གཙོ་ངོས།>> ཞིབ་འཇུག>>ཀུན་འདུས།

ཀླུ་ཚང་རྡོ་རྗེ་རིན་ཆེན། རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཞིབ་འཇུག སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༣ཚེས་༠༤ཉིན།

༄༅།། རྩོམ་རིགས་①ཀྱི་རྣམ་བཞག་ལས་པར་སྐྲུན་གྱི་སྐོར་བཤད་པ།

ཀླུ་ཚང་རྡོ་རྗེ་རིན་ཆེན།
          དང་པོ། པར་གྱི་རིག་པ་བྱུང་ཚུལ།
          པར་སྐྲུན་གྱི་རིག་པ་ནི་རང་རེ་གངས་ཅན་པའི་ལོ་རྒྱུས་ཐོག་བྱུང་བའི་རླབས་ཆེ་ཞིང་གསར་གཏོད་ཀྱི་རང་བཞིན་ལྡན་པའི་རིག་པ་ཞིག་ཡིན། མི་རིགས་གང་ཞིག་ཡིན་རུང་པར་སྐྲུན་གྱི་རིག་པས་མི་རིགས་དེའི་རིག་གནས་ཁུངས་བཙུན་མིན་དང་། རྒྱ་ཆེ་མིན། གཏིང་ཟབ་མིན། ལོ་རྒྱུས་རིང་ཐུང་། དར་རྒྱས་སུ་འགྲོ་མིན། ཚད་ཅི་ཙམ་ལ་སླེབས་པ། མཁས་པ་ཇི་ཙམ་བྱོན་ཡོད་མེད། དཔལ་འབྱོར་གྱི་དབུལ་ཕྱུག ཆབ་སྲིད་ཀྱི་གནས་བབ། སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ཕན་ནུས་ཐོན་མིན། དེ་བཞིན་བཟོ་སྐྲུན་གྱི་ལག་རྩལ་སོགས་ཀྱང་མཚོན་ཐུབ། པར་སྐྲུན་གྱི་སྲོལ་མ་བྱུང་བའི་གོང་རོལ་དུ་བོད་ལ་འགྱུར་རོ་འཚལ་གྱི་བཀའ་དང་བསྟན་བཅོས་དང་། བོད་ཀྱི་རང་རྩོམ་ཐམས་ཅད་སོར་མོའི་འདུ་བྱེད་ཁོ་ན་ལ་བརྟེན་ནས་ཀློག་པ་པོའི་འདྲེན་བྱེད་ཡུལ་དུ་བཤམས་པ་ཤ་སྟག་རེད། འོ་ན་བོད་ལ་པར་སྐྲུན་གྱི་རིག་པ་དེ་དུས་རབས་གང་ཞིག་གི་སྐབས་སུ་དར་བ་ཡིན་ནམ་ཞེ་ན། དེ་ཡང་ས་སྐྱ་བས་བོད་ལ་དབང་བསྒྱུར་བྱེད་པའི་སྐབས་སུ་ཤིང་པར་གྱི་སྲོལ་ཐོག་མར་དར་སྐད་ལས། དེ་གོང་དུ་དར་མ་མྱོང་མོད། འོན་ཀྱང་བརྐོས་ཀྱི་རིག་པ་ནི་བསྟན་པ་སྔ་དར་གྱི་དུས་ནས་བྱུང་བ་ད་ལྟའི་བར་དུ་རང་ཅག་ཐུན་མོང་གི་འདྲེན་བྱེད་ཡུལ་དུ་མཐོང་རྒྱུ་ཡོད་པ་དཔེར་ན། ཕ་བོང་ཁར་རྡོ་ཕ་བོང་གི་ངོས་ཀྱི་སྲོང་བཙན་སྒམ་པོའི་ཕྱག་ཡིག་ཡིན་པར་གྲཊ་པའི་མ་ཎི་ཡིག་དྲུག་དང་། སྤྱི་ལོ་764 ལོར་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་རང་ཉིད་ཀྱི་བློན་ཆེན་སྟག་སྒྲ་ཀླུ་ཁོང་གིས་བོད་དམག་ཉིས་འབུམ་གྱི་དཔུང་དང་བཅས་ཐང་རྒྱལ་རབས་ཀྱི་རྒྱལ་ས་ཁྲང་ཨན་དུ་དམག་དྲངས་ཏེ། རྣམ་པར་རྒྱལ་བའི་ངང་བོད་ཡུལ་དུ་ཕྱིར་ལོག་རྗེས། གཟེངས་བསྟོད་ཀྱི་ཆེད་དུ་ཕོ་བྲང་པོ་ཏ་ལའི་མདུན་དུ་འཛུགས་པ་གནང་བའི་རྡོ་རིང་སྟེ་ད་ལྟ་ཡོངས་གྲགས་ལ་《ཞོལ་རྡོ་རིང་》ཞེས་པ། ་སྤྱི་ལོའི་དུས་རབས་དགུ་པའི་འགོ་ཙམ་ལ། ཁྲི་ལྡེ་སྲོང་བཙན་(སད་ན་ལེགས་མཇིང་ཡོན་)གྱིས་སྲིད་དབང་སྐྱོང་བའི་རིང་ཀོང་རྗེ་དཀར་པོ་ལ་གནང་བའི་བཀའ་གཙིགས་ཞལ་བཞེས་ཀྱི་ཡི་གེ་བྲག་ལ་བརྐོས་པ། དེ་བཞིན་དུས་མཉམ་དུ་བཞེངས་པའི་ཞ་ལྷ་ཁང་གི་རྡོ་རིང་སྟེ་མྱང་ཏིང་འཛིན་བཟང་པོར་ཞལ་བཞེས་ཀྱི་ཡི་གེ་སྔ་རྟིང་གཉིས་སུ་གནང་བ། ཁྲི་རལ་པ་ཅན་གྱི་དུས་སུ་བཞེངས་པར་གྲགས་པའི་ལྷོ་ཁའི་འཕྱོངས་རྒྱས་མུ་ར་རིར་བཞུགས་པའི་ཁྲི་ལྡེ་སྲོང་བཙན་གྱི་བང་སོའི་མདུན་གྱི་རྡོ་རིང་ཡི་གེ། ཁྲི་ལྡེ་སྲོང་བཙན་གྱི་རིང་ལ་རྣམ་འདྲེན་བཞི་པའི་རིང་ལུགས་དྲི་མ་མེད་པ་བསྐལ་བརྒྱར་བརྟན་པར་སྨོན་པའི་བཀའ་གཙིགས་སུ་བཀོད་པའི་རྒྱལ་སྡེ་དཀར་ཆུང་ལྷ་ཁང་གི་རྡོ་རིང་། མངའ་བདག་ཁྲི་རལ་པ་ཅན་གྱི་རིང་སྟོད་ལུང་གི་མཚུར་ཕུ་དགོན་དུ་བཞེངས་པའི་ཁྲི་རལ་པ་ཅན་གྱི་ཞང་པོ་ཚེས་སྤོང་སྟག་བཟང་ཉ་སྟོས་སྟོད་པ་ལུང་ལྕང་བུར་གཙུག་ལག་ཁང་བརྩིགས་པའི་ལོ་རྒྱུས་འཁོད་པའི་རྡོ་རིང་། སྤྱི་ལོ་823 ལོར་ལྷ་ལྡན་གཙུག་ལག་ཁང་གི་མདུན་དུ་བཞེངས་པའི་ཁྲང་ཆིང་མཐུན་འབྲེལ་གྱི་རྡོ་རིང་། སྤྱི་ལོ་768 ལོར་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་སངས་རྒྱས་བསྟན་པའི་ཆོས་ལུགས་དྲི་མ་མེད་པ་དེ་ཡུན་རིང་དུ་གནས་ཤིང་འགྲོ་བར་སྨན་པའི་ཤིས་བརྗོད་ཀྱི་ཚུལ་དུ་བཞེངས་པའི་བསམ་ཡས་མི་འགྱུར་ལྷན་གྱིས་གྲུབ་པའི་གཙུག་ལག་ཁང་གི་རྡོ་རིང་སོགས་ལྟ་བུའོ། །
          སྐབས་དེར་ཡི་གེ་འདོན་སྤེལ་གྱི་ཆ་ལ་རྡོ་བརྐོས་ཀྱི་རིག་པ་གཅིག་པུ་མ་ཡིན་པར། དེ་ལས་ཚེགས་ཆེ་བ་ལུགས་རྒྱག་གི་རིག་པའང་དར་ཡོད་པ་དཔེར་ན། སྤྱི་ལོ་779‒797བར་ཏེ། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ། བཙུན་མོ་འབྲོ་བཟའ་ཁྲི་རྒྱལ་མོ་བཙན་ཞེས་བྱ་བས་སྦྱིན་བདག་བགྱིས་པ་དང་བཙུན་མོ་འབྲོ་བཟའ་ཁྲི་རྒྱལ་མོ་བཙན་ཡུམ་སྲས་གཉིས་ཀྱིས་ཕྱོགས་བཅུའི་དཀོན་མཆོག་ལ་མཆོད་པ་འབུལ་བའི་ཆེད་དུ་བསྐྲུན་ཞིང་ཡུམ་སྲས་གཉིས་ཀྱི་བསོད་ནམས་ཀྱི་སྟོབས་ཀྱིས་ལྷ་བཙན་པོ་ཁྲི་སྲོང་ལྡེ་བཙན་ཡབ་སྲས་སྟངས་དཔྱལ་དང་བཅས་པ་སངས་རྒྱས་ཀྱི་གསུང་དབྱངས་ཡན་ལག་དྲུག་ཅུའི་ཁྱད་ཆོས་དང་ལྡན་ཞིང་། བླ་ན་མ་མཆིས་པའི་བྱང་ཆུབ་ཀྱི་ལམ་ཐོབ་པའི་སྨོན་ལམ་ཞུ་བའི་ནང་དོན་འཁོད་པའི་བསམ་ཡས་དགོན་པའི་ལྕགས་རིའི་ཕྱི་རོལ་ཏུ་གནས་པའི་དགེ་རྒྱས་གཙུག་ལག་ཁང་གི་དྲིལ་བུའི་ཁ་བྱང་། ཡང་བཙན་པོ་དེ་ཉིད་ཀྱི་རིང་ལུགས་སུ་བླུགས་ཏེ་ལྷ་སའི་སྐྱིད་ཆུའི་སྟོད་ཀྱི་བྲག་ཡེར་པར་བཞུགས་སུ་གསོལ་བའི་ཅོང་ཆེན་ཏེ། རྒྱལ་ཉིད་ཀྱིས་རྒྱལ་བའི་གསུང་ཉམས་སུ་བླངས་ཏེ་ཕར་ཕྱིན་དྲུག་དང་བསྡུ་བ་བཞིའི་འོད་ཟེར་ཕྱོགས་བཅུར་ཁྱབ་པར་སྤྲོས་ཤིང་། སྤྱོད་པ་རྣམ་དག་ཀྱང་འཚང་རྒྱ་བའི་བར་དུ་ཉམས་སུ་ལེན་པར་སྨོན་པའི་ཡི་གེ་བཀོད་པ་དེ་དང་། བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་རིང་ལ་བཙུན་མོ་འབྲོ་བཟའ་ཁྲི་རྒྱལ་མོ་བཙན་རབ་ཏུ་བྱུང་རྗེས་(བཙུན་མིང་ལ་བྱང་ཆུབ་རྗེར་འབོད་)སྦྱིན་བདག་བགྱིས་ནས་ཁྲ་འབྲུག་དགོན་པར་བཞེངས་པའི་ལྷའི་རྔ་སྒྲས་བར་སྣང་ཁྱབ་པ་ལྟར་ཆོས་ཀྱི་ཡོན་ཏན་དང་སེམས་ཅན་ཐམས་ཅད་དགེ་བའི་ལས་ལ་འཁོད་ཐུབ་པའི་ནང་དོན་འཁོད་པའི་ཅོང་ཆེན་སོགས་ལྟ་བུའོ། །
