༄༅།། རྣམ་སྨིན།

ཉི་མ་ནོར་བུ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-12



ཉི་མ་ནོར་བུ། (བྲག་འགོ)
        མཚན་མོ་དེར། བོའུ་སྐད་འགའ་གློ་བུར་དུ་གྲགས་བྱུང་།
        བོའུ་སྐད་དེ་དག་གྲགས་མ་ཐག ཁྱིམ་མཚེས་གཡས་གཡོན་གྱི་ཁྱི་རྒན་དག་ཀྱང་གློ་བུར་དུ་ཟུག་བྱུང་ལ། ཟུག་ལུགས་ལ་བརྟགས་ན་རང་ཁྱིམ་གྱི་སྦྲ་མཐའ་ན་སྐོར་རྒྱུགས་བྱེད་བཞིན་ཡོད་པ་རྟོགས་ཐུབ།
        སྐབས་དེར། སྟོབས་ལྡན་ལ་དངངས་འཚབ་གློ་བུར་བ་ཞིག་སྐྱེས་བྱུང་བས། མྱུར་སྟབས་ཀྱིས་ཡར་ལངས་ཏེ་སྔས་མགོར་འཕྲེད་དུ་བཞག་པའི་པི་ར་གོ་རིང་ལག་ཏུ་བཟུང་ནས་སྦྲའི་མཐོང་ཆུང་བར་ནས་ལྐོག་ལྟ་ཞིག་བྱས་པ་ན། ཕྱི་རོལ་ཏུ་མུན་ནག་གི་འཐིབ་ཚད་ཟབ་པས་སྣ་བཅད་ནའང་མི་རིག་པའི་ཚད་ལ་སླེབས་འདུག ཁོས་བོའུ་ཁོག་ཏུ་མདའ་ཞིག་ཁྲོགས་སེ་དེད་དེ་རྐང་འཇབ་ལག་འཇབ་ངང་སྦྲ་མཐའ་ནས་སྒོར་འབུད་སྐབས། ཚུལ་ཁྲིམས་ཚང་གི་ཁྱིམ་ནས་སྐྱེས་མའི་ངུ་སྐད་ཅིག་འཇིགས་སྣང་དང་བཅས་གྲགས་བྱུང་བས། ཁོས“ཇག་པ་སླེབས་སོང”ཞེས་ཁེར་ལབ་རྒྱག་བཞིན་ཚུལ་ཁྲིམས་ཚང་གི་ཕྱོགས་སུ་ཆས་པ་ན། ཁྱི་རྒན་རྣམས་ཀྱང་ཁོ་དང་འགྲོགས་ནས་ཟུག་བཞིན་རྒྱུགས་བྱུང་།
        ཚུལ་ཁྲིམས་སྟོབས་ལྡན་ཚང་ལ་སླེབས་སྐབས། ཟིང་ཆ་གློ་བུར་བ་དེ་སྔར་ནས་འཇགས་ཟིན་ལ། ཚུལ་ཁྲིམས་ཀྱི་ཆུང་མས་སློག་པ་ཞིག་གཡང་ལུགས་སུ་གྱོན་ནས་སྒྲོན་མེ་ཞིག་སྒྲོན་བཞིན་འདུག
        “ཁྱོད་ཚང་ལ་དོན་དག་ཅི་ཞིག་བྱུང་སོང”སྟོབས་ལྡན་སྦྲ་སྒོ་ནས་འཛུལ་ཞོར་དུ་བྲེལ་འཚུབ་ངང་ནས་དེ་ལྟར་དྲིས་པ་ན། སྐྲ་ལོ་ཟིང་ཟིང་དུ་སོང་བའི་འཕགས་མོས་སྒྲོན་མེ་སྒྲོན་མཚམས་བཞག་ཏེ་ཁ་ཚུར་འཁོར་ཏེ་མིག་ཆུ་འབྱིན་བཞིན“ངེད་ཚང་གི་ཆང་བརྒྱག་མ་སླེབས་བྱུང་། ཁོས་ང་གསོད་རྒྱུ་རེད། སྟོབས་ལྡན་ལོ་ལོ། ཁྱོད་ཀྱིས་ངའི་སྐྱིད་སྡུག་ལ་གཅིག་ལྟོས་དང་། ད་ནི་ངེད་གཉིས་བཟའ་འཐོར་མ་བྱས་ན་ཁོས་ང་རང་གསོད་རྒྱུ་རེད། གསོད་རྒྱུ་རེད”ཟེར་བཞིན་སྟོབས་ལྡན་ལ་འཐམ་ནས་ངུས་བྱུང་བ་དང་། ཚུལ་དེ་རྟོགས་པ་ན་སྟོབས་ལྡན་གྱི་ཡིད་སེམས་ད་གཟོད་བདེ་ལ་བབས་བྱུང་།
        “ངས་ཁྱོད་ཚང་ལ་ཇག་པ་ཐོན་སོང་བསམ་བྱུང་། དེ་མིན་ན་ད་་་་་་”
        “ཇག་པ་ལས་ཀྱང་ཚབས་ཆེན་རེད། ཇག་པས་རྒྱུ་འཕྲོག་པ་ལས་མི་གསོད་མི་སྲིད། ཁོས་ང་གསོད་རྩིས་བྱས་བྱུང་།”འཕགས་མོས་ངུ་ངག་གི་ཁྲོད་ནས་དེ་ལྟར་བཤད།
        “ཁོ་གང་ལ་བུད་སོང་། ”སྟོབས་ལྡན་གྱི་སེམས་སྨྲེང་བློང་ངེར་སོང་།
        “ཁོས་ངའི་སྐེ་རྒྱན་འཕྲོག་ནས་བུད་སོང་བ་མ་ཟད་ངའི་སྟེང་དུ་བོའུ་འཕངས་བྱུང་། དཀོན་མཆོག་གསུམ་གྱི་ཐུགས་རྗེ་ཡིས་ང་ལ་ཕོག་མ་སོང་།”
