གཙོ་ངོས།>> ཞིབ་འཇུག>>སྐད་ཡིག

བཀྲ་བྷ། རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཞིབ་འཇུག སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༣ཚེས་༡༡ཉིན།

༄༅།། བོད་ཡིག་གསལ་བྱེད་སུམ་ཅུ་འདྲ་གཟུགས་ཡི་གེ་ཡིན་ཚུལ་སྐོར་གྱི་ཐོག་མའི་བགྲོ་གླེང་།

 བཀྲ་བྷ།
སྔོན་འགྲོ།
          འགྲོ་བ་མིའི་རིགས་འཚོ་སྡོད་བྱེད་པའི་གོ་ལ་ཟླུམ་པོའི་སྟེང་དུ་སྐད་རིགས་དང་ཡིག་རིགས་བགྲང་ལས་འདས་པ་ཞིག་མཆིས་མོད།  ཡིག་རིགས་ཐམས་ཅད་འདྲ་གཟུགས་ཀྱི་ཡི་གེ་དང་སྒྲ་སྦྱོར་གྱི་ཡི་གེ་གཉིས་སུ་དབྱེ་ཆོག་པ་ལས། རི་ཁ་བ་ཅན་གྱི་ཡི་གེ་ནི་སྒྲ་སྦྱོར་གྱི་ཡི་གེའི་ཁོངས་སུ་གཏོགས་པ་དང་། དེ་ནི་བོད་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་ཐོན་མི་སམྦྷོཊས་གསར་བཟོ་བྱས་ཞེས་ལོ་རྒྱུས་དེབ་ཐེར་ཀུན་ཏུ་གསུངས། ལོ་རབས་བརྒྱད་ཅུའི་དུས་དཀྱིལ་ཞིག་ཏུ། ཁྱུང་པོ་བན་དེ་ཚེ་རིང་གིས་《མཚོ་སྔོན་སློབ་གསོ་》སྟེང་ལ་ཆེད་རྩོམ་སྤེལ་ཏེ། སྲོང་བཙན་སྒམ་པོའི་ཡར་སྔོན་ལ་ཡི་གེ་ཡོད་པ་དང་། དེ་ནི་ཞང་ཞུང་གི་སྨར་ཆེན་དང་སྨར་ཆུང་ཡིན་པའི་ལྟ་བ་བཏོན་པ་ན། བོད་ཀྱི་རིག་གནས་པ་མང་པོས་དེ་ནི་ལོག་ལྟ་ཞིག་ཏུ་བརྩིས་ཏེ། དགག་རྩོམ་དང་དགག་གཏམ་ཟམ་མི་ཆད་པར་སྤེལ་བ་རེད། འོན་ཀྱང་།  གསེར་ས་ལ་སྦས་རུང་འོད་གནམ་ལ་འཕྲོ་ཞེས་པ་ལྟར། བདེན་དོན་ནི་ནམ་ཡང་བདེན་དོན་ཡིན་པས། རྗེས་སུ་མཁྱེན་རྒྱ་ཡངས་པའི་མཁས་དབང་དུ་མས་ཞིབ་འཇུག་གི་གྲུབ་འབྲས་ལ་བརྟེན་ནས། བོད་ཀྱི་ཡི་གེའི་བྱུང་འཕེལ་གྱི་ལོ་རྒྱུས་ལྟ་བ་ལ་འགྱུར་ལྡོག་ཅུང་ཟད་བྱུང་སྟེ། སྲོང་བཙན་ཡར་སྔོན་དུ་ཚད་ལྡན་མིན་པའི་ཡི་གེ་བྱུང་ཡོད་ཚུལ་རིག་གནས་པ་མང་ཆེ་བས་ཁས་ལེན་བྱེད་ཀྱི་ཡོད། གལ་ཏེ་དུས་རབས་བདུན་པའི་ཡར་སྔོན་དུ་བོད་ལ་ཡི་གེ་དར་ཡོད་ན། ཡི་གེ་དེ་དུས་ག་ནས་བྱུང་ཚུལ་དང་དེ་ཇི་ལྟར་བྱུང་བའི་གནད་དོན་དེའང་ངེས་པར་དུ་ཞིབ་འཇུག་དང་མཐོང་ཆེན་བྱེད་དགོས་པའི་གནད་དོན་ཞིག་ཏུ་འདོད།