          དེ་ལྟར་གོང་གསལ་རྡོ་བརྐོས་ཡི་གེ་དང་དྲིལ་བུའི་ཁ་བྱང་ལ་གཅིག་ནས་མེས་མི་འཚིགས་པ་དང་། ཆུས་མི་རླན་པ། རུལ་སུང་དུའང་མི་འགྲོ་བ་སོགས་ཀྱི་ཁྱད་ཆོས་ལྡན་པ་དང་། གཉིས་སུ་ཆབ་སྲིད་དང་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་བྱ་བ་རྣམས་རྡོ་ངོས་སམ་དྲིལ་བུར་བཀོད་ན་འཇིགས་པ་ཆེན་པོའི་དུས་ཟིང་གི་གཞན་དབང་དུ་འགྱུར་དཀའ་ཞིང་། དུས་དང་རྣམ་པ་ཀུན་ཏུ་ཕྱི་རབས་སྐྱེ་བོའི་འདྲེན་བྱེད་ཀྱི་ཡུལ་དུ་ལོ་རྒྱུས་ཀྱི་བདེན་དཔང་དངོས་བཤམས་ཐུབ་པའི་དགེ་མཚན་ཡང་མཆིས་སྙམ།
          དེས་ན་བོད་བཙན་པོའི་རིང་ལ་བཟོ་བ་དག་གི་སོར་མོའི་འཕྲུལ་ལས་ཉེ་བར་འཁྲུངས་པའི་རྡོ་བརྐོས་ཀྱི་མི་གེ་དང་ལུགས་སུ་བླུགས་པའི་རིག་པ་དར་ཡོད་པ་ལ་དཔགས་ན། ཤིང་པར་གྱི་རིག་པ་ཡང་དར་ཡོད་ཤས་ཆེ་སེམས་པ་ལས། དེ་ནི་འདིའོ་ཞེས་བློ་དམན་བདག་ལྟ་བུར་ཁ་ཚོན་གཅོད་པའི་སྤོབས་པ་མ་མཆིས། གང་ཡིན་ཞེ་ན། ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་རབ་བྱུང་གི་ཐོག་མ་བྱུང་། སྒྲ་བསྒྱུར་གྱི་སྡེ་བཙུགས། སངས་རྒྱས་ཀྱི་བཀའ་དང་དགོངས་འགྲེལ་ལེགས་སྦྱར་གྱི་སྐད་ལས་བོད་སྐད་དུ་སྒྱུར་འགོ་རྒྱ་ཆེར་བརྩམས། འགྱུར་རོ་འཚལ་ལ་གྲངས་དང་བམ་པོ་སོགས་ཀྱིས་ཕྱེས་པའི་དཀར་ཆག་བསྒྲིགས། དེ་དག་ཐམས་ཅད་ལག་བྲིས་ཉིད་མ་གཏོགས་པར་འདེབས་ཀྱི་རིག་པ་ལ་བརྟེན་ཏེ་དཔར་མ་འདིའོ་ཞེས་རང་གི་མཐོང་ཐོས་དང་། གཞན་གྱི་བཤད་སྒྲོས་ཀྱང་མ་བྱུང་། ཁ་ཅིག་གིས་བསྟན་པ་བར་དར་དུ་འདོད། འོན་ཏེ་དེའི་སྐབས་གླང་དར་གྱིས་བསྟན་པ་བསྣུབས་ནས་ཕྱི་དར་གྱི་དབུ་མ་བརྙེས་པའི་བར་གྱི་ལོ་བདུན་ཅུ་དོན་གྲངས་ཀྱི་རིང་ཟང་ཟིང་གི་དུས་མྱུ་ཚུད་འདུག་པས་ཤིང་པར་གྱི་བྱ་བ་དེ་བས་ཀྱང་ཡོད་མི་སྲིད་དོ། །
          འོ་ན་བོད་དུ་ཤིང་པར་གྱི་དབུ་ནམ་ཞིག་ལ་ཚུགས་ཤེ་ན། དབྱངས་མོ་གསན་ལགས་ཀྱིས་“དཔལ་སྣར་ཐང་གི་བཀའ་བསྟན་གྱི་པར་གཞི་ཐོག་མ་ནི། དུས་རབས་བཅུ་གསུམ་པར་བོད་བཙུན་འཇམ་དགག་པཀྴི་བྱ་བ་སོག་ཡུལ་དུ་བྱོན་ཏེ་ནང་པའི་ཆོས་སྤེལ། འབུལ་ནོར་མོད་པོ་འབྱོར་བའི་ཆ་རྐྱེན་གྱིས་ཕྱིར་བོད་ཡུལ་དུ་ལོག་སྟེ་འདུལ་བ་ལུང་སོགས་རྒྱ་ཡིག་དང་གོ་བསྡུར་ཅིང་ཞུས། ཕྱིས་སུ་འཇམ་དབྱངས་ཀྱིས་བཀའ་བསྟན་གཉིས་ཀར་ཁ་གསབ་བགྱིས་ཐོག་པར་བརྐོས་གྲུབ། སྡེ་སྣོད་གསུམ་ཡོངས་སུ་འདུ་བའི་བཀའ་བསྟན་ཆ་ཚང་ཞིག་ཏུ་གྱུར། (འདིའང་གསལ་པོར་བཤད་ན། རབ་བྱུང་ལྔ་པའི་ཆུ་བྱི་སྟེ་སྤྱི་ལོ་1312 ལོ་ནས་སོག་པོ་གོང་མ་ཅི་ཙང་ཨ་ཡུར་པར་པ་ཏ་བུ་ཡན་ཐུས་ལོ་དགུའི་རིང་སྲིད་དབང་སྐྱོང་སྐབས་སྣར་ཐང་དགེ་བཤེས་འཇམ་དགག་པཀྴི་བླ་མར་གདན་དྲངས། ཁོང་གིས་རང་ཉིད་ཀྱི་བླ་མ་བཅོམ་ལྡན་རིག་པའི་རལ་གྲི་ལ་རྒྱ་ནག་གི་སྣག་ཚ་སྒམ་གང་དང་། ཤོག་བུ། སྨྱུ་གུ། སྨྱུག་གྲི་ལ་སོགས་པ་མང་པོ་བསྐུར་བ་ལ་བརྟེན་ནས། བཅོམ་ལྡན་རིག་རལ་དང་། དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས། ལོ་ཙཱ་བ་བསོད་ནམས་འོད་ཟེར། རྒྱང་རོ་བྱང་ཆུབ་འབུམ་རྣམས་ཀྱིས་སྐབས་དེར་དབུས་གཙང་མངའ་རིས་བཅས་སུ་བཞུགས་པའི་བཀའ་བསྟན་འགྱུར་གྱི་མ་དཔེ་རྙེད་དོ་ཅོག་ཕྱོགས་གཅིག་ཏུ་བསྡུས་ཏེ་ཞུས་དག་དང་བཅས་གུང་བསྒྲིགས། ཆ་ཚང་ཞིག་བཞེངས་པ་ལ་བཤད་པ་ཡིན་ཚོད་རེད།) ② སྣར་ཐང་པར་རྙིང་དུ་གྲགས་པ་དེའོ། །” ③ཞེས་པ་ལ་བརྟགས་ན། ཨ་ལགས་དུང་དཀར་རིན་པོ་ཆེས་ནན་ཅིན་པར་མའི་མ་ཕྱིའི་སྐོར་འཆད་པའི་སྐབས་སུ་དོགས་ཞུ་གནང་བ་སྟེ། “......སྤྱི་ལོ་1410 ལོ་ཏཱ་མིང་རྒྱལ་རབས་ཀྱི་གོང་མ་ཡུང་ལོས་ཁྲི་ལོ་བརྒྱད་པར། ནང་བློན་ཉུག་རུམ་པ་ཧོ་ཤིན་......སོགས་ཀྱིས་བོད་ནས་གདན་དྲངས་པའི་བཀའ་བསྟན་(འདི་ལ་རྒྱ་ཡིག་གི་ལོ་རྒྱུས་སུ། བཀའ་བསྟན་འདི་སྣར་ཐང་ནས་གདན་དྲངས་ཞེས་འཁོད་པ་ལྟར་ན་གོང་དུ་གསལ་བའི་སྣར་ཐང་དུ་ཕྱོགས་སྒྲིག་བྱས་རྗེས་ཀྱི་བཀའ་བསྟན་གཉིས་ཀ་སྐབས་དེ་དུས་ནས་ནན་ཅིན་དུ་གདན་དྲངས་ཟིན་པ་ལྟ་བུ་ཞིག་འདུག དེ་ལྟར་ཡིན་ཚེ་དེའི་རྗེས་སུ་རྒྱལ་རྩེ་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕཊ་པས་བཀའ་བསྟན་གཉིས་ཀ་གསར་དུ་བཞེངས་སྐབས་ལ་དཔེ་བྱས་པའི་སྣར་ཐང་བཀའ་བསྟན་གཉིས་པོ་དེ་སྣར་ཐང་གི་བཀའ་བསྟན་གང་ཞིག་གཞིར་བྱས་པའི་སྐོར་སླར་ཡང་དཔྱད་དགོས་).....”