཚེ་ཚིག་རྐང་གི་སྒྲིག་སྟངས་དང་རྣམ་པ།  ཉམས་འགྱུར་གྱིས་སྤྲས་པ་ན་ད་གཟོད་ཚད་དང་ལྡན་པའི་རང་མོས་སྙན་ངག་གི་གྲས་སུ་འཇོག་པར་མནོ་བསམ་ཆེན་པོ་བཏང་ན་འགྲིག་པར་སྙམ།  ལར་རང་ཡིད་ཀྱི་འགྱུར་བ་ལ་བཀག་རྒྱ་ཅི་ཡང་མེད་པར་ཚིག་གི་འགྲོས་དང་བསྟུན་ཆོག་པའི་སྙན་རྩོམ་ཚིག་རྐང་ཕན་ཚུན་བར་མང་ཉུང་མི་སྙོམས་པའི་རང་མོས་སྙན་ངག་ཅིག་ཡིན་ན་ཡང་།  ཀློག་པའི་ཚེ་ངག་ལ་བདེ་ཞིང་རྣར་སྙན་པ།  ངལ་གསོ་བའི་མཚམས་གསལ་བ།  དབུགས་ཀྱི་རྒྱུ་བ་དང་མཐུན་པ།  སྒྲ་གདངས་ཀྱི་ཉམས་འགྱུར་མངོན་པར་གསལ་པའི་སྙན་འཇེབས་ཚིག་གི་འགྲོས་དང་བསྡེབས་པའི་སྙན་དབྱངས་རང་བཞིན་འདིས་མཛེས་ཚོར་གྱི་སྣང་བ་སྟེར་ཐུབ་ལ།  དེ་དང་བསྟུན་པའི་བསམ་བློའི་རྩེ་དུང་ཡང་ངང་ངམ་ཤུགས་ཀྱིས་མཚོན་ནུས།  དཔེར་ན།  “ཕུ་དུང་གི་འགྱུར་ཁུགས་ལས་གཏོར་པའི་ཚེ་སྲོག་རེ་རེ།  ཁམ་བུའི་མེ་ཏོག་གི་འདབ་མ་ཇི་བཞིན་འཐོར་ནས།  ལྕགས་རིའི་ཕྱི་རོལ་གྱི་ནམ་མཁའི་ལྡེབས་སུ་ཉི་འོད་ལྟར་ཞུ་ཞིང་འཛར་བའི་གླུ་ངག་ལ།  གྲང་འདར་རྒྱག་བཞིན་པའི་གདུང་བ་སྤར་མོ་ཞིག”(《གླུ་དབྱངས་(ནམ་མཁའི་ལྷ་མོ)ཞེས་པར་ཉན་པ》《མང་ཚོགས་སྒྱུ་རྩལ་》91 ལོའི་དེབ་དང་པོ།) “ཨ།  ཡང་ན་དཔྱིད་ཀ་འདི་འོངས་པ་ཧ་ཅང་འཕྱིས་པའི་དབང་གིས།  ཟླ་དྲུག་པའི་ཁ་བས་སྤང་ཐང་ལ་ལྷན་པ་ཡང་བསྐྱར་བརྒྱབ།  ཆར་ཟིམ་ཟིམ་ཞིག་ཉི་མའི་ཀློང་ནས་འབབ་དུས།  ངས་ད་གཟོད་མདང་དགོང་གི་རྨི་ལམ་དེ།  མེ་ཏོག་གི་འདབ་མས་ཁེངས་པའི་དཔྱིད་དུས་ཀྱི་རེ་སྨོན་ཞིག་ཡིན་པ་ཚོར།  (《བརྩེ་དུང་གི་སླད་དུ》《སྦྲང་ཆར》92 ལོའི་དེབ་གཉིས་པ།)ཞེས་སོགས་རྩོམ་པ་པོའི་སེམས་ཁམས་འགུལ་སྐྱོད་ཀྱི་འགྱུར་བ་དང་བསྟུན་ནས།  ཚིག་སྦྱོར་སྤེལ་སྟངས་ཀྱི་ཆ་ནས་དབྱངས་ཀྱི་འགྱུར་ཁུགས་ཀྱིས་འཁྱུད་པའི་ཚིག་གི་རོ་ཉམས་མངོན་པར་གསལ་པའི་སྙན་གསར་བགྲང་གིས་མི་ལངས་པ་ཞིག་རྩོམ་རིག་གི་དུས་དེབ་གང་མང་ཞིག་གི་སྟེང་དུ་མཐོང་ཐུབ།
