གཙོ་ངོས།>> གནས་མཇལ།>>རྒྱ་ནག་ཡུལ་གྱི་གནས་ཆེན།

རྣམ་དཀར་ལྷ་མོས་སྒྱུར་སྒྲིག་བྱས། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༣ཚེས་༡༥ཉིན།

༄༅།། ནང་བསྟན་དགོན་སྡེ་ཆེ་གྲས་པེ་ཅིན་གྱི་དགའ་ལྡན་བྱིན་ཆགས་གླིང་གི་ངོ་སྤྲོད་མདོར་བསྡུས།


རྣམ་དཀར་ལྷ་མོས་སྒྱུར་སྒྲིག་བྱས། དབྱང་ཡུའེ་ཡོན་གྱིས་པར་བླངས།
        དགའ་ལྡན་བྱིན་ཆགས་གླིང་ནི་པེ་ཅིན་གྱི་ཆེས་ཆེ་བའི་བོད་བརྒྱུད་ནང་བསྟན་གྱི་དགོན་པ་ཞིག་ཡིན། དེ་ལ་རྒྱའི་སྐད་དུ“ཡུང་ཧོ་ཕོ་བྲང་”ཞེས་འབོད་ལ། ཡང་བོད་ཡིག་གི《 བླ་མའི་གསུང་རྟེན》ཞེས་པའི་ནང་དགོན་པ་དེར“གཞལ་ཡས་ཁང”དང་། 《 ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་དྲུག་པའི་གསུང་རྣམ》ནང“ཡུང་དགོན”ཞེས་འབོད་དོ། །
        དགའ་ལྡན་བྱིན་ཆགས་གླིང་ནི་ཁང་ཞི་ཁྲི་ལོ་སོ་གསུམ་སྟེ་སྤྱི་ལོ1694ལོར་བཞེངས་པ་དང་། ཐོག་མར་རྒྱལ་སྲས་བཞི་པ་ཡུང་ཆིན་ཝང་གནང་ནས་ཡུང་ཆིན་དཔོན་ཚང་ཞེས་ཟེར་ཞིང་། གོང་མ་ཡུང་ཀྲིན་རྒྱལ་སར་མ་བཞུགས་པའི་སྔོན་གྱི་སྡོད་གནས་ཡིན་པར་མ་ཟད། ཡུང་ཀྲིན་ཁྲི་ལོ་གསུམ་པ་སྟེ་1725ལོ་ལ་དཔོན་ཚང་བསྒྱུར་ནས་བྱེས་བཞུགས་ཕོ་བྲང་བྱས་ནས་མཚན་ལ་ཡུང་ཧོ་ཕོ་བྲང་ཞེས་བཏགས། ཡུང་ཀྲིན་ཁྲི་ལོ་བཅུ་གསུམ་པ་1735ལོ་ལ། གོང་མ་ཡུང་ཀྲིན་སྐུ་གཤེགས་ཤིང་། གནས་འདི་ནས་གདུང་སྒམ་བཞུགས་མྱོང་བས། ཡུང་ཧོ་ཕོ་བྲང་གི་གཞིས་ཁང་ཆེ་གྲས་ཀྱི་རྒྱ་ཕིབས་ཀྱི་ལྗང་མདོག་གི་རྫ་གཡམ་དེ་རྫ་གཡམ་སེར་པོར་བསྒྱུར། ཡང་གོང་མ་ཆན་ལུང་གནས་འདི་ནས་སྐུ་བལྟམས་པ་ཡིན་པས། ཡུང་ཧོ་ཕོ་བྲང་ནས་གོང་མ་གཉིས་བྱོན་པས་བསོད་ནམས་ཀྱི་གནས་སུ་གྱུར་ནས་གཞིས་ཁང་གི་རྒྱ་ཕིབས་སེར་པོ་གྱང་ལྡེབས་དམར་པོ་བྱས་ནས་གོང་མའི་ཕོ་བྲང་དང་འདྲ་བར་བཟོས། ཆན་ལུང་ཁྲི་ལོ་དགུ་པ་སྟེ་1744ལོ་ལ་ཡུང་ཧོ་ཕོ་བྲང་སེར་མོ་བའི་དགོན་པར་བསྒྱུར་ཞིང་། ཆེད་མངགས་བློན་ཆེན་བསྐོས་ནས་ཕོ་བྲང་གི་བྱ་བར་དོ་དམ་བྱས་ཤིང་། བོད་བརྒྱུད་ནང་བསྟན་གྱི་དགོན་པར་བསྒྱུར་ནས་ཆིན་རྒྱལ་རབས་དུས་དཀྱིལ་ནས་དུས་མཇུག་གི་གཞི་རྒྱ་ཆེས་ཆེ་བའི་ནང་བསྟན་དགོན་པར་གྱུར།

        དགའ་ལྡན་བྱིན་ཆགས་གླིང་དུ་ཆོས་འཁོར་རབ་རྒྱས་གླིང་དང་ཁྲིམས་ལྡན་དགེ་བ་གླིང་། གདུགས་དཀར་ལྷ་ཁང་སོགས་མཆོད་མཇལ་བྱེད་ས་མང་པོ་ཡོད་དེ། ཆོས་འཁོར་རབ་རྒྱས་གླིང་ནི་ཆན་ལུང་ཁྲི་ལོ་དགུ་པ་སྤྱི་ལོ1744ལོར་བཞེངས་ཤིང་། བོད་ཀྱི་དགོན་སྡེའི་བཞེངས་སྲོལ་གྱི་ཁྱད་ཆོས་མངོན་པར་དོད་པ་ཞིག་ཡིན། ལྷ་ཁང་དེའི་དབུས་སུ་དགེ་ལུགས་པའི་གྲུབ་མཐའི་སྲོལ་འབྱེད་རྗེ་ཙོང་ཁ་པ་ཆེན་པོའི་སྐུ་བརྙན་གསེར་ཟངས་ལས་གྲུབ་པ་བཞུགས་ཤིང་། གཡས་གཡོན་གྱི་ལྡེབས་སུ་སངས་རྒྱས་ཤཱཀྱ་ཐུབ་པའི་སྐྱེས་རབས་རྣམ་ཐར་དང་། གཡས་གཡོན་གྱི་དཔེ་ཁྲིའི་ཐོག་ཏུ་བཀའ་བསྟན་གྱི་གླེགས་བམ་བཞུགས་ཡོད། རྗེ་རིན་པོ་ཆེའི་སྐུ་བརྙན་གྱི་རྒྱབ་ཕྱོགས་སུ་ཙན་དན་དམར་པོ་ལས་བརྐོས་པའི་དགྲ་བཅོམ་པ་ལྔ་བརྒྱའི་གནས་རི་དང་བཅས་པ་བཞུགས་པ་དང་། དེ་དག་གི་མདུན་དུ་གོང་མ་ཆན་ལུང་བལྟམས་ནས་ཉིན་གསུམ་པར་ཁྲུས་གསོལ་བའི་ཁྲུས་སྣོད་ཅིག་ཡོད། རྗེ་ཙོང་ཁ་པའི་སྐུ་བརྙན་གྱི་གཡས་གཡོན་དུ་རྒྱལ་བ་པཎ་ཆེན་རྣམ་གཉིས་ཀྱི་བཞུགས་ཁྲི་ཡོད།
        ཁྲིམས་ལྡན་དགེ་བ་གླིང་ནི་གོང་མ་ཆན་ལུང་ཁྲི་ལོ་བཅོ་ལྔ་བ་སྤྱི་ལོ1750ལོར་བཞེངས་ཤིང་། དཀྱིལ་དུ་ཙན་དན་དཀར་པོའི་སྡོང་བོར་བརྐོས་རིས་སུ་གྲུབ་པའི་རྒྱལ་བ་བྱམས་པ་བཞེངས་སྟབས་སུ་བཞུགས་པའི་སྣང་བརྙན་མཐོ་ཚད་ལ་སྨི་བཅོ་བརྒྱད། ས་འོག་ཏུ་སྨི་བརྒྱད། བསྡོམས་པས་སྨི་ཉི་ཤུ་རྩ་དྲུག་ཅན་ཞིག་བཞུགས་སུ་གསོལ་ཡོད། གཡས་གཡོན་གྱི་ལྡེབས་རིས་སུ་སངས་རྒྱས་ཤཱཀྱ་ཐུབ་པའི་སྐྱེས་རབས་རྣམ་ཐར་བྲིས་ཡོད།