ཞེས་གསུངས་པ་ལས་བྱུང་བའི་སྣར་ཐང་གི་བཀའ་བསྟན་གང་ཞིག་ཅེས་པས་ཀྱང་ཚར་གཅིག་མིན་པ་ཤེས་ཐུབ། དེས་ན་ཚར་གཅིག་ལས་ལྷག་ན་ངེས་ཅན་དུ་པར་མ་ཡིན་དགོས་སམ་ཞེ་ན། མིན་ཏེ་སྐབས་དེར་བྱུང་བ་ལ་སྣར་ཐང་པར་རྙིང་ཞེས་འབོད་པས། པར་རྙིང་ཡིན་ན་པར་ངེས་ཅན་དུ་ཡོད་དགོས་པའི་ཕྱིར། གཞན་ཡང་《ཀྲུང་གོའི་ནང་བསྟན་》ཞེས་བྱ་བར། “.....ཡུང་ལོ་དང་བན་ལིས་ཀྱིས་སྲིད་དབང་སྐྱོང་བ་ན། པར་སློག་ལན་གཉིས་བརྒྱབ་པའི་《བཀའ་འགྱུར་》གྱི་ཕྱི་མོ་ནི། དུས་རབས་བཅུ་བཞི་བ་ཚེས་ཙམ་ན་འཇམ་དབྱངས་(འཇམ་དགག་)ཀྱིས་བརྐོས་ཤིང་དཔལ་སྣར་ཐང་གི་གཙུག་ལག་ཁང་དུ་བཞུགས་སུ་གསོལ་བའི་པར་དེའོ། ། དེའང་ཡོངས་གྲགས་ལ་སྣར་ཐང་པར་དུ་འབོད། ” ཅེས་པའི་གསུང་འདིས་སྐབས་དེའི་དུས་ཏེ་དུས་རབས་བཅུ་གསུམ་པ་ནས་བཅུ་བཞི་པའི་འགོར་བྱུང་བར་ངེས་སྙམ། འོན་ཀྱང་ཤིང་པར་གྱི་དབུ་ནི་ཡོངས་གྲགས་ལ་ནན་ཅིན་དཔར་མར་འབོད་པའི་བཀའ་འགྱུར་བཞེངས་པ་ནས་དབུ་ཚུགས་པར་བཤད། དེ་ཡང་ཞིབ་ཏུ་བརྗོད་ན་བོད་རབ་བྱུང་བདུན་པའི་ཤིང་རྟ་(སྤྱི་ལོ་1414)ལོར་མིང་རྒྱལ་རབས་ཀྱི་གོང་མ་ཡུང་ལོའི་གསེར་ཡིག་པ་བོད་དུ་འབྱོར་བ་ལས། རྗེ་ཙོང་ཁ་པའི་དངོས་སློབ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་རྗེ་རིན་པོ་ཆེའི་སྐུ་ཚབ་ཏུ་ཆིབས་ཀྱི་ཁ་ལོ་རྒྱ་ནག་ཏུ་བསྒྱུར་ཏེ་རི་བོ་རྩེ་ལྔར་ལྷ་ཁང་དྲུག་བཞེངས་པ་དང་། པེ་ཅིང་དུ་ཧྥ་ཡོན་སི་(法源诗)བྱ་བའི་ཆོས་སྡེ་བཏབ་སྟེ་རྒྱུད་རིང་བཞུགས། རྣམ་དཀར་གྱི་མཛད་འཕྲིན་མཆོག་གི་བ་དན་རྣམ་པར་གཡོས་པས་གོང་མ་ཐུགས་མཉེས། གོང་མའི་ནང་བློན་ཉག་རུ་པ་ཧོ་ཤིན་( 侯湿)སོགས་ཀྱིས་བོད་ནས་གདན་དྲངས་འོངས་པའི་བཀའ་བསྟན་ཁུངས་བཙུན་པ་ཞིག་ཕྱི་མོར་བཅོལ་ཏེ་པར་དུ་བསྒྲུབས་པའི་བཀའ་འགྱུར་ནི་པར་བརྐོས་ཀྱི་ཐོག་མ་ཡིན། དུས་མཚུངས་སུ་ད་དུང་བསྟན་འགྱུར་ཡང་པོ་ཏི་ཁ་ཤས་བཞེངས་སྐད་ཀྱང་མཆིས། 《བཀའ་འགྱུར་》པར་ཕུད་(མཚལ་དཔར་)དང་པོ་རི་བོ་རྩེ་ལྔར་བཞུགས་སུ་གསོལ་བ་དང་བསྟུན། མཚུར་ཕུ་ཀརྨ་པ་དང་། ་རྗེ་ཙོང་ཁ་པ་ལ་ཚར་རེ་སྐྱེས་སུ་བསྩལ། རྗེ་ལ་བསྩལ་བ་དེ་ད་ལྟར་ཡང་སེ་ར་ཐེག་ཆེན་གླིང་སྔགས་པ་གྲྭ་ཚང་གི་བཀའ་འགྱུར་ལྷ་ཁང་དུ་བཞུགས་པ་མཇལ་དུ་སྣང་། (འདི་ལ་ཡུང་ལོའི་དཔར་མའང་བྱ་)དེའང་ནན་ཅིན་ཟངས་དཔར་ཞེས་གྲགས་པ་དེའི་ཡི་གེ་གཟུགས་ལེགས་པ། ཆ་མཉམ་པ། ངོས་གཙང་བ་སོགས་དགེ་མཚན་དང་ལྡན་པའི་ཆ་ནས་དེ་སྐད་དུ་གྲགས་པར་སེམས་སོ། དུས་དེ་ནས་བཟུང་སྟེ་གངས་ལྗོངས་ཀྱི་ཡུལ་གྲུ་གཞན་དུའང་གླེགས་བམ་མང་ཆེ་བ་པར་སྐྲུན་གྱི་རིག་པ་ལ་བརྟེན་ཐུབ་པ་བྱུང་ངོ་།  བོད་ཀྱི་ལོ་རྒྱུས་བསྡུས་དོན་(རྒྱ་ཡིག་པར་མ་藏族史要)ཞེས་པར། “སྤྱི་ལོའི་དུས་རབས་བཅུ་གསུམ་པར་ཚལ་བ་ཀིརྟི་མགོན་པོ་རྒྱ་ནག་ཏུ་ལན་བདུན་ཕེབས། རྒྱ་ནག་གི་པར་བརྐོན་གྱི་རིག་པ་བོད་ལ་སྤེལ། ” ཞེས་པ་ལ་བརྟགས་ནའང་བོད་ལ་པར་སྐྲུན་གྱི་རིག་པ་དེ་དུས་རབས་བཅུ་བཞི་པའི་མཇུག་ནས་བཅོ་ལྔ་པའི་འགོ་ཙམ་ལ་དར་ཁྱབ་ཤུགས་ཆེ་བྱུང་ཡོད་པ་ནི་དུས་རབས་བཅོ་ལྔ་པའི་ཕྱེད་སྔ་མ་ཙམ་ན་ཕག་གྲུ་སྡེ་སྲིད་ཁྲི་རབས་ལྔ་པ་གྲགས་པ་རྒྱལ་མཚན་གྱིས་མཐུན་རྐྱེན་སྦྱར་བ་དང་བསྐུལ་ཏེ་ས་སྐྱ་གོང་མའི་གསུང་འབུམ་རྣམས་ཐོག་མར་ཤིང་པར་དུ་བརྐོས་པ་དང་། དེའི་རྗེས་སུ་སྣེའུ་རྫོང་དཔོན་ནམ་མཁའ་བཟང་པོས་མཐུན་རྐྱེན་བསྒྲུབས་ཏེ་རྗེ་ཙོང་ཁ་པའི་བཀའ་འབུམ་ཆ་ཚང་ཤིང་པར་དུ་བརྐོས་པ་དེས་ཀྱང་ལམ་ཙམ་མཚོན་ནུས།
          པར་སྐྲུན་གྱི་རིག་པ་དར་བའི་སྔ་ཕྱི་གང་གི་དུས་སུ་ཡང་། རྒྱུ་སྣ་ཚོགས་པའི་བྲིས་དཔེ་ས་ཁྱབ་རྡོ་ཁྱབ་ལྟ་བུར་གྱུར་འདུག་པ་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་གཉིས་པ་འཇིགས་མེད་དབང་པོའི་(དཀར་ཆག་དང་བཅའ་ཡིག་གི་རིམ་པ་ཤེལ་དཀར་མེ་ལོང་》་ཞེས་བྱ་བའི་ནང་། “......གསུང་གི་རྟེན་ལ། མཚལ་དང་སྣག་ཚའི་བཀའ་འགྱུར་ཆ་ཚང་གཉིས། བསྟན་འགྱུར་ཆ་ཚང་གཅིག གསེར་གྱིས་བྲིས་པའི་བདེ་གསང་འཇིགས་གསུམ་དུས་འཁོར་ཀྱཻ་རྡོར་རྣམས་ཀྱི་རྩ་རྒྱུད་པོ་ཏི་གཅིག གསེར་གྱིས་བྲིས་པའི་འཇམ་དཔལ་མཚན་བརྗོད་དང་བཅས་པོ་ཏི་གཅིག དངུལ་གྱིས་བྲིས་པའི་བརྒྱད་སྟོང་བ་ཚར་བརྒྱད། ......”ཅེས་སོགས་ལྟ་བུ་རྒྱུ་གསེར་དངུལ་གྱིས་བཞེངས་པའི་གླེགས་བམ་མང་དུ་བྱུང་བ་ཡོད་པ་དང་། དུང་བྲིས་ཀྱི་བཀའ་ཆེམས་ཀ་བཀོལ་མ་སོགས་ད་ལྟའང་ལྷག་ལུས་སུ་དབུས་གཙང་དང་། བླ་བྲང་བཀྲ་ཤིས་འཁྱིལ།  སྐུ་འབུམ་བྱམས་པ་གླིང་། པེ་ཅིན་སོགས་སུ་བཞུགས་པ་དེ་ལྟར་ལགས་སོ། །
