༄༅།། སྒེའུ་ཁུང་ནང་གི་མི།

ཨྱོན་བཛྲ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-12


ཨྱོན་བཛྲ། 
        ཕྱི་རོལ་དུ་ཁ་བ་འབབ་བཞིན་འདུག
        ཁོས་མགོ་སྟོད་ཐུང་གིས་བཏུམས་ནས་གོམ་འགྲོས་མྱུར་མོས་ཤུགས་ཀྱིས་འགྲོ་བཞིན་འདུག །གོམ་ཁ་བརྟན་པོ་མིན་པར་བལྟས་ན་ཡང་ཆང་འཐུང་ཡོད་པ་འདྲ། ཁོ་སྐྱེས་པ་ལས་ངན་ཞིག་རེད། བར་དེར་རྐང་སྣེ་རྡོར་ཐོགས་ཏེ་སར་འགྱེལ་བྱུང་། ཁྱི་རྒན་སྡོམ་པོ་དེ་ཚོའང་མཐར་རུབ་ནས་ཁོར་རྨུགས། ཁོ་ཡར་ལངས་ནས་གོམ་པ་ལྡ་མ་ལྡིང་གིས་གྱང་ཆག་དེའི་ཕག་ཏུ་ཡལ། ཁ་བ་སྔར་བཞིན་འབབ་བཞིན་ཡོད་པ་དང་། རླུང་བུ་སྡོམ་པོ་དེའང་ཤུ་སྒྲ་དང་བཅས་ལྡང་བྱུང་།
        “ཐག་ཐག་ཐག”
        “སུ་ཡིན”ཡུད་ཙམ་འགོར་ཁོ་མོས་རྗེས་སྒོ་ཕྱེ་བྱུང་།
        ཆུང་མས་ཁོའི་མགོ་ལུས་བར་གསུམ་ལ་ཞིབ་ལྟ་ཞིག་བྱས་རྗེས་སྡང་མིག་དང་བཅས་ཁ་ཕར་འཁོར་ནས་ནང་དུ་འཛུལ། ཁོས་ཆུང་མའི་རྣམ་འགྱུར་ལ་དོ་སྣང་མེད་པ་ལྟར་སྒོ་གཏན་ཞོར་དང་འགྱེལ་ཞོར་ངང་མལ་ཁྲིའི་ཐོག་ཏུ་ལྗིད་ཏིག་གེར་བསྡད།
        ཡུད་ཙམ་འགོར་རྗེས། ཆུང་མས་ཁོར་མི་དགའ་བའི་སྣ་དགོད་དང་བཅས་“ཁྱི་རྒན་”ཞེས་དམོད། མུན་རུབ་ནས་རྒྱང་མིག་ཆད་འདུག ཁང་པའི་ནང་གི་གློག་སྒྲོན་ཧ་ཅང་གསལ། “ཁྱོད་འགྲོ་ས་མང་པོ་འདུག །གྲོགས་པོ་མང་པོ་འདུག །ང་ཁེར་མོ་རེད། ང་འདིར་འདུག་འདོད་མི་འདུག ”ཅེས་བཤད།  གློ་བུར་དུ་ཆུང་མས་ངོ་གདོང་དམར་ནག་ཏུ་གྱུར་ནས་སྐད་འདར་མ་འདར་གྱིས་ཁོ་ལ་དྲིས་ནའང་། ཁོ་ལ་གྲགས་འགུལ་ཅི་ཡང་མེད་པར་ལུས། 
        “ཨ་རོ།  ཐེངས་མ་དུ་ཡིན། ཆང་མི་འཐུང་ཟེར་ནས་ཚེ་འདིར་བཤགས་མི་ཐུབ་པའི་མནའ་བསྐྱལ་བ་བརྗེད་སོང་བ་ཨེ་རེད།  ”
        ཁ་བའི་འདབ་མ་རེ་ཟུང་སྒེའུ་ཁུང་གི་ངོར་ག་ལེར་འབབ་བཞིན་འདུག 