གཅིག  ཡ་ཐོག་གི་ཡི་གེ་བྱུང་ཚུལ།
          ཡི་གེ་ནི་འགྲོ་བ་མིའི་རིགས་ཀླ་ཀློ་ནས་རིག་དར་གྱི་དུས་རིམ་དུ་འཕེལ་འགྱུར་བྱུང་བའི་ཐོན་དངོས་ཤིག་ཡིན་པས། གལ་སྲིད་ཡི་གེ་བྱུང་འཕེལ་ལ་ཞིབ་འཇུག་བྱེད་ན། ངེས་པར་དུ་མིའི་རིགས་ཀྱི་བྱུང་འཕེལ་ལ་བསམ་གཞིགས་དཔྱིས་ཕྱིན་པ་བྱེད་དགོས་པ་མ་ཟད། གནའ་རྫས་རྟོག་དཔྱོད་སོགས་ཀྱི་གྲུབ་འབྲས་ལ་བརྟེན་ནས། སྤྲ་སྤྲེལ་མི་རུ་མ་འགྱུར་བའི་ཡར་སྔོན་དང་། མིའི་རིགས་བྱུང་རྗེས་ཀྱི་ཡ་ཐོག་སྤྱི་ཚོགས། བྲན་གཡོག་སྤྱི་ཚོགས་སོགས་བྱུང་བའི་དུས་རིམ་རིང་མོའི་སྐབས་ཀྱི་འགྲོ་བ་མིའི་རིགས་ཀྱི་འཚོ་སྡོད་བྱེད་ཚུལ་དང་། ཐོན་སྐྱེད་ངལ་རྩོལ་བྱེད་སྟངས་སྐོར་ལ་ངེས་ཤེས་བྱུང་ཚེ། ཞིབ་འཇུག་གི་གྲུབ་འབྲས་ལེགས་ཤོས་ཤིག་ཐོབ་ངེས་སྙམ།
          ཀ། ཡ་ཐོག་གི་འགྲོ་བ་མི་བྱུང་བའི་ལོ་ཚིགས། སྔོན་གྱི་ལོ་རྒྱུས་དེབ་ཐེར་མང་པོར་རི་ཁ་བ་ཅན་གྱི་མི་རིགས་འདི་ཕ་སྤྲེའུ་དང་མ་བྲག་སྲིན་ལས་མཆེད་པར་གསུངས་པ་དེ་རྩོད་སྒྲུབ་དངོས་གཙོ་སྨྲ་བའི་འགྲོ་བ་མིའི་རིགས་བྱུང་ཚུལ་གྱི་ལྟ་བ་དང་མཐུན་ཞིང་། ཨིན་ཀི་སིས་སྤྲ་རིགས་མི་ལ་འགྱུར་བའི་བརྒྱུད་རིམ་རིང་མོ་དེ་གདོད་མའི་སྡོང་འགོར་འགོ་བའི་སྤྲ་རིགས་དང་། མི་མ་སྤྲ། ངེས་དོན་གྱི་མི་བཅས་ཁག་གསུམ་དུ་བགོས་ཡོད་ལ། གོ་ལ་ཟླུམ་པོའི་ས་གནས་སོ་སོ་ནས་རྙེད་པའི་འགྱུར་རྡོ་སྣ་ཚོགས་ཀྱི་དུས་རིམ་ཉིད་ཨིན་ཀི་སིས་གསུངས་པའི་དུས་རིམ་དེ་གསུམ་གྱི་ནང་མ་འདུས་པ་གང་ཡང་མེད་1891ལོར་ཨེ་ཅི་རྒྱལ་ཁབ་ནས་རྙེད་པའི་གདོད་མའི་སྤྲ་རིགས་ཀྱི་འགྱུར་རྡོ་དེར་ལོ་ངོ་བྱེ་བ་གསུམ་གྱི་ལོ་ཚད་ཡོད་པ་ཕལ་ཆེར་ཨིན་ཀི་སིས་གསུངས་པའི་སྡོང་འགོར་འགོ་བའི་གདོད་མའི་སྤྲ་རིགས་ཀྱི་འགྱུར་རྡོ་ཡིན་པ་འདྲ། མི་ལ་འགྱུར་བཞིན་པའི་མི་མ་སྤྲ་ནི་ལོ་ངོ་བྱེ་བ་གཅིག་དང་ས་ཡ་བཞི་(ཡང་ན་ལོ་ངོ་བྱེ་བ་གཅིག་དང་ས་ཡ་གསུམ་འབུམ་ལྔ་ནས་ལོ་ངོ་བྱེ་བ་གཅིག་དང་ས་ཡ་གསུམ་བར་) ཡར་སྔོན་ལ་བྱུང་