        སྟོབས་ལྡན་གྱིས་མུན་ནག་འཐིབ་པའི་སྦྲའི་ནང་དུ་སྨྲ་བ་བདམས་ནས་ཡིད་ཙམ་ལ་འཇམ་ཅག་གེར་བསྡད་རྗེས། ཡང་བསྐྱར་ཅི་ཞིག་ལ་དོགས་མི་བདེ་བ་ལྟར་སྒོ་ཁྱིའི་ཟུག་ཕྱོགས་ལ་རྣ་བ་གཏད་དེ“ང་འགྲོ་རྒྱུ་ཡིན། ཁྱིམ་ཚང་གི་དོན་དག་ངས་ཐག་གིས་གཅོད་ག་ལ་ཐུབ། རང་སེམས་ལ་ཉེས་པ་མེད་ན་བར་དོར་འཇིགས་སྐྲག་དགོས་དོན་མེད”ཅེས་བཤད་དེ་དོན་དག་ཅིག་ཧ་གོ་བ་བཞིན་ཁོ་མོར་ཕུ་དེད་ཅིག་བྱས་ནས་འགྲོ་རྩིས་བྱས་པ་ན། མོས་རེ་ཐག་ཆད་པའི་ངང་ནས “ང་ཤི་སོང་ན་ལག་དམར་ཆང་བརྒྱག་མ་ཡིན་པ་ཤེས་སུ་ཆུགས”ཟེར་བཞིན་སྟོབས་ལྡན་བསྐྱུར་ནས་མཆོད་ཁྲིའི་ཕྱོགས་སུ་སོང་།
        སྟོབས་ལྡན་གྱིས་མེ་མདའ་ལག་ཏུ་བཟུང་ནས་སྦྲ་སྒོར་བུད་མོད། སྨག་ནག་གིས་མིག་ལམ་བསྒྲིབས་ནས་ལྡོག་ལམ་མི་རྙེད་པས། འུ་ཐུག་སྟེ་སླར་ཡང་གསལ་ལམ་མེར་གནས་པའི་སྦྲ་ནང་དུ་འཛུལ་ནས“འཕགས་མོ། ང་ལ་ལག་གློག་ཅིག་གཡོར་དང་ངས་འགྲོ་ལམ་མི་མཐོང” ཞེས་བཤད་པ་ན། མོས་སྔས་མགོ་ནས་ལག་གློག་ཅིག་བླངས་ནས་“ངས་ཁྱོད་ཁྱིམ་ལ་བསྐྱལ་”ཞེས་བཤད་བཞིན་སྟོབས་ལྡན་གྱི་རྗེས་སུ་འབྲངས་ཏེ་སྦྲ་སྒོར་བུད།
        གཉེན་མ་བསྒྲིགས་པའི་གོང་རོལ་དུ། སྟོབས་ལྡན་ནམ་རྒྱུན་རྐུན་ཇག་དང་མཚན་འཁྱམ་སོགས་སུ་རྒྱུན་པར་འགྲོ་བས། སྨག་ཇི་ལྟར་ནག་ན་ཁོ་རང་དེ་ལྷར་སྐྱིད་ནའང་། དོ་དགོང་ནི་དེ་ལས་ལྡོག་སྟེ་ཕྱུགས་ར་ནས་འབྲི་གཡག་དག་གི་རྭ་མགོར་ཁེན་པར་དོགས་ནས་གཟབ་ནན་ངང་གོམ་པ་གང་རེ་གང་རེ་སྤོས་ནས་འགྲོ་བཞིན་འདུག ལུང་འཁྱོག་གི་གྲོང་སྟོད་སྨད་ཀུན་ཏུ་ཁྱིའི་ཟུག་སྐད་མཚམས་མི་ཆད་དུ་གྲག་ལ། ལྷག་ཏུ་ཁོ་ཚང་གི་ཁྱི་རྒན་རྒྱ་སེར་མིག་བཞིའི་ཁྱིམ་ཚང་སྲུང་བའི་འོས་འགན་དང་དུ་བླངས་ནས་སྦྲ་ལ་སྐོར་བ་བྱེད་བཞིན་བར་མེད་དུ་ཟུག གློ་བུར་ཏུ་ཁོས་སེམས་སུ་འདས་དོན་ཞིག་ཡིད་ལ་ཤར་བྱུང་།
        དེ་དུས་སྟོབས་ལྡན་གསར་བུ་ཡིན་ལ། ནུབ་མོ་ཞིག་ལ་འཕགས་མོ་ཚང་ལ་འཁྱམ་དུ་སོང་། ཁོ་རྐང་འཇབ་ལག་འཇབ་ངང་ཕྱུགས་རའི་ནང་ནས་འགྲོ་སྐབས། འབྲི་མོ་སྔོ་རིལ་མའི་ར་མགོར་ལྷུང་ནས་ཅུང་མིན་ན་ཚེ་སྲོག་རྟ་རྔ་འདྲ་བོ་ཡང་ཤོར་སོང་། མ་གཞི་འབྲི་མོ་དེ་ནི་མི་ལ་རྡུང་མཁན་ཞིག་ཡིན། དེ་སྔོན་ཁོ་ཚང་གི་ཨ་མར་བརྡུང་ནས་སྨན་ཁང་དུ་སོང་མྱོང་ལ། དེ་ནས་བཟུང་འབྲི་མོའི་རྭ་ཅོ་གཉིས་བཅད་དེ་ཐུང་ཐུང་བྱས་ཡོད། ན་ནིང་བཤས་རར་ཕབ་དགོས་ཞེས་ཡང་ཡང་བཤད་ཀྱང་། རི་བོ་བསང་མཆོད་ཀྱི་སྐབས་སུ་དགོན་པའི་དོ་དམ་པ་དག་གིས་ད་ལོ་ནས་བཟུང་ཕྱུགས་ཟོག་བཤས་རར་ཕབ་མི་ཆོག་པའི་བཅའ་ཁྲིམས་བཞག་ལ། གལ་ཏེ་བཅའ་ཁྲིམས་དང་འགལ་ན་དགོན་པས་འདི་ཕྱི་གཅོད་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་ནས་བཟུང་། འབྲི་མོ་སྔོ་རིལ་མ་ཚེ་ཐར་དུ་ཤོར་ཏེ་རྣམ་རིག་ཇེ་གསལ་དང་སྣང་བ་ཇེ་སྐྱིད་དུ་སོང་ནས་རིག་ཚད་ལ་རྭ་ཤེད་དང་རྨིག་ཤེད་བྱས་ནས་འགྲོ་བཞིན་འདུག ཁོས་འཕགས་མོའི་རུམ་ནས་འབྲི་མོ་སྔོ་རིལ་མས་བརྡུང་རབས་བཤད་པ་ན། མོས་པྲ་ཆལ་གྱི་ཉམས་དང་བཅས་ཤབ་ཤུབ་ངང་ནས“ཁྱོད་བཅོ་ལྔའི་དཀར་ལ་ཡོང་ན། ། སྦྲ་ནག་ཆུང་གྲིབ་མ་བརྒྱུད་ལ་ཤོག །ཁྱོད་ཉི་ཤུའི་ནག་ལ་ཡོང་ན། ། འབྲི་ཐེལ་མའི་རྭ་ཁ་འཚོ་བཞིན་ཤོག །” ཅེས་བཤད་བྱུང་།