          གཞན་ཡང་།  ཚིག་གི་རོ་ཉམས་ལེགས་པོ་ཞིག་ཐོན་དགོས་ན་ངེས་པར་དུ་རང་མོས་སྙན་ངག་གི་ཤད་འཇོག་སྟངས་ལ་ཡང་ཡིད་འཇོག་ཆེན་པོ་བྱེད་དགོས།  ཤད་ཀྱིས་གཙོ་བོ་རྩོམ་མཁན་གྱི་ཡིད་ཀྱི་འགྱུར་བ་དང་དབུགས་ཀྱི་རྒྱུ་བ་ལ་བསྟུན་ནས་ངལ་གསོ་བ་དང་ཚིག་འགྲོས་ཀྱི་མཚམས་འཇོག་སྟངས་ཐད་ནུས་པ་ཐོན་ཡོད།  འདི་འདྲའི་སྒྱུ་རྩལ་གྱི་མཚོན་ཐབས་ཕྱོགས་ལ་དགོས་གལ་ཆེན་པོ་ལྡན་པའི་ཉམས་མྱོང་མ་ལོན་པའི་རྩོམ་མཁན་ལ་ལས་གང་དྲན་དྲན་གྱིས་ཤད་བཞག་ནས་སྙན་རྩོམ་གྱི་ཕྱི་ལུས་ཀྱི་ཆ་ལ་ཡིད་འཇོག་ལེགས་པོ་མ་བྱས་པར་བརྟེན།  ཚིག་གི་འགྱུར་ཁུགས་མི་གསལ་ཞིང་སྙན་རྩོམ་གྱི་བཅུད་ཀྱང་ཉམས་པར་གྱུར།  ཐ་ན་རྩོམ་མཁན་དང་ཀློག་མཁན་གཉིས་ཀྱི་ཕྱོགས་ནས་མཉམ་སྒྲོག་ཀྱང་བྱུང་མི་ཐུབ།
གསུམ་པ།  ཡིད་ཀྱི་འདེགས་འཇོག་གསལ་བའི་ཚོར་འདུ་དྲག་པོས་ཟིན་པ།
          དེ་ཡང་ཚོར་འདུ་ནི་སྤྱི་ཚོགས་ལག་ལེན་ནང་དུ་མིས་ཕྱི་རོལ་ཡུལ་གྱི་བྱ་དངོས་ལ་ལྟ་ཚུལ་གཙོ་བོ་འཛིན་སྟངས་ཡིན་ཞིང་།  དེ་ནི་མིའི་ཚོར་སྣང་འགུལ་བསྐྱོད་ལས་ཐད་ཀར་བྱུང་བ་ཞིག་ཀྱང་ཡིན།  སྙན་ངག་ནི་རྩོམ་མཁན་གྱི་ཚོར་འདུ་སྙིང་བསྡུས་རང་བཞིན་ལས་བྱུང་བ་ཞིག་ཡིན་ལ།  དེ་འདྲའི་སྒྱུ་རྩལ་འགུལ་བསྐྱོད་ཀྱི་གཏིང་ཟབ་ཚད་ནི་སྙན་གསར་གྱི་མཛེས་སྡུག་རིག་པའི་རིན་ཐང་གི་ཚད་ཐིག་ཡིན་ཞེས་བརྗོད་ཆོག  ང་ཚོས་སྙན་རྩོམ་གང་རུང་ཞིག་བཀླགས་ཀྱང་ཀློག་མཁན་ལ་རང་བཞིན་གྱི་མཛེས་དཔྱོད་ལྟ་བ་སྟེར་ཞིང་མཛེས་ཤིང་སྡུག་པའི་ཚོར་སྣང་བསྐྱེད་དུ་འཇུག་པ་ནི་རྩོམ་མཁན་གྱི་ཚོར་འདུ་དྲག་པོར་བསྟུན་ནས་རྟོག་འཆར་ནུས་ཤུགས་བསྐྱེད་པའི་བསམ་བློའི་སྒྱུ་རྩལ་དེ་ལས་འཕྲོས་པའི་ཤེས་རྟོགས་ཀྱི་ནུས་པ་དང་སློབ་གསོའི་ནུས་པ་ཡིན་ཞིང་།  པེ་ལེན་སི་ཅིས་(别林斯基)“ཚོར་འདུ་མེད་ན་སྙན་ངག་མེད་” ཅེས་གསུངས་པ་ལྟར་ཚོར་འདུའི་མཛེས་དཔྱོད་མེད་ན་སྒྱུ་རྩལ་ཞེས་པའང་མེད་ལ།  