ཞི་ཅིན་ཕིང་ནང་སོག་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 03-06



ཟླ་གསུམ་པའི་ཚེས་ལྔ་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཧྲུའུ་ཅི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་ནང་སོག་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

        ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཧྲུའུ་ཅི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཟླ་གསུམ་པའི་ཚེས་ལྔ་ཉིན་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་ནང་སོག་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་ནན་གྱིས་བསྟན་དོན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པའི་འཐབ་ཇུས་གཏན་ཤུགས་རྒྱུན་འཁྱོངས་བྱེད་པ་དང་། སྐྱེ་ཁམས་གཙོར་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་ཁྲིད་ཕྱོགས་སུ་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་གསར་བ་འཚོལ་ཞིབ་བྱེད་པ། སྐྱེ་ཁམས་མ་ལག་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ། བཙོག་བཟོ་འགོག་བཅོས་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབ་ནས། མེས་རྒྱལ་བྱང་ཕྱོགས་ས་ཆའི་མཛེས་ལྗོངས་ལ་སྲུང་སྐྱོབ་བྱེད་དགོས་ཟེར།
        ཀྲང་ཅི་ཞིན་དང་ཡུས་ལིས་ཞིན། ལིས་ཡུས་ལེང་། སུའོ་ཧྲུའུ་ཧུའེ། ཝུའུ་ཡུན་པོ། ཀྲའོ་ཅང་ཐོ། ལིག་ཡཱ་ཧྲིན། གུང་མེན་ཀྲུའུ་བཅས་འཐུས་མི་བརྒྱད་ཀྱིས་སོ་སོར་གཞི་རིམ་ལས་བྱེད་པའི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་པ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ། དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པ། ཐོན་ཁུངས་བེད་སྤྱོད་ལས་ཆོད་མཐོར་འདེགས་གཏོང་བ། དེང་རབས་ནུས་ཁུངས་དཔལ་འབྱོར་འཛུགས་སྐྲུན་བྱེད་པ་སོགས་གནད་དོན་ཐད་ནས་གཏམ་བཤད། ཞི་ཅིན་ཕིང་གིས་ཚང་མ་དང་བརྗེ་རེས་བྱས་པ་མ་ཟད་གསུང་བཤད་གནང་།
        ཞི་ཅིན་ཕིང་གིས་བསྟན་དོན། སྲིད་གཞུང་བྱ་བའི་སྙན་ཞུ་ཡིས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་། ཏང་ཀྲུང་དབྱང་གི་ད་ལོའི་བྱ་བའི་སྐོར་གྱི་སྤྱི་ཁོག་གི་བཀོད་སྒྲིག་དང་བླང་བྱ་མཚོན་པར་བྱས་ཡོད་པས། ཧ་ཅང་འཐད་པ་ཡིན་ཟེར།