        ཁྱི་རྒན་གྱི་ཟུག་སྐད་ལས་ཁོ་རང་སྟོང་འདང་གི་ཀློང་ནས་ཕྱིར་ལ་སླེབས་བྱུང་། སྦྲ་ནང་ནས་མེ་ཏོག་གིས་ལུ་ཆུང་འགའ་བྱེད་བཞིན་ཉིན་འགའི་སྔོན་ཟི་ལིང་ནས་ཉོས་པའི་ཉི་མ་རྟགས་ཅན་གྱི་ཉི་གློག་ཏེ་གསལ་ཆིལ་ལེར་བཀར་བྱུང་། ཁོ་ག་ལེར་ཁྱིམ་དུ་འཛུལ་བ་ན། མེ་ཏོག་དངངས་སྐྲག་ངང་མལ་ས་ནས་མགོ་བོ་འགྱོགས་བཞིན། “ཁྱོད་་་ཁྱོད་ཕྱིར་ལ་སླེབས་བྱུང་ངམ། དོན་དག་ཅི་ཞིག་བྱུང་སོང”ཞེས་དྲིས་པ་ན། སྟོབས་ལྡན་གྱིས་མེ་མདའི་ཁོག་གི་མདེའུ་དེ་ཕྱིར་བླངས་ཏེ“སྐྱོན་མི་འདུག་ཆང་བརྒྱག་མས་ཆུང་མ་གཅར་བ་རེད”ཅེས་བཤད་ཞོར་དུ་མེ་མདའ་སྔས་མགོ་རུ་སྔར་ལྟར་བཞག་ནས་མེ་ཏོག་གི་རུམ་དུ་འཛུལ།
        ཆང་བརྒྱག་དེས་རང་གི་ཆུང་མ་གཅར་ནས་གསོད་རྒྱུ་རེད། ཉིན་འགའི་སྔོན་ནས་ཡང་འཕགས་མོར་གཅར་རྡུང་བྱས་ནས་ལག་པ་བཅག་པ་དེ་རེད། དེ་རིང་ཡང་བརྡུང་ན་མོས་ནམ་ཟླ་ཅི་ལྟར་འགྲོ་ཐུབ་བམ”ཞེས་མོས་ཆེད་དུ་སེམས་ཁུར་གྱི་སྐད་ཆ་འགའ་བཤད་ཞོར་མར་དྲིའི་དྲི་མ་འཐུལ་བའི་མགོ་བོ་སྟོབས་ལྡན་གྱི་གྲུ་ཁུག་ཏུ་བཞག་བྱུང་། སྐབས་ཤིག་ལ། མོས་གཅེས་ལངས་སུ་ཤོར་བའི་བྱིས་པ་ཆུང་ཆུང་ཞིག་ཨ་མའི་རུམ་ཏུ་ཉལ་བ་དང་འདྲ་བར་ཁྱོ་གའི་སྐེ་ལ་འོ་ཞིག་བྱེད་ཞོར“གལ་ཏེ་ང་ཡང་ཁྱོད་དང་མ་འཕྲད་པར་ཆང་རྐྱལ་ཚུལ་ཁྲིམས་ལྟ་བུའི་ཆུང་མར་གྱུར་ན་ངའི་བདེ་སྡུག་ཏེ་སུ་ཡིས་རྟོགས་སམ”ཞེས་བཤད་པ་ན། སེམས་པ་གློ་བུར་དུ་སྨྲེང་སྟེ་མིག་ལས་མཆི་མའི་ཐིགས་པ་གཅིག་མཁུར་ཚོས་བརྒྱུད་དེ་སྟོབས་ལྡན་གྱི་བྲང་ཁར་ལྷུང་།
        དོན་དངོས་སུ་མེ་ཏོག་ནི་སྡེ་བ་དེར་མནའ་མར་འོང་ནས་ཟླ་བ་ཁ་ཤས་ལས་མིན་པས་སྡེ་བ་དེའི་དོན་དག་མང་པོ་ཞིག་མོས་རྟོགས་མི་སྲིད། སྟོབས་ལྡན་གྱིས་གྲུ་ཁུག་གི་ཆུང་མའི་ཐོད་པར་འོ་ཞིག་བྱས་ནས“ཁྱོད་ནི་ང་འདྲ་བའི་ཁྱོ་གར་འཕྲད་པ་ནི་བསོད་ནམས་རེད། ཁྱོད་ཀྱིས་ཚེ་སྔོན་བསོད་ནམས་བཟང་པོ་བསགས་ཡོད་པ་ཁོ་ཐག་རེད”ཅེས་ཀུ་རེའི་ཚིག་དེ་བརྗོད་རྗེས། ངག་གནད་ལ་ཕབ་སྟེ་ཏན་ཏན་ཏིག་ཏིག་གིས “ཁྱོད་ཀྱིས་ཚུལ་ཁྲིམས་ཚང་གི་དོན་དག་ཅི་ཡང་ཤེས་པ་མ་རེད། འཕགས་མོ་བརྡུང་བ་ནི་མོས་སྡུག་བསྔལ་ཞིག་ཡིན་ན་ཡང་ཚུལ་ཁྲིམས་ཀྱིས་ཆང་འཐུང་བ་ལའང་གནས་ལུགས་དང་རྒྱུ་མཚན་ཞིག་ཡོད་ངེས་ཡིན” ཞེས་བཤད་བྱུང་།
        “དོན་དག་ཅི་ཞིག་བྱུང་བ་རེད། ”
        དོན་དག་དེ་ནི་ཨ་ཁུ་སྟོན་པའི་སྒྲུང་ལས་ཀྱང་རིང་བ་ཞིག་རེད། ཝ་ཤུལ་དོན་ཁོ་ཟེར་བ་ནི་བོས་ན་མིང་དང་བགོས་ན་སྐལ་ཡོད་པའི་ཁྱིམ་ཚང་གྲགས་ཅན་ཚང་ཞིག་གི་བུ་ཡིན་ལ། བཙན་ཕྱུག་འཛོམས་པའི་དོན་ཁོ་ང་ཚོའི་སྡེ་བའི་སྡེ་དཔོན་དུ་བརྐོས་པ་རེད། རིག་གསར་གྱི་རྗེས་སུ་ང་ཚོའི་སྡེ་བར་ཐོན་སྐྱེད་སྒེར་ལ་གཏད་པ་ན། ཁྱིམ་ཚང་དག་རང་རང་གི་གཉེན་ཚན་ལྟར་དུ་རུ་བགོས་བྱས་ནས་རྩྭ་ས་བགོས་པ་ཡིན་ལ། སྐབས་དེར་ངེད་མ་སྨད་གཉིས་ལ་ཉེ་རིང་དུ་བརྩི་འོས་པའི་ཁྱིམ་ཚང་གཅིག་ཀྱང་མེད་པས་སྡེ་དཔོན་དོན་ཁོས་ཉེ་འཁོར་དུ་བཅར་ནས་བསྡད་པ་ཡིན། ཁོ་ནི་དམངས་ལ་བྱམས་པའི་དཔོན་པོ་དྲིན་ཆེན་ཞིག་ཀྱང་ཡིན་པས་སྡེ་མི་ཡོངས་ཀྱིས་མཛུབ་མགོའི་མཆོད་པ་ལྟར་དུ་བརྩི། ངེད་མ་སྨད་གཉིས་ལའང་རུ་སྐྱེལ་ཁལ་འགེལ་སོགས་ཀྱི་ཐད་ནས་རོགས་སྐྱོར་བླ་ལྷག་བྱས་མྱོང་།
        ང་རང་ལོ་ངོ་བདུན་ལ་ལོན་པའི་ལོ་སར་གནམ་གང་གི་ཉིན་དེར་ཨ་མས་ཁྱིམ་ཏུ་རྩྭ་སྐམ་པོ་བཏང་ནས་སྔར་མེད་ཀྱི་དྲོད་ཁོལ་གསར་བ་ཞིག་འཕྱུར་དུ་བཅུག་བྱུང་། ངས་ཀྱང་མཆོད་སྒམ་ལས་སྟོན་པའི་ཐང་རྙིང་དེ་བླངས་ནས་མཆོད་ཆའི་འགྲམ་དུ་བཤམས་ལ། ད་དུང་གཡས་གཡོན་གྱི་སྡོང་རའི་ངོས་སུ་ལྕི་བ་ཤན་ནས་འཇམ་པོ་བྱས་ཡོད་པའི་སྟེང་དུ་བཀལ་ལྗེན་གྱི་ཤུབས་འགའ་ཡ་ཡོའི་ངང་སྦྱར།
        སྐབས་ཤིག་ལ། བོའུ་སྐད་ཅིག་གློ་བུར་དུ་གྲག་བྱུང་། བོའུ་སྐད་དང་བསྡོངས་ནས་ངེད་ཚང་གི་སྒོ་ཁྱི་ཟུག་བྱུང་། ཨ་མས། “སྟོབས་ལྡན་ཁྱོད་མྱུར་དུ་སྒོར་བུད་ནས་ལྟོས་དང་། དེ་རིང་གནམ་གང་གི་ཉིན་མོར་མགྲོན་པོ་ཡོང་མི་སྲིད”ཅེས་བཤད། ང་རང་བྱ་འཕུར་བ་ལྟར་སྦྲ་སྒོར་བུད་པ་ན། ཨ་ཞང་འཆི་མེད་དབུགས་ཧལ་ཧལ་ངང་ངེད་ཚང་གི་སྒོ་ཁར་སླེབས་བྱུང་ལ། ཁོའི་དཔྲལ་ངོས་སུ་རྔུལ་ཆུ་ཁྲོམ་ཁྲོམ་དུ་བཞུར་བཞིན་ཡོད་པ་དང་། ངག་ནས“ཨ་མ་ཁྱིམ་ན་ཡོད་དམ”ཞེས་ཡང་ཡང་འདྲི་བཞིན་སྦྲ་ནང་དུ་འཛུལ་སོང་།
        “ཨ་ལ། ཁྱོད་ཅི་ཡིན། ”ཨ་མས་འཚབ་འཚུབ་ངང་དེ་ལྟར་དྲིས།
        “ཚར་སོང་། ཚར་སོང་། ངས་ཀུན་བཟང་བསད་བཞག”
        “ཀུན་བཟང་། སུ ”ང་ཚོའི་སྡེ་བ་རུ་ཀུན་བཟང་ཟེར་བའི་མི་གཉིས་ཡོད་པས། ཨ་མས་ཐེ་ཚོམ་གྱི་ངང་ནས་དེ་ལྟར་དྲིས།
        ཨ་ཞང་ནི་ཤིན་ཏུ་འཚབ་འདུག ཁོས་འཚབ་འཚུབ་ངང་ནས“དོན་ཁོ་ཚང་གི་བུ་ཆེ་བ། ད་ཅི་བྱ། ཁྱོད་སོང་ནས་དོན་ཁོ་ཚང་ལ་སྐད་ཐོངས། ང་རྒྱབ་རིའི་ནགས་ཁྲོད་དུ་འགྲོ་རྒྱུ་ཡིན”ཞེས་བཤད་དེ་འགྲོ་གྲབས་བྱས་པ་ན། ཨ་མའི་མཁུར་མགོར་དངངས་སྐྲག་དང་སྐྱོ་སྣང་གིས་བསྐུལ་བའི་མཆི་མ་བརྡོལ་བྱུང་ལ། སྐབས་ཤིག་ལ་མོས་ངུ་མ་འདར་གྱིས“ཁྱོད་ཀྱི་ཁོ་བསད་ནས་ཅི་བྱ། ཁོ་ཁྱོད་ཀྱི་ཚ་བོ་མ་ཡིན་ནམ”ཞེས་དྲིས།
        “ངས་ཀྱང་བསམ་གཟས་ནས་བསད་པ་མིན། ད་ང་འགྲོ་རྒྱུ་ཡིན ”ཨ་ཞང་སྦྲ་སྒོ་ནས་བུད་དེ་རྒྱབ་རིའི་ངོས་ཀྱི་ཀྱག་ཀྱོག་ཏུ་འཐེན་པའི་ལམ་ཕྲན་བརྒྱུད་དེ་བུད་སོང་།
        ཁྱི་སྐད་རིམ་གྱིས་འཇགས་སོང་།
        ཨ་མས་མིག་ཆུ་འཕྱི་ཞོར“སྟོབས་ལྡན་ཁྱོད་ཀྱིས་ཁྱིམ་སྲུང་ལེགས་པོ་བྱོས། གལ་ཏེ་ཨ་མ་མཚན་མོར་ཁྱིམ་ལ་ལོག་མ་ཐུབ་ན་ཁྱི་རྒན་ལ་ལྟོ་ཆས་ལྡུད་རྒྱུ་མ་བརྗེད”ཅེས་བཤད་ཞོར། སྐེ་དཀྲིས་ཤིག་ལག་ཏུ་བཟུང་ནས་དོན་ཁོ་ཚང་གི་ཕྱོགས་སུ་ཆས།
        སྤྱིར་ན་སྐབས་དེར་ང་རང་ལོ་ན་ཤིན་ཏུ་ཆུང་ནའང་ཁེར་རྐྱང་དུ་ཁྱིམ་ནས་འདུག་རྒྱུ་ནི་ང་ལ་མཚོན་ན་རྒྱུན་ལྡན་གྱི་བྱ་བ་ཞིག་ཡིན། ང་ཚོའི་རྩྭ་ས་སྤོས་ནས་རི་མགོར་འགྲོ་སྐབས་ང་ནམ་ཡང་དགུན་མཚེར་དང་དཔྱིད་མཚེར་སོགས་སུ་ཁེར་རྐྱང་དུ་ཁྱིམ་སྲུང་བྱས་ནས་འདུག་དགོས། མཚན་མོ་དེར་ཨ་མ་ཕྱིར་སླེབས་མིན་ང་ལའང་གསལ་པོ་ཞིག་བཤད་རྒྱུ་མེད། རྗེས་ནས་སྡེ་བའི་བཤད་སྲོལ་ལྟར་ན་དགོང་མོ་དེར་དོན་ཁོ་བུ་ཆུང་གི་རོ་ལ་འཐམ་ནས་བརྒྱལ་སོང་ལ། སྤྲུལ་སྐུ་སྐལ་ལྡན་ཚང་མ་བྱོན་ན་ཁོ་ཡང་བརྒྱལ་སངས་མ་ཐུབ་པར་ཤི་སོང་བ་རེད་ཟེར། ད་དུང་བླ་མས་ཁོ་ལ་ཁྱོད་ཀྱི་བུ་ཡིས་རྣམ་ཤེས་བདེ་བ་ཅན་དུ་དྲངས་ཡོད་ཅེས་དམ་བཅས་པ་ཡང་སྡེ་བའི་མི་མང་པོའི་ཐོས་ཡོད། སྤྲུལ་སྐུ་སྐལ་ལྡན་ནི་དོན་ཁོ་ཚང་གི་རྩ་བའི་བླ་མ་གཙུག་གི་ནོར་བུ་ཡིན་པས། དོན་ཁོའི་ནམ་རྒྱུན་དབྱར་དུས་སུ་མར་ཕྱུར་དང་དགུན་དུས་སུ་ཤ་རྐང་སོགས་ཁྱེར་ནས་སྤྲུལ་སྐུ་སྐལ་ལྡན་ཚང་ལ་འཚམས་འདྲི་ཞུ་བར་འགྲོ་སྲིད།
        ཉིན་ཞིག་དོན་ཁོས་ང་ལ་འདི་ལྟར་བཤད་མྱོང་ཏེ་ཡེ་སངས་དགོན་པའི་སྤྲུལ་སྐུ་སྐལ་ལྡན་གྱིས་རིག་གསར་གྱི་དུས་སུ་སྡུག་བསྔལ་ཚབས་ཆེན་མྱོང་ཡོད། ཉིན་ཞིག་ཀུང་ཧྲེ་རུ་དམག་ལྭ་སེར་པོ་ཅན་གྱི་རྟ་དམག་བརྒྱ་ཡས་མས་ཤིག་སླེབས་སོང་། ཁོ་ཚོས་སྒྲ་དུང་ལས“མི་གྲགས་བླ་གྲགས་ཀྱི་གྲལ་རིམ་མཐོ་ཤོས་དག་མགོ་རྟིང་སློག་དགོས”ཞེས་འབོད་སྐུལ་བཏང་བྱུང་། སྐབས་དེར་ང་ནི་མཉམ་ལས་ཁང་གི་རྩིས་གཉེར་བ་ཡིན་པས་སྦྲ་ཆེན་གྱི་ནང་དུ་བསྡད་ཡོད། ཆུང་སྐྱིད་ནི་སྐབས་དེའི་ཀུང་ཧྲེ་ཡི་དབུ་ཁྲིད་ཡིན་པས་མོས་སྐད་ཤུགས་ཆེན་པོས“ཁྲིད་ཤོག”ཅེས་སྐད་བརྒྱབ་པ་ན་ཕོ་གསར་འགས་སྤྲུལ་སྐུ་སྐལ་ལྡན་སོགས་བླ་ཆེན་འགའ་བཀྱིགས་ནས་དྲུད་དེ་དེ་དག་གི་དཀྱིལ་ལ་འཕངས་སོང་། རྡུལ་འཚུབ་དང་བཅས་ཁོ་ཚོས་རྐང་འོག་ནས་གཅར་རྡུང་ཇ་ཡུན་ཙམ་ལ་བྱས་རྗེས། གདུང་མ་རེ་ཕྲག་པར་ཁུར་དུ་བཅུག་ནས་རྒྱ་སྒོའི་གཡས་གཡོན་ནས་དྲང་མོར་ལང་དུ་བཅུག དེ་མ་ཐག་ཆུང་སྐྱིད་ཀྱིས་སྐལ་ལྡན་ཕག་མགོར་གཅིན་ལྡུད། ཉི་མ་གཡག་མགོར་སོལ་བ་བཀུས་ཟེར་བཞིན་དམར་དམག་གི་ལྕགས་ཕོར་ཆག་རོ་ཞིག་གི་ནང་དུ་གཤེར་ཁུ་ཞིག་བཟུང་ནས་ཁ་ནང་དུ་བླུགས་སོང་ལ། ཉི་མ་གཡག་མགོའི་ལུས་ཧྲིལ་བོར་སོལ་བ་བཀུས་ནས་ནག་རིལ་རིལ་ཞིག་ཏུ་བཏང་། “ གྲུབ་རྟགས་ཡོད་ན་གཅིན་མཛུབ་རྩེ་ནས་ཐོངས། ནག་པོ་དཀར་པོར་བསྒྱུར”ཞེས་འབོད་སྐུལ་བཏང་བ་ན་ཚང་མས་མོས་ཁ་འབོད་ལ་རམ་འདེགས་བྱེད་པ་ལྟར་ཧབ་ཆ་དི་རེར་སོང་། ངའི་ཨ་མས་ཀྱང་གཅིན་ལྡུད་ན་ལྡུད་ཟེར་བཞིན་ཅ་ནེ་ཞིག་གི་ནང་ནས་གཤེར་ཁུ་ཞིག་སྤྲུལ་སྐུའི་ཁ་ནང་དུ་བླུགས། རྗེས་ནས་བཤད་ན། ངའི་ཨ་མས་ཁོང་ལ་བདུད་རྩི་ཞིག་གཅིན་ལ་བརྩིས་ཏེ་བླུད་པ་ཡིས་ཁོང་གི་སྐུ་ལུས་ལ་ཕན་པ་རྒྱ་ཆེན་ཐོབ་སོང་ཟེར། དེ་ལྟར་ཁོ་ཚོར་ཁྲིམས་ཀྱི་ཞྭ་མོ་བསྐོན་ནས་ཟླ་འགར་བཞག་ལ། རྗེས་ནས་ཤྭ་བོའི་ཞིང་གྲོང་ཞེས་པའི་བཙོན་ཁང་དུ་ཁྲིད་དེ་སོང་། སྐབས་དེར་ཡང་སྤྲུལ་སྐུ་བཞུགས་པའི་རླངས་འཁོར་གྱི་འཁོར་ལོ་མ་འཁོར་ནས་ཡུན་རིང་ལུས་པ་ན། སྤྲུལ་སྐུས་ངས་གཞི་བདག་ལ་ཞུ་བ་ཞིག་བྱས་ན་གཏོང་སྲིད་ཅེས་བཤད་ནས་བསང་ཕུད་དེ་ཁ་བཏོན་བཟློ་རྗེས་འཁོར་ལོ་ཡང་རང་ཤུགས་ཀྱིས་འཁོར་ཐུབ་སོང་། ལོ་འགའི་རྗེས་ནས་རིག་གསར་གྱི་དུས་ངན་རླུང་ཞི་རླབས་འཇགས་སུ་གྱུར་རྗེས་ང་དང་ཆུང་སྐྱིད་གཉིས་ཀྱང་མ་སྒྲིག་རང་འགྲིག་གིས་འགྲོག་བཟང་མཐུན་མོ་ཞིག་ཏུ་གྱུར། ཆོ་འབྲང་གིས་དེ་ལ་འཐད་པ་གཏན་ནས་མེད་ཀྱང་སྔོན་ལས་ལ་ཟློག་ཐབས་མེད་ཞེས་པ་ལྟར་མཐར་ངེད་གཉིས་བཟའ་ཚང་དུ་གྱུར་སོང་། “བླ་མ་མཁྱེན ”ཞེས་ལོ་ཟླས་ཕབ་པའི་གཉེར་མའི་རླབས་རིས་ཤིག་ཤིག་ཏུ་གཡོ་བཞིན་རྒྱང་རིང་རྒྱང་རིང་གི་གནམ་མཐའི་མཚམས་སུ་མིག་ཟུང་བཙུམ་ནས་གསོལ་བ་ཡང་ཡང་བཏབ།
        སྤྲུལ་སྐུ་སྐལ་ལྡན་ཚང་ལ་དད་པ་སྐྱེས་དོན་ཡང་རྒྱུ་མཚན་དེ་དག་ལ་བརྟེན་ནས་བྱུང་བ་ཡིན་སྲིད། སྡུག་དེ་འདྲའི་རྗེས་ནས་དོན་ཁོ་ནི་སེམས་ཁམས་དྭངས་དུབ་ཤིན་ཏུ་ཆེ་བ་ཞིག་ཏུ་གྱུར་ལ། ལན་རེར་ཁྱིམ་གྱི་བཟའ་ཚང་ལའང་ཁ་མི་གྲགས་པར་སྦྲ་འདབས་ནས་ཁེར་འདང་བརྒྱབ་ཏེ་གནས་སྲིད།
        ཚ་གདུག་ཤིན་ཏུ་ཆེ་བའི་དབྱར་ཁའི་ཉིན་ཞིག་ལ་ཨ་མཆོད་ཅིག་གིས་སྐེ་རུ་དྲིལ་བུ་ཆེན་པོ་བཏག་ཡོད་པའི་དྲེལ་ཞིག་ལ་ཞོན་ནས་སྡེ་བ་འདིར་མར་བསོད་ལ་སླེབས་བྱུང་། ཁོས་ཀྱང་དོན་ཁོ་ཚང་ནི་ཆོས་དགེ་བ་ལ་དགའ་ཞིང་ལྷག་ཏུ་རབ་བྱུང་བའི་སྡེ་ལ་ཤིན་ཏུ་དད་མཁན་ཞིག་ཡིན་པ་ཤེས་པ་ལྟར་ཁོ་ཚང་ནས་ཞག་མལ་གསོས་ལ། ཉིན་འགར་ཁོ་ཚང་ནས་གླུད་གཏོར་གྱི་ཆོ་ག་ཡང་མི་ཉུང་བ་ཞིག་བཏོན། ཕྱིར་ལ་འགྲོ་སྐབས་ང་ཚོའི་ཁྱིམ་ཚང་རེ་རེ་ཡིས་མར་དང་འཕྱུར་བ་སོགས་དྲེལ་རྒྱབ་གཅིག་ཕུལ་བས། ཁོས་དེ་དག་མ་ཐེག་པར་དོན་ཁོ་ཚང་ནས་གཡག་སྣ་ལོ་མ་གཅིག་གཡར་ནས་བུ་མོ་འཕགས་མོས་ཁོ་ཚོ་དགོན་པ་རུ་བསྐྱལ།
        “འདྲེ་ཤར་སྒོར་བཞག་ནས་གླུད་ནུབ་སྒོར་གཏོང”ཞེས་པ་ལྟར་ཨ་མཆོད་དེ་སོང་བའི་ཉིན་དེ་ནས་བཟུང་ཁོ་ཚང་གི་རྟ་ཕོ་རྐྱང་ལི་དྲེད་མོང་གིས་ཟོས་སོང་ལ། བེའུ་རྡང་ནས་བེའུ་ལྔ་རྡང་གཅུས་བརྒྱབ་ནས་ཤི་སོང་། སྡེ་པའི་མི་ཚོར་རྣམ་རྟོག་ལངས་ནས་ཨ་མཆོད་དེ་ནི་རྒྱལ་འགོང་མཆོད་མཁན་ཞིག་རེད་ཟེར་བཞིན་ལུང་བའི་ཕུ་མདའ་བར་གསུམ་དུ་ཁྱབ། ཡིན་ནའང་དོན་ཁོར་དེ་འདྲའི་རྣམ་རྟོག་ཅི་ཡང་ལང་མེད་ལ། གང་ལྟར་སྟོན་པའི་ན་བཟའ་མནབས་མཁན་ཞིག་ཡིན་ན་དེ་ནི་ལེགས་པོ་ཞིག་ལས་ངན་པ་འདྲེ་གདོན་ཞིག་མིན་པའི་ཆོད་སེམས་བརྟན་པོས་ཁོང་གི་དད་པར་གཡོ་འགུལ་གཏན་ནས་སོང་མེད།
        ས་ཁྱི་ལོའི་སྟོན་ཟླ་འབྲིང་པོའི་བཀྲ་ཤིས་དུས་བཟང་གི་ཉིན་དེར་འཕགས་མོ་དང་ཚུལ་ཁྲིམས་གཉིས་ཀྱིས་གཉེན་སྟོན་བཞག་ལ། ང་ཚོའི་སྡེ་བའི་རྒན་དར་གཞོན་གསུམ་ཁོ་ཚང་ལ་འཛོམས་ནས་དགའ་བའི་གླུ་བླངས་ལ་སྐྱིད་པའི་བྲོ་འཁྲབ། ཉིན་དེར་ཡང་དེ་སྔོན་གྱི་ཨ་མཆོད་དེ་སླེབས་ཡོད་ལ། ཁོ་ཐབ་ཀའི་གོང་ཕྱོགས་ཀྱི་མཆོད་ཁྲིའི་འགྲམ་དུ་བཞུགས་ནས་གཡང་འབོད་བཟློ་བཞིན་འདུག སྡེ་མི་མང་ཤོས་ཀྱིས་དེ་སྔོན་གྱི་དོན་དག་ཏེ་གླེང་བཞིན་འདུག་ལ། ལ་ལས་ཁོང་ནི་གྲུབ་ཐོབ་ཅིག་རེད། དེ་ལ་སྐུལ་འདེབས་བྱེད་མི་རུང་ཞེས་ཀྱང་ཟེར་བཞིན་འདུག གང་ལྟར་གཉེན་སྟོན་མཇུག་སྒྲིལ་ནས་ཟླ་བ་ཁ་ཤས་སོང་རྗེས་སྡེ་བའི་ནང་དུ་གཏམ་ངན་འཁྱར་པོ་ཞིག་གང་སར་ཁྱབ་བཞིན་འདུག དེ་ནི་འཕགས་མོར་མངལ་ཆགས་པའི་བྱིས་པ་དེའི་སྐོར་ཡིན།
        ལོ་ངོ་འདི་དག་གི་རིང་ལ་ཨ་མཆོད་གྲུབ་པ་ཁོང་ཚང་ནས་རྒྱུན་འདུག་བྱས། ཁོས་ལན་རེར་རྫི་བོ་བྱས་ནས་གནག་ཕྱུགས་འཚོ་སྐྱོང་ལ་བྲེལ། ལན་རེར་ཨ་མཆོད་བྱས་ཏེ་ཁ་ཏོན་དགེ་སྦྱོར་ལ་བརྩོན། རྒྱུན་དུ་སྤྱང་ཀིའི་ཁ་འཆིང་ཟེར་བའི་ཕུར་མདུད་ཅིག་ཀྱང་འབྲི་དང་བེའུའི་སྐེ་རུ་འདོགས་རྒྱུ་ཤིན་ཏུ་མང་པོ་ཡོད། དེ་ལྟར་ལོ་ཟླའི་གོམས་འགྲོས་ཡུན་གྱིས་བཞུད་པ་ན་ཨ་མཆོད་གྲུབ་པ་ནི་དོན་ཁོ་ཚང་གི་མྱི་རྐྱང་ལྟ་བུར་གྱུར་ནས། ཚང་མས་ཁོ་ལ་མྱི་རྐྱང་གྲུབ་རྒོད་ཟེར་བའི་མིང་གསར་བ་ཞིག་ཀྱང་འདོགས་མགོ་བརྩམས།
        མེ་གླིང་ལོའི་ལོ་མཇུག་སྟེ་གནམ་གང་གི་ཕྱི་དྲོར་འཕགས་མོར་ཕྲུ་གུ་ཞིག་བཙས་བྱུང་། ཉིན་དེར་དོན་ཁོར་ཡང་མགོ་ནད་ཀྱི་ཟུག་གཟེར་ཆེ་རུ་ཕྱིན་ནས་ཕྱི་མའི་ལམ་ལ་ཆས་སོང་། དེ་ནི་ཅི་འདྲའི་ལྟས་ངན་ཞིག་རེད་ཨང་། སྡེ་བའི་ཕྱི་ནང་གི་མི་རྣམས་ཀྱིས་དེ་སྔོན་མོས་ཨ་མས་སྤྲུལ་སྐུར་གཅིན་བླུད་པའི་རྣམ་སྨིན་རེད་ཟེར། ཡང་ལ་ལས་བྱིས་པ་མྱི་རྐྱང་གྲུབ་རྒོད་ཀྱིས་ཡིན་པས་རེད་ཟེར། ན་ནིང་མོས་ཨ་མ་འཆི་སྐབས་ཀྱང་དེ་རིང་གི་ཉི་མ་འདི་ཡིན་ལ། མོར་ཐེབས་པའི་མགོ་གཟེར་དེའང་དེ་རིང་དོན་ཁོར་བྱུང་བའི་ནད་རྟགས་དང་གཅིག་མཚུངས་རེད་ཟེར། གང་ལྟར་ལྟས་ངན་དགུ་བཅུ་གོ་དགུ་ཚང་འདུག་ཟེར་བའི་གྲང་ངར་ཞིག་ལུང་འཁྱོག་གི་རི་ལུང་ཀུན་ལ་ཁྱབ།
        ཚུལ་ཁྲིམས་ཀྱིས་ཡེ་སངས་དགོན་ནས་བདུན་བདུན་བཞི་བཅུ་ཞེ་དགུ་ལ་གཤིན་ཆོས་བསྒྲུབས། ད་ནི་མྱི་རྐྱང་གྲུབ་རྒོད་ཀྱིས་གཟན་ཤམ་དེའང་ཅུང་ཙམ་འགྱུར་དེ་གོས་ལྭ་སེར་པོ་ཞིག་ལ་སྐ་རགས་དམའ་མོ་ཞིག་བཅིངས་ནས་འགྲོ་བཞིན་འདུག ད་ལྟ་ཁོ་ནི་མཐོ་རིས་བོ་ཚང་གི་ཉིན་གྱི་མྱི་དང་མཚན་གྱི་ཁྱི་བྱས་ནས་སྦྲ་མགོའི་དར་ཁྲ་དང་སྒོ་ཁའི་ཁྱི་ཕོར་ཡན་ལ་བདག་བརྒྱབ་ཡོད། ཕར་བལྟས་ཚོད་དུ་ཁོ་ནི་འཕགས་མོའི་ཁྱོ་ག་ལྟ་བུར་འདོད་ལ། དེ་ནི་ཁྱིམ་མཚེས་དག་གི་ཁ་ནས་ཐོས་པའི་འཆལ་གཏམ་ཙམ་མིན་པར་དོན་དངོས་ཤིག་དང་ཤིན་ཏུ་མཚུངས།