ཚོར་འདུ་ནི་སྒྱུ་རྩལ་གྱི་རྩ་བ་ཡིན་ལ་སྒྱུ་རྩལ་མཛེས་དཔྱོད་ཀྱི་ཁྱད་ཆོས་ཀྱང་ཡིན་དགོས།  དེ་བས་ཚོར་འདུ་དྲག་པོ་ནི་སྙན་ངག་གི་སྲོག་རྩ་ཡིན།  ང་ཚོས་ཤེས་གསལ་ལྟར་སྔ་རབས་བོད་ཀྱི་སྙན་ངག་ལ་ཆོས་ལུགས་ཀྱིས་ཤན་ཞུགས་ཚུལ་ཅུང་ཙམ་ལྕི་བས་སྒྱུ་རྩལ་མཚོན་ཐབས་ཀྱི་མཛེས་དཔྱོད་ཐད་ལ་གཞིགས་ན་ཚོར་འདུ་འགུལ་བསྐྱོད་ཀྱི་ཆ་ནས་མི་འདང་ས་ཡོད་ལ།  དེ་ནི་གཙོ་བོ་ཡང་སྙན་རྩོམ་གྱི་འདུ་ཤེས་དབང་གིས་ཀློག་མཁན་གྱི་སེམས་ཁམས་ཐད་ལ་སྒྱུ་རྩལ་གྱི་ནུས་ཤུགས་ཚད་མཐོན་པོ་ཞིག་ཐོན་མེད་པས་བློ་ལ་མཛེས་ཚོར་ལེགས་པོ་ཞིག་སྐྱེས་མ་ཐུབ་པས་རེད།  སྙན་གསར་ལ་སྒྱུ་རྩལ་གྱི་མཛེས་དཔྱོད་དེའི་ཕྱོགས་སུ་ཚོར་འདུ་དྲག་པོ་ལས་འཕྲོས་པའི་རྟོག་འཆར་གྱི་གསར་གཏོད་ལ་བརྟེན་ནས་ཡིད་དུ་མཛེས་ཚོར་ཁྱད་པར་ཅན་སྐྱེས་ཐུབ་པའི་ཁྱད་ཆོས་ཡོད་དེ།  དཔེར་ན།  “འཛུམ་དཀར་འདབ་མ་དེ་ལས་ད་དུང་།  འདས་སོང་གི་ལོ་ཟླ་དག་སླར་ཡང་བཀླགས་པས།  སྐྱུར་རྩི་དང་འདྲེས་པའི་འོ་མའི་མངར་ཁ་དེ་སླར་མྱོང་ཐུབ་ཅིང་།  དགའ་བའི་རྫི་རླུང་གི་སྐྱོད་སྟངས་ཤིག་གིས།  མལ་དུ་གཟིམས་པའི་དགོད་སྒྲ་དེ་ཡང་གཉིད་ལས་སློང་།”(《སྐྱུར་རྩི་ལས་གཞིབ་པའི་མངར་ཁུ》《སྦྲང་ཆར》91 ལོའི་དེབ་གཉིས་པ།)“དགོད་སྒྲ་ལྟར་རྒྱུན་མར་བཞུར་པའི་ཆུ་ཕྲན།  ཁྱོད་ལུས་ལྟར་ལྡེམ་ཞིང་མཉེན་པའི་ལྗོན་ཚོགས།  ཁྱོད་མཆུ་བཞིན་བརླན་ཞིང་འཇམ་པའི་ནེའུ་གསིང་།  ཨེ་དྲན་ནམ།  བརྩེ་དུང་གི་ཆུ་མིག་ཐོག་མར་བརྡོལ་བའི་རྒྱ་ལྕང་གི་ལྗོན་ཚུལ་འདི་”(《མཐིང་མདོག་གི་སེམས་སྒྲ》《གངས་རྒྱན་མེ་ཏོག 》91 ལོའི་དེབ་གསུམ་པ།) “མཁའ་དབྱིངས་ལ་གྲིབ་བརྙན་ཕབ་པའི་དགོང་དྲོ་དེར།  འདམ་རྩྭའི་ཁེར་ཞེན་གྱི་རྨི་ལམ་ངོགས་སུ།  རྡོ་དང་གྲང་ལྷགས་ཀྱི་སྨྲ་བརྗོད་གཉོམ་པོས།  སྐར་ཚོགས་དང་རྫ་ཆུ་འདར་བའི་བྲང་ཁོངས་སུ།  