བ་དང་། དེ་ལ་འགྲོ་བ་མིའི་རིགས་བྱུང་འཕེལ་ལ་ཞིབ་འཇུག་བྱེད་མཁན་གྱི་མཁས་དབང་རྣམས་ཀྱིས་ལཱ་མ་དང་ལྷོ་ཕྱོགས་གདོད་མའི་སྤྲ་རིགས་ཟེར། འགྲོ་བ་མིའི་རིགས་སྲོག་ཆགས་ཕལ་པ་ལས་གྱེས་ཏེ་མཐོ་རིམ་སྲོག་ཆགས་སུ་གྱུར་པའི་མཚོན་རྟགས་གཙོ་བོ་ནི་ལག་ཆ་བཟོ་ཤེས་པ་དང་བཀོལ་སྤྱོད་བྱེད་ཤེས་པ་དེ་ཡིན་པར་བཤད་ལ། ལོ་རྒྱུས་ཆེས་སྔ་བའི་བྱེ་རྡོའི་རྡོ་ཆས་ནི་1968ལོར་ཧྥེ་གླིང་ཤར་མའི་ཁིན་ཉི་ཡ་རྒྱལ་ཁབ་ནས་རྙེད་པ་དང་། རྡོ་ཆས་དེའི་ས་རིམ་ལོ་ཚད་(地层年代)ནི་ཕལ་ཆེར་ལོ་ངོ་ས་ཡ་གཉིས་དང་དྲུག་འབུམ་ཆིག་ཁྲིའི་སྔ་རོལ་རེད། རྗེས་སུ་བསྟུད་མར་ལོ་ངོ་ས་ཡ་གསུམ་དང་བདུན་འབུམ་བདུན་ཁྲིའི་ཡར་སྔོན་ནས་ལོ་ངོ་ས་ཡ་གཉིས་དང་འབུམ་དགུ་ཡར་སྔོན་བར་གྱི་མི་ཡི་རུས་པ་དང་སོ་ཡི་འགྱུར་རྡོ་རྙེད། དེར་བརྟེན། ཡ་ཐོག་གི་འགྲོ་བ་མིའི་རིགས་ལ་ཞིབ་འཇུག་གནང་མཁན་ཚོས་ལོ་ངོ་ས་ཡ་གསུམ་གྱི་ཡར་སྔོན་དུ་ངེས་དོན་གྱི་མི་བྱུང་བར་འདོད།
          ཁ། གདོད་མའི་འདྲ་གཟུགས་ཀྱི་ཡི་གེ་བྱུང་ཚུལ། བོད་ཀྱི་ཡི་གེ་བྱུང་འཕེལ་གྱི་ལོ་རྒྱུས་ཕྲ་ཞིང་ཞིབ་པ་ཞིག་བརྗོད་མི་ནུས་མོད། བོད་ཀྱི་ཡི་གེའང་མི་རིགས་གཞན་གྱི་འཕེལ་ཚུལ་དང་འདྲ་བར་ཡི་གེ་མེད་པ་ནས་ཡོད་པ། ཚད་ལྡན་མིན་པ་ནས་ཚད་ལྡན་ཅན་དང་། གཅིག་གྱུར་མིན་པ་ནས་གཅིག་གྱུར་ངེས་སྲོལ་ཅན་བཅས་མ་ལག་འཛོམས་པར་འཕེལ་བའི་གོ་རིམ་རིང་མོ་དེ་བརྒྱུད་མཐར། དེང་སྐབས་ཀྱི་རང་རྐྱ་ཕེར་བའི་ཡི་གེ་འདི་བྱུང་བ་རེད། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་“སྔོན་གྱི་མི་རྣམས་ཐོག་མར་རི་མོ་བྲི་བའི་ལས་བྱས་ཏེ་རིམ་གྱིས་ཡི་གེ་བྱུང་བར་མངོན། དེ་ཡང་ཡི་གེའི་གཟུགས་འདི་ལ་རང་བཞིན་གྱིས་བྱུང་བ་ཞིག་དང་། མཁས་པ་རྣམས་ཀྱིས་ཆེད་དུ་བྱས་པ་གཉིས་ལས། སྔོན་མ་ནི་དབྱངས་གསལ་སོགས་ཕྱི་མོ་ཉུང་ངུ་ཞིག་གི་ནང་དུ་བསྡུས་པ་མེད་ཅིང་། བརྗོད་བྱ་ཀ་བུམ་སོགས་ཀྱི་དངོས་པོ་དང་རྗོད་བྱེད་ཀྱི་སྒྲ་རེ་རེ་བཞིན་ཡིག་འབྲུ་རེ་བཅོས་པ་