          གཞན་ཡང་རྡོ་བརྐོས་རིག་པ་བྱུང་བ་ནི་བཀའ་གཙིཊ་ཀྱི་རྡོ་རིང་དག་མཚན་གཞིར་བཀོད་ནས་གོང་དུ་སྨོས་ཟིན་པ་དང་། ལག་རྩལ་དེ་དག་རིམ་གྱིས་ཁྱབ་གདལ་དུ་སོང་སྟེ་རྡོ་ལེབ་ཆེ་གྲས་ཀྱི་ངོས་ལ་གཟུངས་རིཊ་དང་། བཀའ་འགྱུར་སོགས་བརྐོས་ཏེ་གསུང་གི་རྟེན་བཞུགས་སུ་གསོལ་བ་བོད་དབུས་ཁུལ་དང་། མཚོ་སྔོན། ཀན་སུའུ། ཟི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་འདྲེས་མཚམས་སུ་གནས་པའི་དགོན་པ་སོཊ་ལ་ཡོད་པ་དཔེར་ན། ཟི་ཁྲོན་ཞིང་ཆེན་གྱི་རྫ་ཆུ་རྫོང་དང་། མཚོ་སྔོན་ཞིང་ཆེན་གྱི་དགའ་བདེ། འབལ་ཁོག་གི་གཏེར་སྟོན་ཆོས་སྒར། མགོ་ལོག་ཁོངས་ཀྱི་གནས་ལྕཊ་རི་འོད་འབར་ཏེ། དབུས་གཙང་གཉིས་པར་འབོད་པའི་ལྷ་ཁང་ཞིག་ཏུའང་རྡོ་ལ་བཞེངས་པའི་བཀའ་བསྟན་མང་པོ་བཞུགས་པ་བདག་གི་སློབ་དཔོན་རིན་པོ་ཆེ་དབུས་སུ་ཕེབས་དུས་དངོས་སུ་མཇལ་ཞེས་ཞལ་ནས་གསུངས་པ་ཐོས། དེ་དག་ནང་ནས་དགའ་བདེ་རྫོང་སྟོང་ཇུ་མདོ་ཁར་དགོན་དུ་བཞུགས་པའི་བཀའ་འགྱུར་ལ་རྡོ་ཆེ་ཆུང་འདྲ་མིན་ཅི་རིགས་ཆིག་འབུམ་གྱི་གྲངས་ལས་བརྒལ་ཞིང་། རྡོ་ཆེ་བ་ལ་སྒོ་གླེགས་ནང་བཞིན་དང་། ཆུང་བ་ལ་མདུན་ཅོག་གི་ངོས་ནང་བཞིན། སྲབ་མཐུག་གི་ཚད་ལ་སོར་གང་ཡས་མས། ངོས་སྙོམས་ཤིང་ཡི་གེའི་འབྲུ་གསལ་བ། གཟུགས་ལེགས་པའི་ཁྱད་ཆོས་དང་ལྡན་མོད་ཀྱང་། “རིག་གསར་”གྱི་ཆོམ་རྐུན་གྱིས་མིང་ཙམ་ལས་མ་ལྷག་པར་བྱས་སྐད།
          གཉིས་པ། པར་ཁང་སྐོར་བཤད་པ།
          བསྟན་པ་ཕྱི་དར་སྐབས་རང་རེ་གངས་ལྗོངས་ཀྱི་ཆོས་དང་རིག་གནས་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་བྱུང་བ་དང་ཆབས་ཅིག་དེ་དག་བརྒྱུད་སྤྲོད་བྱེད་པའི་ལག་ཆ་གལ་ཆེན་ཞིག་སྟེ་པར་གྱི་རིག་པ་དེ་ཡང་རྒྱ་ཆེར་ཁྱབ་སྤེལ་བྱུང་ནས་པར་སྐྲུན་གྱི་སྡེ་མང་དག་ཅིག་བཙུགས་པ་རེད། སྤྱིར་མདོ་དབུས་ཁམས་གསུམ་གྱི་ཡུལ་གྲུར་པར་སྐྲུན་གྱི་སྡེ་ཆེ་འབྲིང་ཆུང་གསུམ་མང་དུ་འཕེལ་མོད་ཀྱང་། འདིར་ལོ་རྒྱུས་རིང་ཞིང་གྲགས་པའང་ཆེ་བའི་པར་ཁང་ཆེན་མོ་གསུམ་སྟེ། སྣར་ཐང་པར་ཁང་ཆེན་མོ་དང་། ཞོལ་པར་ཁང་ཆེན་མོ། སྡེ་དགེ་པར་ཁང་ཆེན་མོ་བཅས་ཀྱི་ལོ་རྒྱུས་རགས་ཙམ་མཚམས་སྦྱོར་གྱི་ཚུལ་དུ་ཞུ་བ་ལ།
          (དང་པོ་) སྣར་ཐང་དགོན་པ་ནི་རབ་བྱུང་གསུམ་པའི་ཆུ་བྱ་(སྤྱི་ལོ་1153)ལོར་གཏུམ་སྟོན་བློ་གྲོས་གྲགས་ཀྱིས་ཕྱག་བཏབ་པའོ། མཉྫུའི་གོང་མ་ཁང་ཞིའམ་བོད་སྐད་དུ་བདེ་སྐྱིད་རྒྱལ་པོའི་སྐབས་སུ། རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་ཐུགས་བསྐྱེད་ལས་བསྐུལ་ཏེ་སྣར་ཐང་དུ་བཀའ་འགྱུར་གྱི་གསུང་པར་ཤེར་ཕྱོགས་གཙོ་བོར་གྱུར་པའི་པོ་ཏི་ཉི་ཤུ་རྩ་བརྒྱད་(ཡི་གེ་ལ་ལར་སུམ་ཅུར་བཤད། )པར་བརྐོས་གྲུབ་པ་བྱུང་བ་དེ་ལ་ལས་ཡུན་ལོ་བདུན་ཙམ་འགོར་བ་དང་། བཟོ་བོ་དང་མི་སེར་རྣམས་ངལ་དུབ་དུ་མ་མྱངས་ཤིང་། ལྷག་པར་དུ་གན་མཛོད་ཆེན་པོ་ཧ་ཅང་འཛད་ཆེ་བས་འཕྲོ་ཅན་དུ་ལུས། དེ་རྗེས་སྡེ་སྲིད་རིམ་བྱོན་འགས་འཕྲོ་ལུས་རྣམས་ལེགས་པར་སྐྱོང་བའི་བྱ་བ་ལ་གཞོལ་ཡང་མཐའ་མ་འཁྱོངས་པར་འཕྲོ་ལུས་སུ་སོང་ཞེས་གྲགས། དུས་རབས་བཅོ་བརྒྱད་པའི་དུས་ཕྱེད་ཙམ་ན་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱས་(1689—1747)ཀྱིས་མཐུན་རྐྱེན་བསྒྲུབས་ཏེ་སྟོད་ཤེལ་དཀར་དུ་བཀའ་དང་བསྟན་བཅོས་ཤིང་པར་དུ་བརྐོ་བར་མཛད། དེ་ཙམ་དུ་མ་ཟད། ལྗོངས་ཡོངས་སུ་པར་བརྐོའི་རིག་བྱེད་འཛིན་པས་ཁྱབ་པར་བྱ་བའི་ཕྱིར་དབུས་གཙང་སོ་སོའི་པར་བརྐོའི་རིག་པ་འཛིན་པར་རྐྱེན་སྦྱར་ནས་གསར་བུ་སློབ་པར་འོས་པ་ཕྱོགས་དང་ཕྱོགས་མཚམས་ཁག་ནས་སྟོང་ཕྲག་གི་གྲངས་ཀྱིས་མི་དམན་པ་ཤེལ་དཀར་རྫོང་གི་འདབས་རོལ་པར་ཁང་གི་ལས་གྲྭར་འདུས། གཙོ་ཆེ་བའི་རིག་བྱེད་འཛིན་པ་དང་འགོ་བྱེད་མི་སྣ་ནི་མངའ་བདག་བྲག་པ་དང་། ཇུ་རིགས་ཐུ་ཁོ་ཤོའུ་ཆི་དཔོན་སློབ་གཉིས་དང་། ཨེ་དཔོན་ཚང་། ཡིག་རྒན་དབུ་མཛད་བསྟན་འཛིན་བག་དྲོ། པར་པ་དབུ་མཛད་བློ་བཟང་ཀུན་ཐུབ། དབུ་ཆུང་བརྒྱ་བྱིན་དང་། རྟ་མགྲིན། ཕུན་ཚོགས་དར་རྒྱས། སྙེ་མོ་བ་པད་མ་ཚེ་རིང་། ཞུ་དག་པ་ཤེལ་དཀར་ཆོས་སྡེའི་བཙུན་པ་གཉིས་སོགས་ལས་གྲུབ། པར་བརྐོའི་ཤིང་རྒྱུའི་ཡོང་ཁུངས་ནི་མང་ཡུལ་སྐྱིད་གྲོང་དང་། གཉའ་ནང་། རོང་ཤར། མཁར་རྟ། གཏིང་སྐྱེས། ལྷོ་བྲག་བཅས་ཀྱི་ས་གནས་ནས་ཡིན་པ་དང་ཤིང་དེ་དག་ཤིང་ལུ་དང་། གས་འཆུས། འཛེར་རུལ་སོགས་མ་ཡིན་པར་རྒྱུ་ཤིན་ཏུ་ལེགས་པ་སྟག་པང་ངོ་གྲངས་76000 (ལ་ལར་76409 བྲིས་འདུག་)སྐོར་དྲངས། བུ་སྟོན་རིན་ཆེན་གྲུབ་(1290—1364)ཀྱིས་ཕྱི་མོ་ཞུས་པའི་བཀའ་འགྱུར་བྲིས་མ་ཞ་ལུ་གསེར་ཁང་དུ་བཞུགས་པ་བཞེས། པར་བརྐོའི་རིག་བྱེད་འཛིན་པ་རྣམས་ལ་ལེགས་ཉེས་ཀྱི་སྟངས་འཛིན་དུ་གང་དང་གང་ཡི་གེའི་གཟུགས་མཛེས་ཤིང་། དག་མྱུར་ཐོན་པ་སོགས་གོ་རིམ་དུ་བྱས་ནས་བཟང་གོས་ཀྱི་གྱོན་པ་དང་། དངུལ་གྱི་དོང་ཙེ་ལ་སོགས་པ་ཟད་མི་ཤེས་པའི་མཚར་དགའ་བསྟབས། གང་དག་ལས་ལ་མི་བརྩོན་ཞིང་། ཡིག་གཟུགས་ཇི་བཞིན་མ་ཐོན་པ་རྣམས་ལ་དཔྱས་གདགས་པ་སོགས་ཐབས་ཀྱི་སྒོ་དུ་མས་བསྐུལ་བ་ན། བཟོ་བོ་དེ་རྣམས་ཀྱང་སླད་ནས་གཞན་གྱིས་བསྐུལ་བ་ལ་མ་བལྟོས་པར་རང་རང་གི་ལས་ལ་འབད་པ་ལས་གླེང་མོ་དང་ཁ་བརྡར་ལ་གཡེངས་ནས་མི་སྡོད་པ་དང་། ཕལ་མོ་ཆེས་རང་ཉིད་ཀྱི་མདུན་དུ་ཟས་ཕྲན་བུ་ཚགས་ཏེ་ཟ་བ་ལས་གུང་ཚིགས་ཀྱང་དགུང་དྲོའི་ལས་བཤོལ་རྗེས་ཟ་བར་བྱེད་པ་མཆོག་ཏུ་བརྩོན་པ་ཆེན་པོས་དུས་འདའ་བར་བྱེད་ཅིང་། དེའི་སྔོན་དུ་ཟླ་འཁོར་རེ་ལ་པར་བརྐོའི་ཤིང་བྱང་ལྔའམ་དྲུག་གྲུབ་ན་མཆོག་དང་། བཞིའམ་གསུམ་གྲུབ་ན་འབྲིང་། ཕལ་མོ་ཆེས་གཉིས་སམ་གསུམ་ལས་མ་གྲུབ། ཡང་མཐས་ནི་རེ་རེའང་མ་གྲུབ་པ་དག་བྱུང་བར་གྲགས་མོད། སྐབས་འདིར་བཟོ་རིག་ལ་མཆོག་ཏུ་བྱང་བ་དག་གིས་ནི་ཟླ་འཁོར་རེ་ལ་པར་བརྐོའི་ཤིང་བྱང་ཉི་ཤུ་རྩ་གསུམ་ནས་རྩ་དྲུག་གི་བར་གྲུབ་པ་དང་། འབྲིང་པོ་རྣམས་ཀྱིས་ནི་བཅུ་ཕྲག་ཕྱེད་གཉིས་ནས་བཅུ་དྲུག་གི་བར་གྲུབ་པ། འགའ་རེས་བཅུ་གཉིས་ནས་བརྒྱད་ཀྱི་བར་གྲུབ་པ། ཕལ་མོ་ཆེས་ནི་བདུན་ནས་ལྔའི་བར་གྲུབ། ཆེས་དམན་པའམ་ཡང་མཐའ་ནི་གསུམ་ལ་མཐའ་གཏུགས་པ་གྲུབ་པས་མཐར་《བཀའ་འགྱུར》་པོ་ཏི་བརྒྱ་དང་གཉིས་ཀྱི་པར་བརྐོའི་བྱ་བ་དེ་རབ་བྱུང་12ལྕགས་ཁྱི་ཟླ་8ཚེས་26ནས་ཆུ་བྱི་ཟླ་1ཚེས་26(སྤྱི་ལོ་1730--1732)བར་བཤོལ་ཟླ་གཅིག་དང་བཅས་ལས་ཡུན་ལོ་གཅིག་ཟླ་དྲུག་གི་ངེས་པ་ཁོ་ནའི་ནང་ཡོངས་སུ་གྲུབ་པ་དང་སྦྲགས་པར་བརྐོའི་རིག་བྱེད་འཛིན་པའི་ལག་རྩལ་པ་འབོར་ཆེན་ཞིག་ཀྱང་སྐབས་དེར་བསྐྱེད་བསྲིངས་བྱུང་བར་གྲགས། སྐབས་དེར་བཞེངས་པ་《བཀའ་འགྱུར་》པོད་102ཀྱི་ཤིང་པར་ལ་ངོ་གྲངས་50019དང་། དེའི་རྗེས་སླར་ཡང་ཕོ་ལྷ་བསོད་ནམས་སྟོབས་རྒྱས་ཀྱིས་མཐུན་རྐྱེན་བསྒྲུབས་ཏེ་《བསྟན་འགྱུར་》པོད་225པར་བརྐོའི་བྱ་བ་རབ་བྱུང་12པའི་ལྕགས་བྱ་ཟླ3པའི་ཚེས་27ནས་ཆུ་ཁྱི་ཟླ་10ཚེས་25(སྤྱི་ལོ་1741--1742)བར་ལས་ཡུན་ལོ་གཅིག་དང་ཟླ་བ་བདུན་གྱི་ནང་བདེ་བླག་ངང་གྲུབ་ཅིང་། དེ་སྐབས་བརྐོས་པའི་《བསྟན་འགྱུར་》པོད་225ལ་པར་ཤིང་ངོ་གྲངས་76726ཡོད་པ་དང་། ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་སྣར་ཐང་དགོན་པར་བསྩལ་བ་དེ་དང་། པཎ་ཆེན་སྐུ་ཕྲེང་འགའི་གསུང་འབུམ་གྱི་པར་ཤིང་མི་ཉུང་བ་དང་། རབ་བྱུང་12པའི་མེ་སྟག་(སྤྱི་ལོ་1746)ལོར་ཝང་འགྱུར་མེད་རྣམ་རྒྱལ་གྱིས་མཐུན་རྐྱེན་སྦྱར་ཏེ་སྟོན་པའི་འཁྲུངས་རབས་མཛད་བརྒྱ་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་སྐུ་ཐང་ཤིང་པར་ངོ་གྲངས་31དང་། རྗེ་ཙོང་ཁ་པའི་འཁྲུངས་རབས་ཀྱི་སྐུ་ཐང་ཤིང་པར་ངོ་གྲངས་15 ཐུབ་དབང་གནས་བརྟན་བཅུ་དྲུག་གི་སྐུ་ཐང་ཤིང་པར་ངོ་གྲངས་7བཅས་གསར་དུ་བཞེངས། དེ་རྣམས་པར་ཕུད་དང་གསུང་པར་བཅས་སྔ་རྟིང་དུ་དཔལ་སྣར་ཐང་དུ་ཕུལ་བའི་མཐུན་རྐྱེན་གྱ་ནོམ་པ་དང་རྨང་བརྟན་པོ་ལ་ཉེ་བར་བརྟེན་ནས་སྣར་ཐང་པར་ཁང་ཞེས་མཚན་སྙན་ཡོངས་སུ་གྲགས་པའི་པར་སྐྲུན་གྱི་སྡེ་དེ་ཐོག་མར་ཚུགས་སོ། འོན་ཏེ་བློ་ཕམ་ཤིན་ཏུ་ཆེ་བ་ཞིག་ལ་པར་ཤིང་དེ་དག་གཅིག་ཀྱང་མ་ལུས་པར་“རིག་གསར་”གྱི་སྐབས་སུ་དམིགས་མེད་དུ་སོང་ངོ་། །
          (གཉིས་པ) སྡེ་དགེ་པར་ཁང་ཆེན་མོ་ནི། རབ་བྱུང་12པའི་ས་བྱ་(སྤྱི་ལོ་1729)ལོར་སྡེ་དགེའི་ས་སྐྱོང་ཁྲི་ཐོག་ཞེ་གཉིས་པ་བསྟན་པ་ཚེ་རིང་གིས་བསྐུལ་བ་དང་མཐུན་རྐྱེན་སྦྱར་ཏེ་ཕྱག་འདེབས་མཛད་པ་དང་། པར་ཁང་འདིའི་དངོས་མིང་ལ་“བོད་ཀྱི་རིག་གནས་གཏེར་མཛོད་སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོ་བཀྲ་ཤིས་སྒོ་མང་”ཞེས་བྱ་ཞིང་། པར་ཁང་དེ་བཏབ་རྗེས་ཕྱོགས་དང་ཕྱོགས་མཚམས་མང་པོ་ནས་པར་བརྐོའི་རིག་བྱེད་འཛིན་པ་དང་གསར་བུ་དོན་གཉེར་ཅན་སློབ་པར་འོས་པ་1300 ལྷག་འདུས་ཏེ་ནང་རིག་པ་དང་། ཚད་མ་རིག་པ། གསོ་བ་རིག་པ། བཟོ་རིག་པ། སྒྲ་རིག་པ་ལ་སོགས་རིག་གནས་ཆེན་པོ་ལྔའི་པོ་ཏི་རྣམས་པར་དུ་བརྐོས། སྐབས་དེར་བརྐོས་པའི་ཤིང་པར་རྣམས་འབྲུ་དག་ལ། ཆད་ལྷག་མ་མཆིས་པ། སྡེབ་སྦྱོར་ལེགས་ཤིང་། ཡི་གེའི་གཟུགས་མཛེས་པ་སོགས་ཀྱི་ཁྱད་ཆོས་ལྡན་པ་མ་ཟད་བྱ་བ་རྣམས་གོ་རིམ་ལྡན་པ། འཐུས་སྒོ་ཚང་བ། མཐུན་རྐྱེན་ཐམས་ཅད་གྱ་ནོམ་པ་བྱུང་། 
          དེ་ཡང་《བསྟན་འགྱུར་》གྱི་པར་བཞེངས་པ་ན། ཐོག་མར་བློན་ཆེན་ཕྱག་མཛོད་གུ་རུ་བཀྲ་ཤིས། བར་དུ་གཉེར་པ་ཨ་ཟློས། རྗེས་སུ་དགེ་སློང་ཚུལ་ཁྲིམས་རབ་བརྟན་ཏེ་དེ་རྣམས་འགན་འཛིན་དུ་རིམ་པ་ལྟར་བསྐོ་བར་མཛད་དོ། ཇི་ལྟར་བརྐོས་པ་དེ་དག་བ།ཙོ་བོར་བཞུགས་པའི་ཕྱི་ནང་གི་བྱ་བ་ཆེ་ཕྲ་ཐམས་ཅད་ཀྱི་ཁུར་ལེན་བྱེད་པའི་གྲོགས་ལྡན་པ་ནི། དགེ་སློང་རིན་ཆེན་བཀྲ་ཤིས་དང་། བློ་གྲོས་བརྟན་པ། དཔལ་ལྡན་རྒྱལ་མཚན། ངག་དབང་རིན་ཆེན་ཏེ་ཆོས་གྲོགས་བཞི་དང་། པར་གྱི་བཀྲམ་བསྡུ་དང་། བརྐོས་པ་མཁས་དམན་གྱི་ཁྱད་པར་དཔྱོད་མཁན་གཟུངས་སྐྱབས་རྣམས་སོ། །
          པར་ཁང་དེར་ད་ལྟའི་བར་(རིག་གསར་སྐབས་འཇིག་པ་ཕུད་)བཞུགས་པའི་གླེགས་བམ་གྱི་ཤིང་པར་གྲངས་210000ལས་ལྷག་ཅིང་། ཐང་པར་ཡང་མི་ཉུང་ཙམ་བཞུགས་པ་ཡི་གེ་འགར་སྣང་། གཞན་ཡང་པར་དུ་བཀོད་ཟིན་པའི་དཀའ་བསྟན་གྱི་གླེགས་བམ་དག་བརྗོད་བྱའི་སྒོ་ནས་སྡེ་ཚན་དུ་ཇི་ལྟར་དབྱེ་བ་མདོ་ཙམ་ཞུས་ན།
          རིགས་དང་པོའི་སྐོར་ལ། རྒྱལ་བ་ཉི་མའི་གཉེན་གྱི་བཀའ་བོད་སྐད་དུ་འགྱུར་བ་ལས། 1.  འདུལ་བ། 2. ཤེར་ཕྱིན། 3. ཕལ་པ་ཆེ། 4. དཀོན་བརྩེགས། 5. མདོ་མང་། 6. མྱང་འདས། 7. རྒྱུད་ཀྱི་སྐོར་བཅས་སོ།