ངང་བ་སེར་བོའི་མགྲིན་སྙན་དྲོན་མོ་བཙལ”(《ངང་བ་སེར་བོ》《གངས་རྒྱན་མེ་ཏོག 》93 ལོའི་དེབ་གསུམ་པ།)ཞེས་པའི་སྙན་རྩོམ་གང་མང་ཞིག་ཚོར་འདུ་དྲག་པོས་ཟིན་ཅིང་ཕུན་སུམ་ཚོགས་པའི་ཡིད་བརྙན་གྱིས་འཁྱུད་པའི་ཚོར་འདུའི་སྒྱུ་རྩལ་འགུལ་བསྐྱོད་དང་ཀློག་མཁན་ཡིད་ཀྱི་འགྱུར་བ་ཡང་ན་འཚོ་བའི་ཉམས་མྱོང་སོགས་གཅིག་མཚུངས་ཀྱི་རང་བཞིན་ལྡན་པར་བརྟེན།  གསར་དར་རང་མོས་སྙན་ངག་གི་ཟབ་ཁྱད་ཀྱི་བསམ་བློས་དངོས་ཡོད་སྤྱི་ཚོགས་འཚོ་བའི་ཡང་སྙིང་གསལ་བར་མཚོན་ཞིང་།  ཀློག་མཁན་གྱི་བསམ་པའི་གོ་རྟོགས་དང་།  འཇིག་རྟེན་ལྟ་ཚུལ།  མདོར་ན་མཛེས་དཔྱོད་ལྟ་ཚུལ་དང་རྩོམ་མཁན་གྱི་བསམ་བློ་གཉིས་ལ་མཉམ་སྒྲོག་གི་སྤྱི་ཚོགས་འདུ་ཤེས་སྐྱེས་ངེས་ཡིན།
          གཞན་ཡང་།  རྩོམ་མཁན་ཡིད་ཀྱི་ཚོར་འདུའི་འགུལ་བསྐྱོད་ནི་སེམས་ལ་གང་དྲན་དྲན་གྱིས་བྱུང་བ་མིན།  དེ་ནི་རྩོམ་མཁན་འཚོ་གནས་བྱེད་སའི་སྤྱི་ཚོགས་ཁོར་ཡུག་ལས་བྱུང་ཞིང་།  གསར་དུ་དར་བའི་རང་མོས་སྙན་ངག་ལ་གཞི་རྩར་གྱུར་བའི་ཚོར་འདུ་དྲག་པོ་ལས་འཕྲོས་པའི་རྟོག་འཆར་ནུས་ཤུགས་འཛོམས་ཡོད་ཕྱིར་སྤྱི་ཚོགས་འཚོ་བ་མཚོན་པའི་སྒྱུ་རྩལ་མཚོན་ཐབས་ཤིག་ཡིན།  ཧེ་གར་གྱིས་(黑格尔) “རང་སྣང་གི་རྟོག་འཆར་དང་སྒྱུ་རྩལ་ལ་ཡང་ངེས་པར་དུ་རང་ཉིད་ཀྱི་འདུ་ཤེས་གཙོ་བྱས་པའི་རྟོག་འཆར་དང་སྒྱུ་རྩལ་འགུལ་བསྐྱོད་རང་མོས་ཀྱི་དབང་གིས་བྱུང་བ་ལགས།” ཞེས་གསུངས་པ་བཞིན་རྩོམ་མཁན་ཡིད་ཀྱི་འགྱུར་བ་གསལ་བའི་ཚིག་འགྲོས་རང་མོས་ཅན་ལ་ཚོར་འདུ་དྲག་པོས་ཟིན་ཡོད་ལ།  དེ་བས།  ལོ་ངོ་ཐུང་ཐུང་ནང་དུ་དར་བའི་རང་མོས་སྙན་ངག་ལ་མཛེས་ཤིང་སྡུག་པའི་ཕུགས་བསམ་ལྡན་ཞིང་རྩོམ་རིག་གི་ཚེ་སྲོག་ལ་དོན་ལྡན་གྱི་རིན་ཐང་སྐྲུན་བཞིན་ཡོད།
བཞི་པ།  ཕུན་སུམ་ཚོགས་པའི་བསམ་བློའི་བརྩེ་དུང་སྒྱུ་རྩལ།
          སྒྱུ་རྩལ་བརྩམས་ཆོས་གང་ཡིན་རུང་མིའི་བསམ་བློའི་འགུལ་བསྐྱོད་ཀྱི་མཐའ་མའི་འབྲས་བུ་ཡིན་ཞིང་དངོས་ཡོད་སྤྱི་ཚོགས་ཀྱི་ཤེས་རྟོགས་ཀྱང་ཡིན།  དེ་ནི་མི་དང་དངོས་ཡོད་འཚོ་བའི་འབྲེལ་བ་ཡིན་ལ་མིའི་བསམ་བློའི་བརྩེ་དུང་ཕྱི་ཡུལ་གྱི་རྣམ་པ་དང་ནང་སེམས་ཀྱི་འགྱུར་བ་ལས་བྱུང་པའི་རྣམ་པ་ཞིག་ཡིན།  ཕྱི་རོལ་ཡུལ་གྱི་ཁོར་ཡུག་དང་བྱ་དངོས་གང་ཡིན་རུང་གི་སྣང་བརྙན་སྙན་ངག་གི་ཚིག་འགྲོས་སུ་མངོན་པ་ཡོད་དོ་ཅོག་མཐར་གཏུག་ན་མིའི་བསམ་བློ་དང་བརྩེ་དུང་།  ཡང་ན་འདུན་པ་སོགས་མཚོན་པ་ནི་སྨྲས་མ་དགོས།  དེང་རབས་བོད་ཀྱི་སྙན་ངག་པ་གྲགས་ཅན་ཡི་དམ་ཚེ་རིང་ལགས་ཀྱིས་“སྙན་ངག་ནི་གཡོ་སྒྱུ་དང་མ་འདྲེས་པའི་བདེན་ཚིག་ཅིག སྙན་ངག་ནི་མིའི་རིགས་ཀྱི་འདུ་ཤེས་གསོ་བའི་སླད་མ་འདྲེས་པའི་སྙིང་གི་བདུད་རྩི་ཡིན་”ཞེས་གསུངས་པ་ཇི་བཞིན་གསར་དུ་དར་བའི་རང་མོས་སྙན་ངག་འདི་ལ་ཡང་སྒྱུ་རྩལ་གྱི་མཚོན་ཐབས་དང་བསམ་བློའི་རྩེ་དུང་སོགས་ཕྱོགས་གང་ནས་ཀྱང་དུས་རབས་གསར་པའི་སྤྱི་ཚོགས་འཕེལ་རིམ་གྱི་མེ་ལོང་ཡིན་ལ།  ཕྱི་ནང་གཉིས་ཀྱི་འགྱུར་བ་རབ་ཏུ་ཟིན་པའི་ཚོར་འདུ་དྲག་པོ་དང་ཡིད་འཕྲོག་པའི་ཚོར་བས་དུས་རབས་གསར་བའི་མིའི་བསམ་བློ་འདུ་ཤེས་ལ་ཤེས་རྟོགས་དང་སློབ་གསོའི་ནུས་པ་ཆེན་པོ་ཐེབས་གྱིན་ཡོད།  དུས་རབས་གང་གི་སྙན་ངག་ཡིན་ཡང་ངེས་པར་དུ་དུས་རབས་དེའི་ཕུགས་བསམ་དང་ལོ་རྒྱུས་ཀྱི་བསམ་བློ་གཏིང་ཟབ་ཅིང་རྒྱ་ཆེ་བ་མཚོན་པར་བྱེད་དགོས།  དེ་བས་སྙན་ངག་ནི་དུས་རབས་ཀྱི་དུང་བརྡ་དང་སྙན་ངག་པ་ནི་དུས་རབས་ཀྱི་མགྲིན་ཚབ་ཡིན་པ་ཡང་གཙོ་བོ་བསམ་བློའི་བརྩེ་དུང་སྒྱུ་རྩལ་ཐད་ནས་བསྟན་པ་ཡིན་ཞེས་བསྙད་ཆོག རང་མོས་སྙན་ངག་ལ་དེང་གི་དུས་འདིར་དགའ་བསུ་ཆེན་པོ་ཐོབ་གྱིན་མཆིས་པ་ཡང་ཡིད་ཀྱི་འགྱུར་བ་རང་མོས་ཀྱི་ཚིག་འགྲོས་སུ་མངོན་པ་དང་ཕུན་སུམ་ཚོགས་པའི་བསམ་བློའི་བརྩེ་དུང་གི་སྒྱུ་རྩལ་ཐད་ལ་ཁྱད་འཕགས་ཀྱི་དགེ་མཚན་ལྡན་པས་ཡིན་ཞིང་།  