ཡིན།”ཞེས་གསུངས་པ་ལྟར། ལོ་ངོ་ས་ཡ་གསུམ་གྱི་ཡར་སྔོན་དུ། འགྲོ་བ་མིའི་རིགས་སྤྲ་སྤྲེལ་ལས་རིགས་གྱེས་རྗེས། འཚོ་སྡོད་དང་སྟབས་བདེ་རྗེས་ལུས་ཀྱི་ཐོན་སྐྱེད་ངལ་རྩོལ་གྱི་བྱ་རིམ་ཁྲོད་དུ། ཕན་ཚུན་བར་གོ་བརྡ་སྤྲོད་བྱེད་ཀྱི་སྐད་ཆ་སྟབས་བདེ་ཞིག་ངང་གིས་བྱུང་བ་དང་། སྐད་ཆ་ཁོ་ན་ལ་བརྟེན་ནས་གོ་བརྡ་མ་འཕྲོད་པ་རྣམས་ལག་བརྡ་དང་མཚོན་བྱེད་ཀྱི་རི་མོ་བྲིས་ནས་ཕ་རོལ་བས་གོ་ཐབས་བྱེད་པ་དང་། དོན་དག་གལ་ཆེ་བ་རྣམས་མི་བརྗེད་པར་བྱེད་ཆེད་སྐབས་དོན་མཚོན་བྱེད་ཀྱི་རི་མོ་བྲིས་པ་དང་ཐ་གུ་ལ་མདུད་པ་བརྒྱབ་ནས་མཚོན་ཐབས་བྱས། རྗེས་སུ་མིའི་རིགས་ཀྱི་ཤེས་རིག་གི་ཡར་འཕེལ་དང་བསྟུན་ནས། སྐད་ཆ་རིམ་བཞིན་ཕུན་སུམ་ཇེ་ཚོགས་སུ་སོང་བ་དང་། ཐོན་སྐྱེད་ངལ་རྩོལ་ཡང་ཉིན་བཞིན་རྙོག་འཛིང་ཅན་དུ་སོང་བ་ན། སྔར་ཡོད་ཀྱི་བརྡ་རྟགས་སྣ་ཚོགས་ཀྱིས་སྐབས་དུས་ཀྱི་དགོས་མཁོ་སྐོང་མ་ཐུབ་པར་བརྟེན། རི་མོ་དང་མདུད་པ་རྒྱག་སྟངས་། ཀྱང་རིམ་བཞིན་ཇེ་མང་དང་རྙོག་དྲ་ཅན་དུ་གྱུར། སྐབས་རེར་བརྗོད་དོན་རྙོག་འཛིང་ཅན་ཞིག་མཚོན་ཆེད། རི་མོ་མང་པོ་དང་མཚོན་བྱེད་ཀྱི་བརྡ་རྟགས་མང་པོ་ལྷན་དུ་འབྲི་དགོས་དུས་ཡོད་ལ། རི་མོའི་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམས་ཀྱིས་རི་མོ་དེ་རིགས་མིའི་རིགས་ཀྱི་ཐོག་མའི་རི་མོ་ཡིན་པར་བཤད་པ་དང་། ཡི་གེ་བྱུང་འཕེལ་གྱི་ལོ་རྒྱུས་ལྟར་ན། སྐད་ཆ་དང་འཆར་སྒོ་མཚོན་བྱེད་ཀྱི་རི་མོ་དེ་རིགས་གདོད་མའི་ཡི་གེ་ཡིན་ཞེས་བརྗོད་ཆོག མིའི་རིགས་ཀྱི་སྤྱི་ཚོགས་མུ་མཐུད་གོང་འཕེལ་དུ་སོང་བ་དང་། རིགས་རུས་ཀྱིས་གྲུབ་པའི་ཚོ་ཁག་ཇེ་ཆེ་ཇེ་རྒྱས་ལ་སོང་བ་ན། ནང་ཁུལ་གྱི་བགོ་བཤའ་དང་ཕྱི་ཕྱོགས་ཀྱི་འཐབ་འཁྲུག་སོགས་ནི་མི་རྣམས་ཀྱི་འཚོ་སྡོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་པས། རིགས་རུས་གཅིག་མཐུན་གྱི་ཚོ་ཁག་སོ་སོའི་མགོ་བདག་ཚོས་ཐོན་སྐྱེད་ངལ་རྩོལ་གྱི་གྲུབ་འབྲས་བགོ་བ་དང་། ཚོ་ཁག་ཕན་ཚུན་དབར་དམག་འདྲེན་སྐབས། སྒྲིག་ལམ་དང་། ཐབས་ཇུས་རགས་བསྡུས་ཤིག་གཏན་འཁེལ་བྱེད་དགོས་བྱུང་། རྗེས་སུ་སྒྲིག་ལམ་དང་ཐབས་ཇུས་དེ་རིགས་ཐོ་ལ་འགོད་ཆེད། སྔར་ཡོད་ཀྱི་བརྡ་རྟགས་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་ཀློག་སྟངས་གཏན་འཁེལ་བྱས་པ་ན། འདྲ་གཟུགས་ཡི་གེ་བྱུང་བ་དང་། ཚོ་ཁག་ལ་ལས་སྔར་ཡོད་ཀྱི་བརྡ་རྟགས་ལ་གཅིག་གྱུར་གྱི་ཀློག་སྟངས་གཏན་འཁེལ་བྱས་རྗེས། སྐབས་བབ་ཀྱི་བརྗོད་དོན་སྣ་ཚོགས་ཐོ་ལ་འགོད་པའི་ལག་ཆ་བྱས། དངོས་པོ་ལ་ལའི་མིང་གི་སྒྲའི་ང་རོ་དེ་སྔར་ཡོད་ཀྱི་བརྡ་རྐྱང་རྐྱང་དེ་དག་གིས་འདོན་མ་ཐུབ་ན། བརྡ་རྟགས་གསར་པ་་གསར་བཟོ་མི་བྱེད་པར་སྔར་ཡོད་ཀྱི་བརྡ་རྟགས་ཉིས་སྦྲེལ་སུམ་སྦྲེལ་བྱས་ཏེ་དངོས་པོའི་མིང་གི་སྒྲའི་ང་རོ་འདོན་ཐུབ་པ་བྱས། ཡི་གེ་དེ་རིགས་ནི་སྒྲ་སྦྱོར་གྱི་ཡི་གེ་ཡིན།
གཉིས། བོད་ཀྱི་གསལ་བྱེད་སུམ་ཅུའི་ནང་གི་འདྲ་གཟུགས་ཡི་གེ།
          ཡིག་རིགས་བྱུང་འཕེལ་གྱི་ལོ་རྒྱུས་རིང་མོའི་ཁྲོད་དུ། བོད་ཀྱི་ཡིག་གཟུགས་ལ་འགྱུར་ལྡོག་ཆེན་པོ་བྱུང་རུང་།  གསལ་བྱེད་སུམ་ཅུ་ལས་ཡི་གེ་མི་ཉུང་བ་ཞིག་ད་ལྟའི་འབྲི་སྟངས་ཀྱི་ཡིག་གཟུགས་ལ་གཞིགས་ན་ཐོག་མར་དངོས་པོ་གང་ལ་དཔེ་བྱས་ཏེ་བཟོས་པ་རྟོགས་ཐུབ།  དཔེར་ན། བོད་ཀྱི་གསལ་བྱེད་སུམ་ཅུའི་ནང་གི་ཀ༵་ཡིག་ལ་ཆ་མཚོན་ན། གདོད་མའི་དུས་སུ་ཁང་ཁྱིམ་གྱི་ཀ༵་བ་མཚོན་པའི་བརྡ་རྟགས་ཡིན་ལ། ཀ༵་ཡིག་གི་མགོ་ནི་གདུང་མ་ཡིན་པ་དང་། མཆེ་བ་དང་དབུས་ལག་ནི་གདུང་མ་འདེགས་བྱེད་ཀྱི་ཀ་བ་ཡིན། གལ་ཏེ་ལྟ་བ་འདི་ལ་ཡིད་ཆེས་མེད་ན། ཀ༵་ཡིག་གི་མཆེ་བ་དང་དབུས་ལག་ཇེ་རིང་ལ་བཏང་སྟེ་རྐང་པ་དང་མཉམ་པར་བྱས་ན།  ཀ་བ་གསུམ་གྱིས་གདུང་མ་གཅིག་བཏེགས་པའི་གཟུགས་རིས་གྲུབ་པ་མིན་ནམ། ཁ༵་ཡིག་ནི་འགྲོ་བ་མིའི་ཁ་མཚོན་བྱེད་ཀྱི་བརྡ་རྟགས་ཡིན་ལ། ཁ༵་ཡིག་གི་མགོ་དང་དཔུང་པ། ལག་པ་བཅས་ཀྱིས་ཡ་མཆུ་མཚོན་པ་དང་། སྦོ་ཡིས་མ་མཆུ་མཚོན་པ་ཡིན་ལགས། ང༵་ཡིག་ནི་མིས་ལག་པ་བྲང་ཁར་སྦྱར་ནས་རང་ཉིད་མཚོན་པའི་བརྡ་རྟགས་ཡིན་ལ། ང༷་ཡིག་གི་མགོ་ནི་མིའི་ཕྲག་པ་དང་། དཔུང་པ་ནི་དཔུང་པ། སྦོ་ནི་ལག་ངར་དང་ཟགས་མཆུ་ནི་ལག་མགོ་ཡིན། ཇ༵་ཡིག་གཟུགས་འགྱུར་བར་བྱས་ན་ལྗོན་ཤིང་སོགས་ཀྱི་ལོ་མ་དང་མཚུངས་པས། ཇ༵་ཡིག་དེ་གདོད་མའི་དུས་སུ་ཇ་ལོ་མཚོན་བྱེད་ཀྱི་བརྡ་རྟགས་ཤིག་ཡིན་པ་རྟོགས་ཐུབ། ཆ༵་ཡིག་ནི་འགྲོ་བ་མིའི་རིགས་ཀྱི་ངོ་གདོང་མ་དཔེ་བྱས་ཏེ་གསར་བཟོ་བྱས་པ་ཡིན་པ་འདྲ། དཔེར་ན། ཆ༵་ཡིག་གི་མགོ་ནི་ཐོད་པའི་མཚོན་བྱེད་དང་། སྐེ་དང་མིག་གོར་འདྲེས་མཚམས་ནི་སྣའི་མཚོན་བྱེད། མིག་གོར་གཉིས་ཀ་མིག་གི་མཚོན་བྱེད་ཡིན་ཤས་ཆེ། དམངས་ཁྲོད་ཀྱི་བྱིས་པའི་ཁེད་ལ་"ཨ་གཉིས་ཆ་གཉིས་ཁྲ་ཆུང་མིག་གཉིས་"ཞེས་བཤད་སྲོལ་ཡོད་པར་གཞིགས་ན། གདོད་མའི་དུས་སུ་གཉིས་སམ་ཆ་ཡི་མཚོན་བྱེད་ལ་མིག་འཇོག་པའི་སྲོལ་ཡོད་པ་འདྲ། མིག་གི་མཚོན་རིས་གོར་ཐིག་དེ་གཉིས་གཞན་ལ་མི་ནོར་བར་བྱེད་ཆེད་ཐོད་པ་སྣ་སོགས་ཀྱང་བྲིས་པ་རེད། ཉ༵་ཡིག་ནི་དེང་སྐབས་མཚོ་རུ་གནས་པའི་སྲོག་ཆགས་ཉའི་གཟུགས་རིས་དང་མཚུངས་པས།  ཉ༵་ཡིག་ཉ་ལ་དཔེ་བླངས་ནས་གསར་བཟོ་བྱས་པ་མངོན་པར་གསལ། ཞ༵་ཡིག་ནི་འགྲོ་བ་མིའི་རིགས་ཀྱི་མགོ་ལ་གྱོན་པའི་ཞྭ་མོ་མཚོན་བྱེད་ཀྱི་བརྡ་རྟགས་ཡིན་ལ། ཞྭ་ཡིག་གི་མགོ་དང་ཕུབ་ལག སྐེ་བཅས་ནི་ཞྭ་མོའི་མཐའ་གོར་ཡིན་པ་དང་། ཉ་མིག་ནི་ཞྭ་མགོ རྐང་པ་ནི་ཞྭ་ལོང་མཚོན་བྱེད་ཡིན། ཟ༵་ཡིག་ནི་མིས་ཟས་ཟ་སྐབས་ཁ་གདངས་པའི་ཚུགས་ཀ་ལ་བལྟས་ནས་གསར་བཟོ་བྱས་པ་ཡིན་ཞིང་། ཟ༵་ཡིག་གི་མགོ་ནི་ཡ་མཆུ་དང་། སྦོ་ནི་མ་མཆུ། དཀྱིལ་ལག་ནི་ལྕེ་མཚོན་བྱེད་ཀྱི་བརྡ་རྟགས་རེད། ར༵་ཡིག་ནི་སྒོ་ཕྱུགས་ར་མ་མཚོན་བྱེད་ཀྱི་བརྡ་རྟགས་ཡིན་ཞིང་། ར༵་ཡིག་གི་མགོ་ནི་ར་མའི་མགོ་དང་། སྐེ་ནི་ར་སྐེ། སྦོ་དང་ཟགས་མཆུ་ནི་ར་རྒྱབ་དང་ར་སུག་བཅས་ཀྱི་མཚོན་བྱེད་རེད།
གསུམ། གསལ་བྱེད་ག་སོགས་གང་གི་འདྲ་གཟུགས་ཡིན་པ་མི་ཤེས་པའི་རྒྱུ་མཚན།