        དཔྱིད་ཀྱི་དཔལ་ཡོན་ལུང་འཁྱོག་གི་རི་ལུང་ཀུན་ཏུ་ཤར་བ་ན། གྱ་གྱུ་རུ་འབབ་པའི་ཆུ་ཕྲན་དག་གཡང་ཊའི་ཁང་བ་ལྟ་བུའི་དར་ཟམ་ལས་ཡོངས་སུ་གྲོལ་ལ། ལྷུང་ལྷུང་དུ་འབབ་པའི་བཞུར་རྒྱུན་ལས་ས་ཤུན་དག་ཕང་མེད་དུ་བརྟོལ་ནས་རྩྭ་ལྗང་དག་ལ་གསོན་ཤུགས་ཀྱི་རེ་བ་སྩོལ་བཞིན་རྒྱང་ནས་རྒྱང་ལ་བཞུད། ད་ནི་གྲུབ་རྒོད་འཇིག་རྟེན་གྱི་འཚོ་བར་ཡོངས་སུ་ལོབ་ཟིན། ཉིན་བཞིན་བསྐྱར་ཟློས་ཀྱི་འཚོ་བར་སུན་པ་མེད་པར་ཐབ་ཀའི་གཡས་ཕྱོགས་སུ་བསྡད་དེ་རྩམ་པ་ཅ་ནེ་གང་རྫི་ཞོར་དུ་སྔོན་གྱི་འཚོ་བ་མང་པོ་ཞིག་གློག་བརྙན་ལས་ཤར་བ་བཞིན་གསལ་ལྷང་ངེར་གཅིག་འཕྲོར་གཅིག་ཤར་བྱུང་། དེ་ནི་ཐོག་མར་ཆུང་དུས་ཀྱི་ཕ་མ་གཉིས་ཀ་ཤར་བྱུང་ལ། དེ་ནས་རྫི་རོགས་བུ་མོ་ཡང་ཤར་བྱུང་། དགོན་པ་དང་དགེ་བསྐོས་སོགས་ཀྱང་ཤར་བྱུང་། དྲེལ་སྨུག་ཆུང་དེའང་ཤར་བྱུང་། གློ་བུར་དུ་འཕགས་མོས་ལུ་ཆུང་ཞིག་བྱས་པ་ནས་ཚད་མེད་པར་གྱུར་ལ། དེ་ནི་གློག་སྐུད་ཆད་པ་བཞིན་བརྙན་རིས་ཡོད་ཚད་ཅིག་ཅར་དུ་མིག་མདུན་ནས་བོར། འཕགས་མོས་ཐབ་ཀ་ནས་རྫ་མ་འགྱོགས་བཞིན “གྲུབ་རྒོད། ཉིན་འགའི་རྗེས་ནས་ཚུལ་ཁྲིམས་སླེབས་སྲིད་པས། ངེད་གཉིས་ཀྱིས་བྱ་བར་གཟབ་ནན་བྱ་དགོས། ”
        ཁོས་མགོ་བོ་ཚུར་འཁོར་ནས་གཟབ་ནན་ངང“ད་ལྟ་ང་དགོན་པར་འགྲོ་ས་མེད། གང་ལྟར་ཁྱོད་རིག་ས་ཞིག་ནས་འདུག་རྒྱུ་ཡིན།”
        “དེ་འདྲ་མ་ཟེར། ཚུལ་ཁྲིམས་ནི་མི་ཁོང་ཁྲོ་ཅན་ཞིག་ཡིན། ཁོས་གོ་སོང་ན་ངེད་གཉིས་གསོད་སྲིད”
        “འཇིག་རྟེན་མི་གང་ལྟར་འཆི་དགོས། དེ་ལས་དོན་སྙིང་ཡོད་པ་ཞིག་ནས་ཤི་ན་ང་ལ་ལྷག་ཏུ་འགྱོད་པ་ཅི་ཡང་མེད། དེའི་ཕྱིར་ངས་ཁྱོད་རང་སྒུག་ནས་འདུག་རྒྱུ་ཡིན།”
        འཕགས་མོར་ཡང་བསྐྱར་སེམས་ཁུར་ལྷག་མ་ཞིག་སྐྱེས་བྱུང་ལ། གློ་བུར་དུ་ཕྱི་མའི་ཡུལ་གྱི་ཕ་མ་གཉིས་དྲན་བྱུང་། མིག་ནས་དབང་མེད་དུ་མིག་ཆུའི་ཐིགས་པ་འགའ་པང་ཐོག་ཏུ་གཅིག་རྗེས་གཉིས་མཐུད་དུ་འཐོར་སོང་། བསམ་བློ་རེ་བཏང་ན། མོར་སྡུག་འདི་འདྲ་ཞིག་ཡོང་དོན་ནི་སྔོན་ལས་ཀྱི་དབང་གིས་ཡིན་ནམ་ཡང་ན་ཚེ་འདིར་དགོས་མིན་གྱི་བྱ་བ་རེ་སྒྲུབ་ནས་ལྷ་ཚོགས་དང་འགལ་བ་རེད། གང་ལྟར“སྔོན་གྱི་ལས་ལ་གཟུར་རྒྱུ་དང་རི་གཟར་རྦབ་ལ་གྱེན་ཟློག་མེད”ཞེས་པ་ལྟར་འདུས་མཐའ་འབྲལ་བ་ནི་ཆོས་ཉིད་ཡིན་ཞེས་གྲུབ་རྒོད་ཀྱིས་ནམ་རྒྱུན་བཤད་པའི་ཆོས་བཤད་དེ་རྣ་ལམ་ནས་ཡང་བསྐྱར་ཚར་གཅིག་གྲགས་བྱུང་།
        ཚུལ་ཁྲིམས་དགོན་པ་ནས་ཕྱིར་སླེབས་བྱུང་། གཏམ་ངན་རང་རྣ་སྲ་ཞེས་པ་ལྟར་ཁྱིམ་མཚེས་དག་གིས་བཤད་པའི་གྲུབ་རྒོད་དང་འཕགས་མོའི་སྐོར་གྱི་གསར་འགྱུར་གཅིག་ཀྱང་རྟོགས་བཞིན་མེད་མོད། འོན་ཀྱང་ཁོ་ལ་དོགས་པ་ཞིག་ཡོད་པ་ནི་གྲུབ་རྒོད་ཁོ་ཚང་ལ་སླེབས་པའི་ཉིན་དེ་ནས་བཟུང་ཉན་པ་སྣ་གཅིག་མ་བྱུང་བར་བསམ་གཞིག་གཏོང་བཞིན་འདུག དེ་ལྟར་བཤད་པ་ན་མེ་ཏོག་གིས་སྔུར་བ་ཆུང་ཆུང་ཞིག་འཐེན་བཞིན་སྔ་ས་ནས་རྨི་ལམ་གྱི་ཞིང་ལ་ཆས་ཟིན། སྟོབས་ལྡན་གྱིས་མིག་མདུན་ཡོད་ཚད་སྨག་ནག་གིས་རྨེག་མེད་དུ་བཟོས་ཟིན་པས། ཁོས་དངན་པ་ཞིག་འཐེན་ནས་རྨི་ལམ་གྱི་ཞིང་ལ་ཆས་མགོ་བརྩམས། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1