བསམ་བློ་ནི་སྙན་ངག་ཐམས་ཅད་ཀྱི་བརྗོད་སྙིང་ཡིན་པ་བཞིན་བསམ་བློའི་བརྩེ་དུང་གི་སྒྱུ་རྩལ་ཐད་ནས་ང་ཚོས་དུས་རབས་ཤིག་གི་སྙན་རྩོམ་གྱི་ལོ་རྒྱུས་རིན་ཐང་རྟོགས་ཐུབ།  ལར་ཚོར་འདུ་ཤུགས་དྲག་པོས་ཟིན་པའི་སྙན་གསར་ལ་ཕུན་སུམ་ཚོགས་པའི་བསམ་བློའི་བརྩེ་དུང་ལྡན་ཞིང་།  དུས་རབས་གསར་པའི་ནང་དུ་སྤྱན་ལམ་ཡངས་པའི་སྙན་ངག་པ་དག་གིས་རང་མི་རིགས་འདི་ད་དུང་རྙིང་ཞེན་དང་རྨོངས་དད་ཀྱི་དྲ་རྒྱ་ལས་ཐར་མ་ཐུབ་པའི་རྗེས་ལུས་ཀྱི་རྣམ་པ་གསལ་བར་མཐོང་སྟབས།  དངོས་ཡོད་འཚོ་བའི་སྣང་བརྙན་ལས་འཕྲོས་པའི་སྒྱུ་རྩལ་མཚོན་ཐབས་ཀྱིས་ལ་རྒྱའི་མེ་ལྕེ་དགུང་དུ་མཆེད་ཅིང་མི་རིགས་ཀྱི་འདུ་ཤེས་ལྟེམས་ལྟེམས་གཡོ་བའི་བསམ་བློའི་བརྩེ་དུང་སྙན་ཞིང་འཇེབས་པའི་ཚིག་འགྲོས་སུ་མཚོན་འདུག དཔེར་ན།  “ཁྱོད་ནི་ལོ་རྒྱུས་ཀྱི་དཔང་བོ་དང་།  མ་འོངས་པའི་ལམ་འདྲེན་རེད།  ཁྱོད་ཀྱི་ཆུ་ཐིགས་རེ་རེའི་ནང་དུ།  གངས་ཅན་བོད་ཀྱི་འཕེལ་འགྲིབ་འཁོད་ཡོད་ལ།  ཁྱོད་ཀྱི་ཟེགས་མ་འཆར་བའི་རྡུལ་ཕྲན་རེ་རེའི་ནང་དུ།  བསིལ་ལྡན་ཁ་བའི་ལྗོངས་ཀྱི་དར་རྒུད་འདུས་ཡོད”(《ལང་ཚོའི་རྦབ་ཆུ་》《སྦྲང་ཆར》 83 ལོའི་དེབ་གཉིས་པ།)“དབུལ་དྲགས་པའི་ཨམ་ཕྲག་ཟབ་མོར།  བརྩེ་དུང་དང་ཡིད་རྟོན་ལྟེམས་ལྟེམས་གཡོ།  ང་ཚོ་གདངས་ཉམས་གཅིག་གི་བགད་མྱོང་།  དགོད་སྒྲ་ཡོད་ཚད་ཀྱི་མཉམ་སྒྲོག་ཆེན་མོས།  དུས་རབས་ཤིག་གི་ཐོབ་ཐང་འགོད་འདོད”(《 ང་དང་ངའི་གྲོགས་པོ་ཚོ ) 》《གངས་ཅན་མེ་ཏོག 》 91 ལོའི་དེབ་གསུམ་པ།)ཞེས་སོགས་མི་རིགས་ཡར་ཐོན་གྱི་འདུ་ཤེས་དྲག་ཏུ་འབར་ཞིང་ཡིད་ཆེས་ཀྱི་སྤོབས་པས་རབ་ཏུ་ཁེངས་པའི་བསམ་བློའི་སྒྱུ་རྩལ་བསྡུས་བརྗོད་དང་ཚོར་རྗེས(通感) སོགས་སྒྱུ་རྩལ་མཚོན་ཐབས་སྣ་ཚོགས་ཀྱི་སྒོ་ནས་བརྗོད་པའི་སྙན་གསར་གང་མང་ཞིག་ང་ཚོའི་མིག་གི་བདུད་རྩིར་གྱུར་ཡོད།
          གཞན་ཡང་དུས་རབས་གསར་པའི་གོམ་སྟབས་དང་བསྟུན་ཏེ་སྤྱི་ཚོགས་ཡོངས་སུ་དཔལ་འབྱོར་ཕུན་སུམ་ཇེ་ཚོགས་སུ་སོང་ལ་མི་རྣམས་ཀྱི་བསམ་བློ་གཏོང་སྟངས་དང་འཇིག་རྟེན་ལྟ་ཚུལ་ལ་ཡང་འཕོ་འགྱུར་ཆེན་པོ་འབྱུང་བཞིན་མཆིས།  འདི་འདྲའི་འཕོ་འགྱུར་ཆེན་པོའི་འོག་ཏུ་རྩོམ་རིག་སྒྱུ་རྩལ་གྱི་རླབས་ཕྲེང་དགུང་དུ་མཆེད་ཅིང་མི་རྣམས་ཀྱིས་རྙིང་ཞེན་གྱི་བསམ་བློ་རྒྱབ་ཏུ་དོར་ནས་ཕོ་མོའི་བར་གྱི་བརྩེ་སེམས་མཚོན་པའི་སྙན་རྩོམ་གང་མང་ཞིག་དེང་རབས་སྙན་གསར་དར་པའི་ཁ་ཕྱོགས་གཙོ་བོ་ཞིག་ཏུ་གྱུར་འདུག(འདིའི་ཕྱོགས་མཚོན་པའི་སྙན་གསར་གང་མང་ཡོད་ཕྱིར་དཔེར་བརྗོད་མི་འཇོག) སྙན་གསར་དེ་དག་ནི་རྗོད་བྱེད་ཀྱི་ཚིག་སྙན་ཞིང་དུས་རབས་ཀྱི་ཉམས་འགྱུར་ལྡན་ལ་བོད་རིགས་ན་གཞོན་རྣམས་ཀྱི་སྙིང་དབུས་སུ་བཞད་པའི་ཡིད་འོང་གི་མེ་ཏོག་ཇི་བཞིན་རྣམ་པར་དགོད་ལ།  དེ་འདྲའི་དྲི་མངར་ལྡན་པའི་སྙན་གསར་གྱི་ཤུགས་བསྟན་ལས་དེང་རབས་ན་གཞོན་རྣམས་འཚོ་བར་སྤྲོ་སྣང་གིས་ཁེངས་པ།  ལས་ལ་བརྩོན་པའི་རང་མི་རིགས་ལ་དགའ་ཞེན་ཆེ་བ།  མདོར་ན་རང་རེ་ཁ་བའི་ལྗོངས་ལ་བཅོས་མིན་བརྩེ་སེམས་ཀྱི་འདབ་མ་ལྷུག་པར་གྲོལ་བའི་མེ་ཏོག་གི་ཆུན་པོ་ཞིག་འབུལ་བཞིན་མཆིས་པ་སྙན་འཇེབས་ཚིག་གི་འགྲོས་སུ་མངོན་པར་གསལ།
ལྔ་པ།  མཇུག་གི་གཏམ།
          དུས་རབ་ས་གསར་པའི་བསམ་པའི་རླབས་རྒྱུན་འོག་རིམ་བཞིན་འཕེལ་རྒྱས་བྱུང་པའི་རང་མོས་སྙན་ངག་ནི་དུས་རབས་ཀྱི་འོས་འགན་མཚོན་པའི་རང་མི་རིགས་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་རྣམ་པ་ཞིག་ཏུ་གྱུར་འདུག་ལ།  དེ་ནི་གཙོ་བོ་བསམ་བློ་དང་བརྩེ་དུང་སོགས་དེ་བས་ཀྱང་མཚོན་བདེ་ཞིང་མཛེས་དཔྱོད་རིག་པའི་ཕྱོགས་ནས་བལྟས་ན་ཚོན་མདངས་ལྡན་ཞིང་དུས་རབས་ཀྱི་གོམ་འགྲོས་མཚོན་སླ་བའི་རྐྱེན་གྱིས་རེད།   གསར་དུ་དར་བའི་རང་མོས་སྙན་ངག་འདི་ད་ཆ་བོད་རང་གི་ཁྱད་ཆོས་དང་ལྡན་པའི་རྩོམ་རིག་སྒྱུ་རྩལ་གྱི་ཡན་ལག་ཅིག་ཏུ་གྱུར་ཡོད་པ་མ་ཟད།  