        ཞི་ཅིན་ཕིང་གིས་ནང་སོག་གི་ལོ་གཅིག་རིང་གི་བྱ་བར་ཁས་ལེན་གང་ལེགས་བྱས་པ་དང་། ནང་སོག་གི་བློ་མཐུན་ཚོས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་ནན་མོ་བྱེད་པ། གཏན་འཇགས་ཁྲོད་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་རྨང་གཞི་རྒྱུན་འཁྱོངས་བྱེད་པ། སྤུས་ཚད་མཐོན་པའི་འཕེལ་རྒྱས་ཀྱི་བླང་བྱ་ལྟར། གཏན་འཇགས་དང་འཕེལ་རྒྱས་ཀྱི་རྩོད་སྒྲུབ་འབྲེལ་བར་ཐག་གཅོད་ཡང་དག་བྱེད་པ་དང་། གཏན་འཇགས་འཕར་སྣོན་དང་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ། གྲུབ་ཚུལ་ལེགས་སྒྲིག་དང་དམངས་ཚིས་ལ་ཕན་འདོགས་པ། ཉེན་ཁ་བཀག་འགོག་བྱེད་པ། གཏན་འཇགས་ལ་འགན་སྲུང་བྱེད་པའི་བྱ་བ་གཅིག་གྱུར་སྒོས་སྤེལ་བ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ། དཔལ་འབྱོར་རྒྱུན་མཐུད་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བ་དང་སྤྱི་ཚོགས་སྤྱི་ཡོངས་ཀྱི་གཏན་འཇགས་རྒྱུན་འཁྱོངས་བྱེད་པ། རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་ཇེ་དྲག་ཏུ་བཏང་སྟེ། གྲུབ་འབྲས་བཟང་བོས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་རྒྱུའི་རེ་བ་བཏོན།
        ཞི་ཅིན་ཕིང་གིས་བསྟན་དོན། ནང་སོག་གི་སྐྱེ་ཁམས་གནས་བབ་དེ་རང་སྐྱོང་ལྗོངས་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་འཚོ་སྡོད་དང་འཕེལ་རྒྱས་ལ་འབྲེལ་བ་ཡོད་པ་མ་ཟད། ཀྲུང་ཧྭའི་བྱང་རྒྱུད་དང་ཤར་བྱང་། ནུབ་བྱང་ཐ་ན་རྒྱལ་ཡོངས་ཀྱི་སྐྱེ་ཁམས་བདེ་འཇགས་དང་ཡང་འབྲེལ་བ་ཡོད་པས། ནང་སོག་རང་རྒྱལ་བྱང་ཕྱོགས་ཀྱི་སྐྱེ་ཁམས་བདེ་འཇགས་ལྕགས་རི་གལ་ཆེན་དུ་འཛུགས་སྐྲུན་བྱེད་རྒྱུ་ནི། རང་རྒྱལ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་རྐང་བཙུགས་ནས་གཏན་ཁེལ་བྱས་པའི་འཐབ་ཇུས་གནས་ཐིག་ཡིན་ལ། ནང་སོག་གིས་ངེས་པར་དུ་རང་རྟོགས་སྒོས་ཕྲག་ཏུ་ལེན་དགོས་པའི་འགན་འཁྲི་ཆེན་པོ་ཡང་ཡིན། རང་རྒྱལ་བྱང་ཕྱོགས་ཀྱི་སྐྱེ་ཁམས་བདེ་འཇགས་ལྕགས་རི་འཛུགས་པ་དང་། མེས་རྒྱལ་བྱང་རྒྱུད་ས་ཁུལ་དེ་སྔར་ལས་མཛེས་སྡུག་ལྡན་པར་འཛུགས་སྐྲུན་བྱེད་ན། ངེས་པར་དུ་ཆོད་སེམས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་འབད་འཐབ་ལྷོད་མེད་བྱེད་དགོས་ཟེར།
        ཞི་ཅིན་ཕིང་གིས་བསྟན་དོན། སྐྱེ་ཁམས་གཙོར་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་ཁྲིད་ཕྱོགས་སུ་བྱས་པའི་སྤུས་ཚད་མཐོན་པའི་འཕེལ་རྒྱས་ཀྱི་ལམ་བུ་གསར་བ་འཚོལ་ཞིབ་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འཛུགས་སྐྲུན་བར་གྱི་འབྲེལ་བ་གཅིག་གྱུར་བྱེད་པ། ཧུར་ཐག་གིས་འཐབ་ཇུས་ཀྱི་གནས་ཐིག་གཏན་ཁེལ་དང་འཚམ་པ་དང་ནང་སོག་གི་ཁྱད་ཆོས་མངོན་ཐུབ་པ། སྐྱེ་ཁམས་གཙོར་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་ཁྲིད་ཕྱོགས་སུ་བྱས་པའི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་ལམ་བུ་གསར་བ་འཚོལ་ཞིབ་བྱེད་དགོས། ཚད་མཐའི་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཁོངས་བར་སྟོང་འཆར་འགོད་གཞི་འཛིན་སར་བྱེད་པ། གྲོང་གསེབ་དང་ཞིང་ལས། སྐྱེ་ཁམས་བར་སྟོང་དང་སྐྱེ་ཁམས་སྲུང་སྐྱོབ་དམར་མཚམས། ཡུན་རིང་གི་གཞི་རྩའི་ཞིང་སའི་སྲུང་སྐྱོབ་དམར་མཚམས། གྲོང་གསེབ་ཀྱིས་ས་མཚམས་གསར་སྤེལ་བྱེད་པ་བཅས་དཔལ་འབྱོར་གྲུབ་ཚུལ་ལེགས་སྒྲིག་བྱེད་པ་དང་ཐོན་ལས་འཕེལ་རྒྱས་ལ་འཆར་འགོད་བྱེད་པ། གྲོང་གསེབ་ཅན་འཛུགས་སྐྲུན་བྱེད་པའི་ཐད་ཀྱི་བརྒལ་ཐབས་མེད་པའི་མཚལ་ཐིག་ཏུ་བྱས་ཏེ། རང་ས་གནས་ཀྱི་ཐོན་ཁུངས་དགེ་མཚན་དང་ཁྱད་ཆོས་ལ་རྐང་འཛུགས་པ་དང་རང་ས་གནས་ཀྱི་དགེ་མཚན་དང་ཁྱད་ཆོས་མངོན་པར་བྱེད་དགོས་ཟེར།
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྐྱེ་ཁམས་མ་ལག་སྲུང་སྐྱོབ་བྱེད་ཤུགས་ཇེ་ཆེར་གཏོང་དགོས། ནང་སོག་ཏུ་ནགས་ཚལ་དང་རྩྭ་ཐང་། བརླན་ས། ཆུ་བོ། མཚེའུ། བྱེ་ཐང་སོགས་རང་བྱུང་གི་རྣམ་པ་སྣ་མང་ཡོད་པ་དང་། དེ་ནི་དུས་ཡུན་རིང་བོ་བརྒྱུད་དེ་གྲུབ་པའི་ཕྱོགས་བསྡུས་རང་བཞིན་གྱི་སྐྱེ་ཁམས་མ་ལག་ཡིན་ལ། སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་ཐད་ནས་ངེས་པར་དུ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་དགོས། རྩྭ་ཐང་དང་ནགས་ཚལ་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་ནང་སོག་གི་སྐྱེ་ཁམས་མ་ལག་སྲུང་སྐྱོབ་ཀྱི་ལས་འགན་གཙོ་བོ་ཡིན་པས། ངེས་པར་དུ་སྐྱེ་ཁམས་མ་ལག་ནང་ཁོག་གི་རྒྱུ་རྐྱེན་དང་ཆོས་ཉིད་གཞིན་འཛིན་པ་དང་། རང་བྱུང་སླར་གསོ་གཙོར་བྱས་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། ས་བབ་དང་བསྟུན་པ་དང་རིགས་བགར་ནས་བྱེད་ཐབས་སྤྱད་དེ། ཁ་གཏད་རང་བཞིན་དང་མ་ལག་རང་བཞིན། ཡུན་ཕན་རང་བཞིན་ཇེ་དྲག་ཏུ་གཏོང་དགོས་ཟེར།
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པའི་ལོ་ཡིན་པ་དང་། དཔལ་འབྱོར་རྒྱུན་མཐུད་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བ་དང་སྤྱི་ཚོགས་སྤྱི་ཡོངས་ཀྱི་གཏན་འཇགས་རྒྱུན་འཁྱོངས་བྱེད་པའི་ལས་འགན་ཧ་ཅང་ལྕི། ནང་སོག་གིས་བྱ་བ་སྣ་ཚོགས་བརྟན་བརླིང་ངང་བསྒྲུབ་ནས། དཔལ་འབྱོར་བརྟན་བརླིང་ངང་འཁོར་རྒྱུག་བྱེད་པར་ཁག་ཐེག་བྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབ་པ། དམངས་ཚིས་འགན་སྲུང་ཆུ་ཚད་མཐོར་འདེགས་གཏོང་བ། རིགས་སོ་སོ་མཉམ་དུ་དར་རྒྱས་གོང་འཕེལ་དུ་གཏོང་བར་སྐུལ་འདེད་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་རྒྱུན་མ་ཆད་པར་ཇེ་དྲག་ཏུ་གཏོང་དགོས་གསུངས


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1