          རིགས་གཉིས་པའི་སྐོར་ལ། 《བསྟན་འགྱུར་》ཏེ་སངས་རྒྱས་ཀྱི་བཀའི་དགོངས་འགྲེལ་བོད་སྐད་དུ་འགྱུར་རོ་འཚལ་ལས།1. བསྟོད་ཚོགས 2. བརྒྱུད་སྡེ། 3. ཤེར་ཕྱིན། 4. དབུ་མ། 5. མདོ་སྡེ། 6. སེམས་ཙམ། 7. མངོན་པ། . འདུལ་བ། 9. སྐྱེས་རབས། 10. དཔག་བསམ་འཁྲི་ཤིང་། 11. སྤྲིངས་ཡིག 12. ཚད་མ། 13. སྒྲ་རིག 14. གསོ་བ། 15. བཟོ་རིག 16. སྣ་ཚོགས་བཅས་པོ་ཏིར་བྱས་ཏེ་དབྱེ་བའོ། །
          རིགས་གསུམ་པའི་སྐོར་ལ། བོད་དུ་དར་བའི་གསོ་བ་རིག་པའི་གཞུང་ལུགས་དཔལ་ལྡན་རྒྱུད་བཞི་དང་དེའི་དགོངས་འགྲེལ་རྒྱས་འབྲིང་བསྡུས་གསུམ་མོ།  རིགས་བཞི་པའི་སྐོར་ལ། གསུང་འབུམ་དང་། གདན་རབས། རྟོགས་བརྗོད། ཆོས་འབྱུང་། ཡི་གེ་དེབ་ཐེར། གནམ་རིག་སྐར་རྩིས། སུམ་རྟགས་དག་གསུམ། མངོན་བརྗོད། རོལ་མོ། མཛེས་རིས། བརྐོས། བཟོ་རྩལ། ཤིང་པར་ལ་སོགས་པའོ།
          དེ་ལྟར་གོང་གསལ་རགས་ཙམ་གླེང་བ་ཇི་བཞིན་སྡེ་དགེ་པར་ཁང་ནི་གངས་ལྗོངས་རིག་གནས་ཀྱི་གནས་མཛོད་ལྟ་བུ་ཞིག་དང་ད་བར་སྡེ་དགེའི་པར་མ་ཞེས་མཚན་གྱི་གྲགས་སྙན་ཡུལ་ཕྱོགས་ཀུན་ཏུ་རླུང་ལྟར་ཁྱབ་བཞིན་ཡོད།
          (གསུམ་པ།) ཞོལ་པར་ཁང་ནི། རབ་བྱུང་15 ལྕགས་སྤྲེལ་(སྤྱི་ལོ་1920)ལོར་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོའི་(1876—1933 ) སྐུ་རིང་ལ། འབྲི་གུང་སྒོ་ལྕོག་སྤྲུལ་སྐུས་མཐུན་རྐྱེན་ཕུལ་ཏེ་དཔལ་སྣར་ཐང་དུ་བཞུགས་པའི་《བཀའ་འགྱུར་》ཤིང་པར་ཕྱི་མོར་བཅོལ་ཏེ་《བཀའ་འགྱུར་》གྱི་པར་ཆ་ཚང་གསར་བཞེངས་མཛད་པ་དང་ཆབས་ཅིག་པོ་ཏ་ལའི་ནུབ་རྒྱུད་དུ་ཀ་བ་80བརྒལ་བའི་ས་ཁྱོན་ལ་ཁང་མིག་དུ་མ་དང་། དེའི་སྟེང་དུ་པར་ཁང་དངོས་གཞི་ཀ་རིང་8དང་། ཀ་ཐུང་72 ཀྱི་རྒྱ་ཁྱོན་ལྡན་པའི་བྱམས་ཁང་ཀ་རིང་4་ལས་གྲུབ་པའི་“གངས་ཅན་ཕན་བདེའི་གཏེར་མཛོད་གླིང་”ཞེས་པའི་《བཀའ་འགྱུར་》 པར་ཁང་ཆེན་མོ་བཞེངས་སོ། པར་ཁང་དེ་ཉིད་དུ་(བཀའ་འགྱུར་》ཆ་ཚང་ལ་པོ་ཏི་100 བཞུགས། གཞན་ཡང་། པར་ཁང་དུ་བཞུགས་པའི་དཔེ་སྣ་རིང་ཐུང་གི་ཤིང་པར་ཤིན་ཏུ་མང་།
          གཞན་ཡང་། དབུས་གཙང་གཉིས་ཀྱི་ཁུལ་དུ་ལེ་ལག་ལྟ་བུའི་པར་ཁང་ཇི་སྙེད་ཅིག་མཆིས་པ་ལས།  རྩེའི་ཞོལ་པར་ཁང་དུ་བཞུགས་པའི་དཀར་ཆག་སོགས་ལ་གཞིགས་ན། པར་ཁང་དྲུག་ཅུར་ཉེ་བ་ཡོད་པ་དང་། མདོ་སྨད་ཀྱི་ཁུལ་ན་བླ་བྲང་བཀྲ་ཤིས་འཁྱིལ་དང་། སྐུ་འབུམ་བྱམས་པ་གླིང་སོགས་སུ་བཞུགས་པའི་དཀར་ཆག་ཐོར་བུ་རེ་དང་། ད་ལྟ་འཚོ་ཞིང་གཞེས་པའི་མཁས་པ་དག་གི་གསུང་ཚད་ཁ་ཤས་ཐོས་པ་ལྟར་ན་བླ་བྲང་ན་པར་ཁང་བཙོ་ལྔ་(པར་ཁང་ཆེ་ཆུང་བསྡོམས་ན་ལྔ་བཅུར་ཉེ་བ་)དང་། དེ་བཞིན་བར་ཁམས་ནི་ཡུལ་གྲུ་རྒྱ་ཆེ་ཞིང་གྲུབ་མཐའ་མི་འདྲ་བ་དུ་མ་བཞུགས་པའི་དབང་གིས། དེ་བསྟུན་གྱི་པར་ཁང་ཡང་མང་བར་བཞུགས་པ་ནི་གོར་མ་ཆག་གོ།
          བོད་དུ་ཆོས་དང་གྲུབ་མཐའ་གང་གི་དགོན་པའམ་ཆོས་སྡེ་ཀུན་ལ་ཐུན་མོང་དུ་གཅིག་མཐུན་གྱི་ཁྱད་ཆོས་ཞིག་ཡོད་པ་ནི། དགོན་པ་ནི་ཆོས་ལུགས་ཁོ་ན་ཙམ་སྤེལ་བར་བྱེད་པའི་དགེ་འདུན་གྱི་སྡེ་འབའ་ཞིག་མ་ཡིན་པར། གཅིག་སྡུད་ཀྱི་རང་བཞིན་ཧ་ཅང་ཆེ་བར་མངོན་པའི་རིག་གནས་དང་ཚན་རིག་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་སྡེ་ཡང་ཡིན་པ་ད་ལྟ་ཐུན་མོང་གིས་ཁས་ལེན་བྱེད་བཞིན་ཡོད། ཆོས་ལུགས་སྤེལ་བར་པར་སྐྲུན་གྱི་བྱ་བ་དང་བྲལ་མི་རུང་ལ། རིག་གནས་སྤེལ་བར་པར་སྐྲུན་གྱི་བྱ་བ་དང་དེ་བས་བྲལ་ཐབས་མེད་པ་ཞིག་རེད། དཔེར་ན། དེང་སྐབས་ཡོན་ཏན་པ་དུ་མ་ཚོགས་པའི་སློབ་གྲྭ་ཆེ་བ་ཞིག་ལ་ཆ་མཚོན་ན་དེ་ལ་སློབ་གྲྭ་རང་ཉིད་ཀྱི་རིག་གཞུང་ཉམས་མྱོང་བརྗེ་རེས་བྱེད་པའི་ཡུལ་སློབ་གྲྭའི་དགེ་སློབ་ཀྱི་ཡོན་ཚད་མཚོན་པར་བྱེད་པའི་ལག་ཆ་གཅིག་པུ་སྟེ་《རིག་གཞུང་དུས་དེབ་》དང་། དེ་བཞིན་སློབ་དེབ། ཟུར་ལྟའི་ཡིག་ཆ་སོགས་པར་དུ་སྐྲུན་པ་ལ་ཆེད་གཉེར་གྱི་སྡེ་ཞིག་ངེས་པར་དུ་དགོས་པ་ལྟ་བུའོ། །
          གསུམ་པ།  པར་སྐྲུན་གྱི་ལས་ཀྱི་རིམ་པ་བཤད་པ།
          པར་གྱི་ཚད་ལ་སྒོ་ཚད་མ་དང་། མདའ་ཚད་མ། ཁྲུ་ཚད་མ་བཅས་གསུམ་དུ་དབྱེ། སངས་རྒྱས་ཀྱི་བཀའ་(རྒྱ་གར་ལུགས་ལྟར་)ཐམས་ཅད་སྒོ་ཚད་མ་དང་། བཀའི་དགོངས་འགྲེལ་ཏེ་རྒྱ་གར་མཁས་པས་གསུངས་སོ་ཅོག་མདའ་ཚད་མ་དང་། བོད་རང་གི་མཁས་པའི་གསུང་ཁྲུ་ཚད་མ། བཀའ་ཡི་པོ་ཏི་ཆེ་བ་རྣམས་དབུ་ཅན་ཆེ་བ་དང་། རྒྱ་གཞུང་བསྟན་བཅོས་ཏེ་བཀའི་དགོངས་འགྲེལ་རྣམས་དབུ་ཅན་འབྲིང་བ། བོད་གཞུང་རྣམས་དབུ་ཅན་ཆུང་ངུས་བྲི་དགོས་པ་སོགས་བོད་ཆོས་རྒྱལ་རྣམས་ཀྱི་བཀས་བཅད་ལྟར་དང་། པར་སྐྲུན་གྱི་ལག་རྩལ་གོང་འཕེལ་དུ་སོང་བ་དང་། བསྟན་ཚད་ཀྱི་རིམ་པའང་ཆེ་ཕྲ་མི་འདྲ་བའི་རྣམ་གྲངས་དུ་མ་སྣང་སྟེ། ཆེ་བའི་རིང་ཚད་ལ་ལིའི་རྨིད་110 ལྷག ཞེང་ཚད་ལ་ལིའི་རྨིད་70ལྷག སྲབ་མཐུག་གི་ཚད་ལ་ལིའི་རྨིད་3 ཙམ། འབྲིང་བའི་རིང་ཚད་ལ་ལིའི་རྨིད་66—77 ལྷག་བར། ཞེང་ཚད་ལ་ལིའི་རྨིད་11—18 བར། སྲབ་མཐུག་ལིའི་རྨིད་2 ཙམ། ཆུང་བའི་རིང་ཚད་ལ་ཁྲེ་ཙེ་གང་། ཞེང་ཚད་ལ་ཚུན་དོ་ཙམ་མོ། ཡི་གེ་བརྐོ་སྐབས་པར་ཤིང་གི་ངོས་གཉིས་ཀར་བརྐོ་ཞིང་། ངོ་རེའི་ཐིག་ཕྲེང་མང་ཉུང་གི་ཚད་ལ་གླེགས་བམ་ཕལ་ཆེ་བར་ཕྲེང་ལྔ་རེ་དང་། དྲུག་རེ། བདུན་རེ། བརྒྱད་རེ་ཅན་བཅས་ཡོད་ཀྱང་དྲུག་ཅན་རྒྱུགས་ཆེའོ། །
          པར་ཤིང་ནི་རུལ་སུངས་དང་། འཛེར་བ་དང་། ཆག་གས། །འཆུས་ཀོང་སོགས་མིན་པའི་སྟག་པང་དགོས་ལ། དེ་དག་ཁྲོད་ནས་ཀྱང་སྟོན་མཇུག་གི་དུས་སུ་ཤིང་ལོ་ལྷུང་མ་ཐག་པའི་སྟག་ཤིང་དམར་པོ་རབ་ཡིན། སྟག་པང་བཟོ་སྐབས་སྟག་ཤིང་གི་སུལ་ལྟར་ཁ་གཤགས་ཤིང་མེའི་དུ་བ་ལ་བསྐམས་རྗེས་རིལ་མའི་ནང་ལ་དགུན་ཟླ་གསུམ་གྱི་ཡུན་ལ་བསྙལ། དེ་རྗེས་ཆུར་བཙོ་ཞིང་མེར་བསྐམས་ཏེ་ངོས་གཙང་ཞིང་སྙོམས་པར་བྱས་རྗེས་གཞི་ནས་ཡི་གེ་བརྐོའོ།  བརྐོས་མ་ཐག་པའི་པར་ཤིང་མར་ཁུར་ཉིན་ཞག་གཅིག་གི་ཡུན་ལ་སྦྱང་བར་བྱ་ཞིང་། དེ་ནས་ཕྱིར་བཏོན་ཏེ་སྐེམ་ལ་རྩྭ་ཟུལ་པའི་ཁུ་བས་ལེགས་པར་བཀྲུ་ཞིང་སྐེམ་མོ།། 
          གོང་གསལ་འདི་དག་ནི་ཤིང་པར་བསྐོ་བའི་བྱ་རིམ་ཡིན། ་དངོས་སུ་ཡི་གེ་ཤོག་སྟེང་དུ་འབེབས་སྐབས་ཐོག་མར་ཤོག་བུ་རླན་པར་བྱས་ཤིང་།  དེ་ནས་པར་ཤིང་གི་ངོས་ལ་བཏིང་སྟེ་ཆ་སྙོམས་པར་གནོན་དགོས། དཔར་ཟིན་རྗེས་ཤོག་བུ་རེ་རེ་བཞིན་བསིལ་སྐེམ་བྱེད། བསྐམས་པ་རྣམས་ཁ་ཡིག་ལྟར་གྲངས་མ་ནོར་བར་ལེགས་པར་གླེགས་བམ་དུ་བསྒྲིགས། དེ་ལ་ཤོག་བུ་འདྲ་མཁན་དང་། སྣག་ཚ་སྡེབ་པ་པོ། པར་སྐྱེལ་བ་པོ།  པར་པ། སྐེམ་མཁན། སྒྲིག་མཁན། པར་འཁྲུད་སོགས་ཆེད་གཉེར་གྱི་བཟོ་བོ་དགོས་པ་མ་ཟད་བྱ་བ་རྣམས་འཐུས་ཚང་ལ་གོ་རིམ་དང་ལྡན་པ་ཞིག་ཀྱང་དགོས།
          གཞན་ཡང་བཀའ་དང་བསྟན་བཅོས་ནི་ཕལ་ཆེ་བ་མཚལ་དཔར་དང་། གཞན་རྣམས་ཤིང་སྐོགས་ལས་བསྲེགས་པའི་སོལ་བྱེས་(སྣག་ཚ་)དཔར་བར་བྱའོ། ། གོང་དུ་མདོ་ཙམ་ཞུས་པ་འདི་དག་སྤྱིར་བཟོ་རིག་པའི་ཁོངས་སུ་གཏོགས་ཀྱང་། པར་གྱི་རིག་པར་ཡང་བྱ་རིམ་དེ་དག་བྲལ་ཐབས་མེད་པའི་ཆར་གྱུར་པས་ཞར་བྱུང་དུ་སྨྲས་སོ། །
          བཞི་པ། པར་སྐྲུན་ལ་ཉེ་བར་མཁོ་བའི་སྒྲིག་དང་དམ་ཚིག་བཤད་པ།
          པར་སྐྲུན་གྱི་སྡེ་ཇེ་མང་དུ་ཕྱིན་པ་དང་པར་བྱའི་ཆོས་ཀྱང་ཇེ་མཁོར་སོང་བའི་དབང་གིས་དེ་ལ་དེ་མཚུངས་ཀྱི་སྒྲིག་དམ་པར་བྱེད་པ་སྟེ་པར་གྱི་སྤུས་ཀ་ལ་སླད་སྐྱོན་མི་འབྱུང་བར་གཙང་སྙོམས་འགྲིག་གསུམ་དང་། དག་ལེ གས་མགྱོགས་གསུམ་གྱི་ཆེད་དུ། པར་སྐྲུན་གྱི་བྱ་བ་ཡོངས་རྫོཊ་ལ་དོ་དམ་པ་དང་། པར་དཔོན་དང་། ཡི་གེར་ཞུས་དག་པ། པར་བརྐོན་གྱི་ཆ་ལ་འགན་བཞེས་པ། པར་བརྐོན་གྱི་བཟོ་བོ་སྟེ་རང་རང་སོ་སོར་ལས་ཁུར་གསལ་ཞིང་འགན་ཁྲི་ལྗིད་པོ་རེ་ཡོད་པ་ནི་མདོ་སྨད་ཟི་ཁྲོན་མཛོད་དགེ་རྫོང་ཁོངས་སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་རྗེ་ཙོང་ཁ་པའི་དངོས་སློབ་རོང་པ་ལྗགས་ནག་པའི་སྐྱེ་འཕྲེང་འཛིན་པ་ཀིརྟི་བློ་བཟང་འཕྲིན་ལས་(རབ་བྱུང་14ས་བྱི་སྟེ་སྤྱི་ལོ་1849ནས་རབ་བྱུང་15ཤིང་སྦྲུལ་ཏེ་སྤྱི་ལོ་1905)མཆོག་གི་པར་བརྐོན་བཅའ་ཡིག་ཏུ། པར་གྱི་ལམ་གྱི་སྐོར་ཡུལ་དུས་དང་བསྟུན་ཏེ་ཞིབ་མོར་བཀོད་པའི་རིམ་པ་ལ། དཔྱིད་ཆོས་ཆེན་མོའི་འགོ་ནས་བཟུང་བརྒྱད་པའི་ཚེས་གཅིག་གི་བར་དུ་བརྐོས་དགོས་ཤིང་། དེ་ཡང་པར་ཤིང་རུལ་བ་གས་པོ། འཁྱོག་པོ། འཛེར་པ་ཅན་སོགས་མ་ཡིན་པའི་ངོས་གཙང་བ་འཐུག་སྲབ་མཉམ་པ་ལོ་གཅིག་ལ་འདངས་ངེས་ལས་ལྷག་པ་དགོས། ཤོག་དམར་ངོས་གཙང་བྲི་ཤོག་རུང་བ། པར་ཕུད་ཤོག་དཀར་རྩེར་སོན། ཞུ་དག་ལ་ཤོག་དཀར་བབ་བསྟུན་སྒྲིག་དགོས། དེ་ལྟར་བྱས་ཀྱང་དེ་དག་ལ་ཁག་འཇོག་མཁན་ཡོད་ན་རིན་སྤྲོད་ཆོག བྲི་བརྐོས་གང་བྱེད་དགོས་པ་དེའི་གྲངས་མ་རྫོགས་ཀྱི་བར་དུ་ཚགས་སུ་ཚུད་ངེས་བྱེད་ཅིང་། མཐར་ཕྱིན་ནས་འདིར་བཞུགས་པ་དང་གཞན་དུ་འཁྱེར་བ་སོགས་གང་ཡིན་ཀྱང་གོང་གི་བཀོད་པ་ལྟར་མ་གཏོགས་ལབ་གླེང་མི་བྱེད། མ་དཔེའི་ཞུ་དག་སྐབས་ཚིག་དོན་མ་ནོར་བ་གཙོ་ཆེ་བས། ཚིག་དོན་ལ་གོམས་འདྲིས་ཀྱི་ཆེད་དུ་ཡང་ཡང་ལྟ་ཀློག་དང་དག་བསྡུར་དཔེ་ཁྲིད་ནན་ཏན་དང་། གལ་ཆེན་ལ་འདི་ཀ་ནས་ཀྱང་བལྟ་རྟོག་བྱེད། མ་དཔེའི་སྟོབས་ཀྱིས་སྐྱོན་བྱུང་ན་ཞུ་དག་པའི་ངོས་ནས་ཐོག་མར་མ་བྱུང་བ་ཡིན་པས་ཞིབ་ཏུ་བལྟ་ཞིང་། བྲི་བའི་ལས་ཀར་མི་གནོད་པར་འགྲུབ་དགོས། པར་གཅིག་གཟུགས་ལེགས་ཤིང་ཆ་མཉམ་པ་དག་ཆ་དང་ལྡན་པ་བྱེད་དགོས། མ་དཔེ་ནང་བཞིན་ཡིན་མིན་ལ་ཞུ་དག་པས་བལྟས་ནས་ལེན་དགོས་ཤིང་མ་དཔེ་ནང་བཞིན་མ་འོངས་པའི་སྐྱོན་བྱུང་ན་བྲིས་པ་རང་རང་གི་སྐྱོན་ཡིན། སྐྱོན་ངོས་མ་ཟིན་པར་བརྐོས་བཅུག་ན་ཞུ་དག་པའི་སྐྱོན་ཡིན། བྲིས་པ་ཞུ་དག་པ་རྣམས་ཀྱིས་དག་ཡིག་སུམ་རྟགས་སོགས་ལ་ལས་གྲངས་ལ་མི་གནོད་པར་སྦྱངས་ནས་ཡི་གེའི་རྣམ་བཞག་ཤེས་དགོས། པར་ཡིག་བཟང་ངན་ཐག་བཅད་ནས་མ་དཔེའི་ཞུ་དག་པས་བལྟ་ཞིང་། དེ་ནས་ཨང་གི་དང་བསྟུན་ནས་བརྐོར་འཇུག་བརྐོ་མཁན་རྣམས་ཀྱིས་གཏིང་ལ་འཕངས་ནས་ཟབ་པར་བརྐོ་བ་དང་། ཡིག་གཟུགས་ཕྲ་སྦོམ་ཚེག་འཇོག་ཚུལ་མཐའ་ལས་ཚུལ་ཚུན་ཆད་སླ་ཆོས་སུ་མ་སོང་བར་ལེགས་སྙོམས་དག་གསུམ་དང་ལྡན་པ་ངག་འདོན་བྱེད་བཞིན་པར་རིག་པ་གཏད་ནས་བརྐོ་བ་མ་གཏོགས་ལོང་གཏམ་རྩེད་མོ་སོགས་གཡེང་བ་དང་ལེ་ལོའི་དབང་དུ་མ་སོང་བ་བྱེད། ལེགས་པར་བརྐོ་མི་རྐོ་དང་ལེགས་སྙོམས་དག་གསུམ་ཡོང་མི་ཡོང་ལ་བརྐོ་སྐབས་དེར་བལྟས་ནས་ངག་ནས་ཐོན་པ་དང་། པར་གྱི་ལེགས་ཉེས་བཤད་ཤེས་ཤིང་ཐམས་ཅད་ལ་ཆགས་སྡང་བྲལ་བར་རང་ཚུགས་འཛིན་ཐུབ་པ་འགོ་པའི་ཁུར་ཡིན། བརྐོས་ཚར་ནས་ཨང་གི་བསྒྲིགས་པ་དང་། ཨང་གི་ཆད་མ་ཆད་བལྟ་བ་དང་། མི་རེ་རེ་ལ་ཨང་གི་མི་མཉམ་པ་བྱུང་ན། པར་ཤིང་རེ་རེ་ནས་ཨང་གི་བྲི་བ་དང་ཨང་གི་ཉམས་པ་བྱུང་ན་སྔ་མ་དང་འདྲ་བར་སླར་ཡང་བརྐོར་འཇུག་པ་དང་།  སྔ་མའི་སྐྱོན་དང་ཕྱིས་མ་འདི་ལྟར་བྱེད་དགོས་ཞེས་ངག་ནས་ཐོན་པ་རྣམས་དོ་དམ་པའི་ཁུར་ཡིན། ལོ་རེར་པར་སྣ་ཐུང་གཅིག་བརྐོར་བཅུག་ནས་ཡིག་ཚུགས་འགྱུར་མ་འགྱུར་བལྟ་དགོས། ཨང་གྲངས་སུ་ཚུད་ན་སྣ་རིང་བཅུ་དྲུག་སྣ་ཐུང་གཅིག་དང་བཅུ་བདུན་བཅས་ཉི་ཤུའི་ཐད་ཀ་དང་། ཨང་གྲངས་སུ་མ་ཚུད་ན་ཉི་ཤུ་ངེས་པར་བརྐོ་དགོས། ཨང་གི་འོག་མ་ལས་གོང་མ་མང་ན་བཟང་བ་དང་། འོག་མ་མང་ན་ཚགས་སུ་མ་ཚུད་པ་ཡིན། གཞུང་ཆེ་བ་རེ་བརྐོ་སྐབས་ཨང་གི་དང་པོ་གསུམ་ལ་འདུ་དགོས། དྲུག་པ་མན་ཆད་ཨང་གི་མེད། ཞུ་དག་གི་དཔེ་པར་རྒྱུའི་གོ་རིམ་འདོན་ཚུལ་བདེ་བ་དང་གྲོས་མཐུན་བྱེད་དགོས།”ཞུ་དག་སོང་ནས་པར་ཕུད་ཤོག་སྣག་པར་བ་ཀུན་གྱི་ངོས་ནས་ཡོད་པ་བྱས་ཏེ་འབུལ་བ་མ་གཏོགས་མི་གསལ་བ་དང་སྣག་འཚབ་ལྟ་བུར་སོང་ན། པར་བས་ཤོག་སྣག་བསྒྲིགས་ནས་པར་དགོས། དོ་དམ་པ་རྣམས་ཀྱིས་ཉིན་བཅུ་ལ་རེས་མོས་བྱས་ནས་རང་ཐད་ལ་བབས་སྐབས་ཉིན་རེའི་སྣག་ཐེབས་དང་གང་པར་བཟང་ངན་སོགས་ལ་བལྟས་ནས་ཚགས་འཛིན་བྱེད་དགོས། པར་རྒྱུའི་གོ་རིམ་སོགས་ཉིན་རེའི་དོ་དམ་པ་གང་ཡིན་ལ་འདྲི་བ་མ་གཏོགས་རང་རང་གིས་དབང་ཆོད་བྱས་མི་ཆོག་པར་བྱས་ན། པར་བས་ཤོག་སྣག་བསྒྲིགས་ཏེ་སླར་ཡང་པར་དགོས། ལེགས་སྙོམས་དག་གསུམ་མཉམ་པ་ལ་ཨང་གི་མི་མཉམ་པ་དང་། ཨང་གི་མཉམ་པ་ལ་ཡོན་དང་གནང་སྦྱིན་མི་མཉམ་པ་ཡོད་མི་ཆོག ལོ་རེར་རང་གི་གྲངས་ལས་ལྷག་པ་དང་སྟོན་ཕྱོགས་སུ་བརྐོ་མཁན་བྱུང་ན།  ཤིན་ཏུ་ལེགས་ཤིང་ཡོན་ཡང་དེ་བཞིན་ཡོད། གྲངས་མ་ལོང་ན་རང་གིས་བརྐོ་བའམ་གཞན་ལ་བརྐོར་བཅུག་ནས་གྲངས་ལོང་ངེས་བྱེད་དགོས། གལ་ཏེ་མ་ལོང་ཚེ་པར་ཤིང་ཅི་ཙམ་ཆག་པའི་ཚད་ཀྱི་ཡོན་གཞུང་ལ་སྤྲད་དགོས། བྲི་བརྐོས་ཀྱི་སྐྱོན་གང་བྱུང་གི་བརྡ་སྤྲོད་བཞིན་མ་ཉན་ན་རང་རང་གི་ཁུར་དང་། བརྡ་མ་སྤྱད་ན་དོ་དམ་པ་དང་ལས་བྱེད་མི་རྣམས་ཀྱི་ཁུར་ཡིན། ཞུ་དག་པ་དང་བྲིས་པ་སོགས་ཀྱིས་ལས་ལེགས་པར་བྱེད་ཀྱང་། པར་བརྐོས་པའི་སྐྱོན་བརྗོད་བྱེད་པ་དང་། པར་བརྐོས་ལས་ལེགས་ཀྱང་གཞན་རྣམས་ཀྱིས་ལབ་གླེང་བྱེད་མི་ཆོག པར་བརྐོས་པ་རང་རང་གི་ལས་ཀའི་བཟང་ངན་དང་པོར་མི་སྨྲ་བར་དོ་དམ་པ་སོགས་ཀྱིས་ངོས་ཟིན་མི་ཟིན་བརྟགས་ནས་གཡོ་སྒྱུ་བྱེད་མི་ཆོག་ཅིང་། བྱས་ཚེ་རང་རང་གི་གཏམ་ནས་བཟུང་སྟེ་ཚགས་འཛིན་བྱེད་དགོས། དོ་དམ་པ་རྣམས་ཀྱིས་སྐྱོན་ཡོན་མི་ཤེས་པར་ངག་བཀོད་དང་། ངག་ནས་མ་ཐོན་པར་ཆད་པ་གཅོད་པ་སོགས་བྱེད་མི་དགོས། པར་གྱི་སྐྱོན་ཡོད་རང་གིས་མི་ཤེས་ཀྱང་ནང་ཕན་ཚུན་བཤད་ནས་བཅོས་ཆོག་པ་དགོས། ལེགས་ཉེས་ཤེས་ཀྱང་མི་སྨྲ་ན་གཡོ་སྒྱུ་ཡིན་པས། པར་བརྐོས་རྒན་པ་རྣམས་ཀྱིས་ལེགས་ཉེས་འབྱེད་ཚུལ་འདི་ཡིན་ཞེས་བཤད་དགོས། པར་གསར་སློབ་མདའ་ཚད་མ་བརྐོ་བའི་གྲས་སུ་མ་ཆུད་བར། སྣ་ཐུང་ཅི་ཙམ་བརྐོས་ཀྱང་ཡོན་མེད་པ་ཤོག་སྣག་པར་ཤིང་རྣམས་ཁོ་རང་གིས་བསྒྲིག་དགོས།  པར་བརྐོས་དགེ་རྒན་གྱིས་དགེ་ཕྲུག་གཅིག་ཨང་གི་དང་པོར་ཚུད་པ་བྱས་ན་བྱ་དགའ་སྦྱིན་ནོ།  །དེ་བཞིན་དུ་བྲིས་པ་ཞུ་དག་པ་པར་བརྐོས་པ་སོགས་སུ་ཡིན་ཡང་རུང་ཉེ་རིང་དང་གཡོ་སྒྱུའི་དབང་གིས་མི་དྲང་བའི་བཀོད་པ་བྱས་ན་ཆད་པ་ཡོད། རང་རང་གི་ཁུར་དུ་བབས་པའི་ལས་ཀ་གང་ཡིན་ཡང ཁྲལ་ཆོས་སུ་མི་གོ་བར་བརྩོན་འགྲུས་དྲག་པོའི་སྒོ་ནས་གང་ལེགས་དང་མཐར་ཕྱིན་པ་ཞིག་བྱུང་ན་སློབ་གཉེར་བྱས་པ་དང་ཁྱད་པར་མེད་པར་བརྩིའོ”། ཞེས་འཁོད་པ་ལྟར་ཡིན་པ་བཅས་རྩོམ་རིགས་ཀྱི་རྣམ་བཞག་ལས་པར་སྐྲུན་གྱི་སྐོར་བཤད་པ་དེ་ཙམ་གྱིས་འཐུས་པར་བྱས་སོ། །
          མཆན།
          ①རྩོམ་རིགས་(文献)ཞེས་པ་བོད་ལ་སྔར་མ་གྲགས། 文献ཞེས་པ་《རྒྱ་བོད་ཤན་སྦྱར་གྱི་ཚིག་མཛོད་》དུ་“ཚད་ལྡན་ཡིག་ཆ་”ཞེས་བསྒྱུར་མོད་མི་འཐད། དེ་ལ་ཚད་ལྡན་ཡིན་མིན་ཅི་རིགས་ཡོད་པའི་ཕྱིར། ཁ་ཅིག་“ཡིག་ཚངས་”ཞེས་བསྒྱུར་བར་བཞེད་མོད། དེ་ཡང་མི་འཐད་དེ། “ཡིག་ཚངས་”ཞེས་བ་སྔར་ཆོས་རྒྱལ་སྲོང་བཙན་གྱི་སྐུ་རིང་ལ་བློན་པོ་རྣམས་ལ་བྱ་དགའ་གནང་བའི་ཡིག་ལམ་ཞིག་ཡིན་པའི་ཕྱིར། དེ་བས་ན་“རྩོམ་རིགས་”ཞེས་རྩོམ་གྱི་རིགས་སུ་གྱུར་ཏོ་ཅོག་ལ་“རྩོམ་རིགས་”ཞེས་ཐ་སྙད་གསར་པ་ཞིག་བཏགས་ན་སྙམ་པས་《ནུབ་བྱང་མི་རིགས་སློབ་ཆེན་གྱི་རིག་གཞུང་དུས་དེབ་88 ལོའི་དུས་དེབ་དང་པོར་》ཡང་ཁོ་བོའི་རྩོམ་ཞིག་ཏུ་དེ་ལྟར་དུ་ཞུས་ཡོད།
          ②དུང་དཀར་རིན་པོ་ཆེའི་རྩོམ་ལས་བྱུང་བ་ལྟར་མཆན་བཏབ་པའོ། །
          ③མཚོ་སྔོན་མི་རིགས་སློབ་ཆེན་གྱི་རྩོམ་དེབ་86་ལོའི་དེབ་དང་པོའི་ཤོག་ངོས་6

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1