        ཁོ་སྔར་བཞིན་ཁ་རོག་གེར་བསྡད།  ཡུད་ཙམ་འགོར་རྗེས། ཆུང་མར་ཅི་ཞིག་གིས་བརྒྱབ་པ་ལྟར་སྡུག་སྐད་ལྷང་ལྷང་དུ་“དོ་ནུབ་ཆང་མི་འཐུང་བ་ཁས་ལེན་མི་ཐུབ་ན། སང་ཉིན་ནས་འཐོར་“ཞེས་བཤད། ཁོ་མོའི་མིག་ཟུང་ལ་ཞེ་སྡང་དང་ཁོང་ཁྲོའི་མདངས་ཀྱིས་ཁེངས་འདུག 
        ཁོ་ངུ་དགོད་ཅིག་བྱས།
        “ཅི་རེད། ”ཁྱོད་འཐོར་བསམ་ནི་ཨེ་རེད། ཆུང་མས་སྐད་ཇེ་ཆེར་བཏང་ནས་བཤད།
        ཁོས་མགོ་ཐུར་དུ་སྨད་ནས་ཡིན་མིན་གྱི་ལན་ཅི་ཡང་མ་བཏབ། དབུགས་རྔུབ་ལེན་བྱེད་པའི་སྒྲ་དེ་ལས། ཁང་པ་དེར་གྲགས་འགུལ་ཅི་ཡང་མི་འདུག འཇམ་ཐང་ཐང་གི་ཁང་པའི་བར་སྟོང་འདིའི་ནང་ཁོ་ནི་སྨྲ་བ་མེད་པའི་འབག་སྐུ་ཞིག་དང་ཀུན་ནས་མཚུངས།
        ཁ་པའི་འདབ་མ་རེ་རེ་གནམ་མཁའི་དབྱིངས་ནས་ག་ལེར་བབས་ནས་སྒེའུ་ཁུང་གི་སྲུབས་ཀ་ལས་ཁང་པའི་ནང་དུ་འཛུལ་བྱུང་།
        ད་ནི་ང་ཐག་རིང་ཞིག་ལ་འགྲོ་རན་འདུག 
        “གང་ལ་འགྲོ་བསམ་པ་ཡིན།   ཁྱི་སྡོམ་བཞིན་ཕྱི་ལ་འཁྱམ་ནས་ཕྱིར་མ་ཡོང་།”  ཆུང་མས་དབུགས་ཐེངས་གཅིག་གིས་དེ་ལྟར་བཤད། 
        ཁོས“ཐག་རིང་ཐག་རིང་ཞིག་ལ་འགྲོ་རྒྱུ། སུན་སྣང་མེད་པའི་ཡུལ་ཞིག་ལ་འགྲོ་རྒྱུ། ” ཞེས་བཤད་བཞིན་ཤུགས་རིང་ཞིག་བཏོན་ཞོར་སྒོར་བུད། 
        ཆུང་མར་སྨྲ་བ་ཅི་ཡང་མེད་པར་རང་གནས་སུ་ཙོག་པུར་བསྡད་འདུག
        ཁོ་ཕྱིར་འཁོར་ནས་ཆུང་མར་འཛུམ་མདངས་ཤིག་བསྟན་རྗེས་“ང་ཕྱིར་འོང་མེད་པའི་གནས་དེར་འགྲོ་རྒྱུ”ཞེས་བཤད། 
        ཆུང་མ་དལ་མོར་ཡར་ལངས་ནས་སྒོ་དམ་པོར་གཏན།
        རྒྱང་རིང་དུ་འཐེན་པའི་རྐང་རྗེས་དེ་ཅུང་མ་འགོར་བར་ཁ་བས་བསུབ་ནས་མི་སྣང་བར་གྱུར།
        དེ་ནས་བཟུང་ཁོའི་གྲིབ་གཟུགས་སུས་ཀྱང་མཐོང་མ་མྱོང་ལ། ཁོ་གང་དུ་སོང་བའང་མི་ཤེས།
        ཟླ་འགའི་རྗེས་སུ་ཁོའི་ཆུང་མས་གཉེན་སྟོན་གྱི་མཛད་སྒོ་ཆེན་མོ་ཞིག་སྤེལ་ཞིང་ང་ལའང་གཉེན་སྟོན་གྱི་འབོད་བརྡ་འབྱོར་བྱུང་། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1