          བོད་ཀྱི་གསལ་བྱེད་སུམ་ཅུ་ལས་ཀ་ཁ་ང་དང་ཇ་ཉ་སོགས་གང་ལ་འདྲ་དཔེ་བྱས་ཏེ་བཟོས་པ་རྟོགས་ཐུབ་རུང་། གསལ་བྱེད་ག་ཅ་ད་ཏ་ན་དང་པ་ཕ་བ་མ་ལ་ས་ཧ་ཨ་སོགས་གང་གི་མཚོན་བྱེད་ཡིན་པ་ཤེས་དཀའ། ཞིབ་ཏུ་བསམས་ན་དེ་ནི་ཡིག་གཟུགས་རང་སྟེང་གི་འགྱུར་ལྡོག་དང་། བོད་མི་བྱུང་འཕེལ་གྱི་དུས་ཡུན་རིང་པོར་མི་རྣམས་ཀྱི་འཚོ་བའི་ཡོ་བྱད་གསར་བརྗེ་དང་འཚོ་བའི་ས་གནས་བབ་ལ་འགྱུར་ལྡོག་རབས་དང་རིམ་པ་བྱུང་བ་དང་འབྲེལ་བ་དམ་པོ་ཡོད་པར་སེམས།
          ཀ། ཡིག་གཟུགས་ཀྱི་འགྱུར་ལྡོག བོད་ཀྱི་གདོད་མའི་མེས་པོ་རྣམས་སྤྲ་ལས་མི་ལ་འགྱུར་བའི་རྗེས་སུ། འཚོ་སྡོད་ཀྱི་དགོས་མཁོ་ལྟར་ཀུ་ཅོ་སྣ་ཚོགས་ལ་བརྟེན་ནས་རང་ཉིད་ཀྱི་བསམ་བློའི་འཆར་སྒོ་ཕ་རོལ་པོར་ཤོད་ཀྱི་ཡོད། གལ་ཏེ་ཀུ་ཅོ་སྣ་ཚོགས་ཀྱིས་གོ་བརྡ་མ་འཕྲོད་ན། ས་ལ་རི་མོ་བྲིས་ཏེ་བརྗོད་དོན་མཚོན་ཐབས་བྱེད་པ་ཡིན། དཔེར་ན་མི་ཞིག་བཀྲེས་ལྟོགས་ཀྱིས་མནར་ཏེ་ཟས་རིགས་མཁོ་གལ་ཆེ་བའི་སྐབས་སུ། མི་ཞིག་གིས་ཁ་གདངས་ཤིང་ལྕེ་བསྲིངས་ནས་ཟས་ཟ་བའི་ཚུགས་ཀ་བྲིས་པ་ལྟ་བུ་རེད། སྐད་ཆའི་དོད་དུ་རི་མོ་འབྲི་བའི་སྲོལ་དར་ཏེ་དུས་ཡུན་རིང་པོ་ཞིག་འགོར་བ་ན། མཚོན་བྱེད་ཀྱི་རི་མོ་སྣ་ཚོགས་གཅིག་འཕྲོར་གཅིག་མཐུད་ཀྱིས་བྱུང་བ་དང་། རིམ་བཞིན་རི་མོ་ཁ་ཤས་ཚོ་ཁག་གི་སྤྱི་མཐུན་བརྡ་རྟགས་སུ་གྱུར་ཏེ། རྗེས་སུ་ཡི་གེ་གསར་བཟོ་ལ་རྨང་གཞི་བསྐྲུན། མི་མང་པོས་རི་མོ་དེ་རིགས་དུས་ཚོད་ངེས་ཅན་ཞིག་ལ་བཀོལ་ན་པུར་རིས་ལ་འགྱུར་ལྡོག་སྣ་ཚོགས་བྱུང་ཞིང་། བརྡ་རྟགས་མང་པོ་ཕྱོགས་བསྡུས་བྱས་ཏེ་ཡི་གེ་གཏན་འབེབས་བྱེད་སྐབས། རི་མོ་ཁ་ཤས་ཀྱི་ཚུགས་འགྱུར་ཏེ་སྔར་གྱི་འདྲ་དཔེ་གང་ཡིན་རྟོགས་མི་ཐུབ་པའི་གནས་ཚུལ་བྱུང་། བོད་ལ་གཅིག་གྱུར་གྱི་ཡི་གེ་བྱུང་རྗེས། ཡིག་མཁན་རྣམས་ཀྱིས་རང་གི་ཁྱད་ཆོས་ལྡན་པའི་འབྲི་སྲོལ་རེ་གསར་གཏོད་བྱས་པས། ཡིག་གཟུགས་ལ་འགྱུར་ལྡོག་སྣ་ཚོགས་བྱུང་སྟེ་རིམ་བཞིན་ཡིག་ཚུགས་ཇེ་ཡག་ཇེ་ལེགས་སུ་སོང་། བོད་ཀྱི་ཡི་གེ་བྱུང་འཕེལ་ཀྱི་ལོ་རྒྱུས་སྟེང་དུ་ཡིག་གཟུགས་ལ་སྦལ་ནག་ན་ལ་བགྲད་འདྲ་དང་། སོ་ཕག་གཤིབ་འདྲ། བྱ་ཕོ་འཇོལ་བ་འདྲ་བ། ནས་སྔོན་ཕྱིང་དཀར་གྱི་སྟེང་ལ་བཀྲམ་པ་དང་འདྲ་བ། མུ་ཏིག་སྟར་ལ་བརྒྱུས་འདྲ། སྦུར་ནག་བགྲད་པ་འདྲ་བ། ཉ་མོ་ཆུ་ནས་ཐོན་པ་འདྲ་བ། སེང་གེ་གནམ་ལ་མཆོང་བ་འདྲ་བ་སོགས་འབྲི་སྲོལ་སྣ་ཚོགས་བྱུང་བ་ནི་བོད་ལ་ཡི་གེ་བྱུང་རྗེས་ཡིག་གཟུགས་ལ་འགྱུར་ལྡོག་བྱུང་བའི་མཚོན་རྟགས་ཤིག་ཡིན་ལ། གོང་གསལ་འགྱུར་ལྡོག་དེ་དག་དབང་གིས་གསལ་བྱེད་སུམ་ཅུ་ལས་ཡི་གེ་མི་ཉུང་བ་ཞིག་ཐོག་མར་གང་གི་མཚོན་བྱེད་བརྡ་རྟགས་ཡིན་པ་མི་ཤེས་པའི་གནས་ཚུལ་བྱུང་བ་རེད།
          ཁ། འཚོ་བའི་ཡོ་བྱད་ཀྱི་གསར་བརྗེ། འགྲོ་བ་མིའི་རིགས་ཀྱི་བློ་རིག་ནི་ཐོན་སྐྱེད་ངལ་རྩོལ་ཁྲོད་ནས་བྱུང་བ་ཡིན་ལ། ཐོན་སྐྱེད་འཚོ་བའི་མྱོང་གྲུབ་ལས་བློ་རིག་རྒྱས་པ་ན། ངའ་རྩོལ་སྟབས་བདེ་ཅན་དང་ཐོན་ལེགས་ཅན་དུ་སྒྱུར་ཆེད། ཡོ་བྱད་ལ་གསར་བརྗེ་ཟམ་མི་ཆད་པར་བྱས་ཏེ། གདོད་མའི་རང་བྱུང་ཡོ་བྱད་དེ་རིམ་བཞིན་བརྗེས་ཏེ་མིག་སྔར་གྱི་འཕྲུལ་ཆས་སྣ་ཚོགས་བྱུང་བ་རེད། ཡོ་བྱད་གསར་པ་ཞིག་གིས་ཡོ་བྱད་རྙིང་པ་ཞིག་གི་ཚབ་བྱས་པ་ན། ཡོ་བྱད་རྙིང་པ་དེ་མི་རྣམས་ཀྱི་འཚོ་བའི་ཁྲོད་དུ་རིམ་བཞིན་མི་མཐོང་བར་གྱུར་པས། ཡོ་བྱད་རྙིང་པ་དེའི་མཚོན་བྱེད་བརྡ་རྟགས་དེང་སྐབས་གསལ་བྱེད་སུམ་ཅུའི་གྲས་སུ་ཡོད་རུང་། ཐོག་མའི་མ་དཔེ་གང་ཡིན་མ་ངེས་པའི་རྐྱེན་གྱིས་གསལ་བྱེད་དེ་རིགས་ཡི་གེ་གཞན་དང་མ་སྦྲེལ་ན། རང་ཉིད་གཅིག་པུས་དོན་སྟོན་མི་ཐུབ་པའི་གནས་ཚུལ་དེ་བྱུང་བ་རེད།
          མདོར་ན་བོད་ཀྱི་གསལ་བྱེད་སུམ་ཅུ་འདྲ་གཟུགས་ཡིན་པའི་ལྟ་བ་འདི་ནི་ཕྲན་གྱིས་བོད་ཀྱི་བྱུང་འཕེལ་གྱི་ལོ་རྒྱུས་ལ་ལྷག་བསམ་ཟོལ་མེད་ཀྱིས་བསམ་གཞིགས་བྱས་པའི་འབྲས་བུ་ཡིན་ལ། འགལ་འཁྲུལ་གྱི་རྙོག་མ་ཐམས་ཅད་གཟུར་གནས་མཁས་དབང་རྣམས་ཀྱི་མཁྱེན་དཔྱོད་ཀེ་ཏ་ཀ་ཡིས་དྭངས་པར་མཛོད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1