གྲུབ་འབྲས་ཀྱང་འབོར་ཆེན་བླངས་ཡོད།  ཡིན་ཡང་།  རྩོམ་རིག་སྒྱུ་རྩལ་གྱི་རྣམ་པ་ཞིག་གི་བསམ་བློའི་རང་བཞིན།  ཚོར་འདུ།  སྒྱུ་རྩལ་མཚོན་ཐབས་སོགས་ཕྱོགས་གང་ཐད་ལ་ཚད་ལྡན་གྱི་དཔྱད་བརྗོད་བགྱི་རྒྱུ་ནི་དེའི་སྒྱུ་རྩལ་འགུལ་སྐྱོད་དང་བསམ་བློའི་བརྩེ་དུང་མཐོ་རུ་འདེགས་པ་དང་།  འཐུས་སྒོ་ཇེ་ཚང་དུ་འགྲོ་བའི་གཞི་རྩ་རུ་གྱུར་བར་བརྟེན།  གསར་དུ་དར་བའི་རང་མོས་སྙན་ངག་འདིའི་ཕྱོགས་སུ་དཔྱད་བརྗོད་ཀྱི་རྩོམ་ཡིག་འབྲི་རྒྱུ་ནི་གཟུར་གནས་ཀྱི་དཔྱོད་ལྡན་ཀུན་པོའི་འོས་འགན་དུ་གྱུར།
          སྙན་ངག་པ་ཞིག་གི་མ་འོངས་འཚོ་བར་རེ་སྙེག་དང་།  སྙན་ངག་གི་རྣམ་པ་གསར་པ་བྱུང་བ་ནི་མི་རིགས་ཤིག་གི་བསམ་བློ་དང་མི་རིགས་རིག་གནས་ཀྱི་འདུ་ཤེས་མཚོན་པ་གོར་མ་ཆག དེ་བས་གསར་དུ་དར་བའི་རང་མོས་སྙན་ངག་ལ་ལོ་ངོ་ཐུང་ངུའི་ནང་དུ་འཕེལ་རྒྱས་འདི་འདྲ་ཆེན་པོ་བྱུང་བ་ནི་ངོ་མ་དགའ་འོས་པའི་བྱ་བ་ཞིག་རེད།  ང་ཚོས་ངེས་པར་དུ་གོམ་གང་མདུན་སྤོས་ཀྱིས་སྙན་གསར་གྱི་རྗོད་བྱེད་བཀོད་སྟངས།  སྒྱུ་རྩལ་མཚོན་ཐབས།  བསམ་བློའི་བརྩེ་དུང་སོགས་མདོར་ན་མཛེས་དཔྱོད་སྒྱུ་རྩལ་ཐད་ནས་ཡིད་འཇོག་བགྱིས་ཏེ་སྙན་གསར་འདི་དུས་རབས་ཀྱི་འཕེལ་འགྲོས་དང་བསྟུན་ནས་སྤུས་ཚད་ཇེ་ལེགས།  སྤྱི་ཚོགས་ཀྱི་ནུས་པ་དང་སློབ་གསོའི་ནུས་པ་གཏིང་ཇེ་ཟབ་ཏུ་འགྲོ་བར་འབད་བརྩོན་བསྐྱེད་དགོས་སོ།། 
          མཆན། 
          ①《སྙན་ངག་གི་བླ་སྲོག 》ཡི་དམ་ཚེ་རིང་།
          ②《སྙན་ངག་གི་རྣམ་བཤད》P177 འཇུ་སྐལ་བཟང་།
          ③《གསར་དར་སྙན་ངག་དང་སྲོལ་རྒྱུན་སྙན་ངག་གི་དགེ་མཚན་དང་འཕེལ་འགྲོས་ཀྱི་སྐོར་མདོ་ཙམ་བརྗོད་པ།》《ཀྲུང་གོའི་བོད་ཀྱི་ཤེས་རིག》93ལོའི་དེབ་དང་པོ།  ལྷ་རྒྱལ་ཚེ་རིང་།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1