        གདུགས་དཀར་ལྷ་ཁང་ནི་གོང་མ་ཆན་ལུང་ཁྲི་ལོ་དགུ་པས་སྤྱི་ལོ1744ལོར་བཞེངས་པ་དང་། ལྷ་ཁང་འདིའི་དབུས་སུ་གདུགས་དཀར་མཆོག་གྲུབ་མ་དང་། སྒྲོལ་དཀར། སྒྲོལ་ལྗང་། ནུབ་ཏུ་འཕགས་ཡུལ་གྱི་མཁས་གྲུབ་དམ་པ་རྣམ་ལྔ། ཤར་དུ་དགེ་ལྡན་པའི་བླ་བརྒྱུད་རིམ་བྱོན་གྱི་བླ་མ་དམ་པའི་སྐུ་བརྙན་ཡོད་དོ། །
        ཕོ་བྲང་འདིའི་འཛུགས་སྐྲུན་རྒྱས་སྤྲོས་ཆེ་ལ་བརྗིད་ཉམས་ལྡན་པ་ཡིན། དེ་ཡང་ཡོངས་སུ་བོད་ལུགས་དགོན་སྡེ་ཚད་ལྡན་གྱི་རྣམ་པར་དཔེ་བྱས་ཏེ་བཞེངས་ཤིང་། དེར་སྨན་དཔྱད་གླིང་དང་། སྐར་རྩིས་གླིང་། ཆོས་བཤད་གླིང་། གསང་སྔགས་གླིང་བཅས་གླིང་བཞི་ཡོད་པ་དེ་དག་རིམ་པ་བཞིན། དགོན་ནང་གྲྭ་པའི་ཚད་གཞི་མི་གྲངས་བརྒྱད་བརྒྱ་དང་། མང་ཆེ་བ་སོག་པོ་དང་དེ་ནས་བོད་རིགས་ཡིན་ཀྱང་། ཆོས་དཔེ་གཞུང་འཁྲིད་མཁན་པོ་གཙོ་བོ་རིམ་བྱོན་རྣམས་ཐད་ཀར་བོད་ནས་ཏཱ་ལའི་བླ་མ་མཆོག་གིས་བསྐོ་མངགས་གནང་བ་བཞིན་བོད་རིགས་བླ་མས་མཛད། དགོན་པའི་དཔལ་འབྱོར་འབྱུང་ཁུངས་ནི། རྒྱལ་ཁབ་ནས་ཧོ་པེ་ཞིང་ཆེན་གྱི་རྫོང་འགོ་ཉེར་དགུར་དགོན་པའི་མཆོད་ཡོན་གཏོང་རྩ་ས་ཞིང་སོན་ཁལ་བཞི་ཁྲི་ལ་ཉེ་བ་སྤྲད་པའི་ཡོང་བབ་བསྡུ་རྒྱུ་ཡོད་པས་ཁ་གསབ་ཐུབ། དེ་རྣམས《གཡུང་དགོན་གནས་གཟིགས་སྣེ་ཤན་དུས་དེབ》གཉིས་པ་ལས་དྲངས།
        དགོན་ནང་ལྷ་ཁང་མང་ཆེ་བའི་རྟེན་གཙོ་རྗེ་ཙོང་ཁ་པ་ཆེན་པོའི་སྐུ་ཡིན་པ་དང་། ཆོས་འཁོར་གླིང་གི་ཙོང་ཁ་པའི་སྐུ་ཟངས་ལས་གྲུབ་པ་དེ་ནི་སྐུ་ཚད་ཆེ་ཤོས་ཡིན་ལ་བཟོ་བཀོད་མཛེས་ཆའང་ཤིན་ཏུ་དོད། གསང་སྔགས་ལྷ་ཁང་ནང་གསང་སྔགས་ཀྱི་ལྷའི་འཇིམ་སྐུ་དང་། ཐང་ག  དེ་བཞིན་ལྡེབས་རིས་སོགས་ཚང་མར་བོད་ལུགས་ཀྱི་ཉམས་འགྱུར་དང་ལྡན་ཞིང་། དེ་མིན་གྱི་ལྷ་ཁང་རྣམས་ཀྱང་དེ་དང་མཚུངས་པ་ཡིན། འཛུགས་སྐྲུན་གྱི་ཁྱད་ཆོས་ལ་མཚོན་ན། ཆོས་འཁོར་ལྷ་ཁང་དེ་རྒྱ་བོད་ལུགས་གཉིས་ཀྱི་སྒོ་ནས་བཞེངས་ཡོད། དེ་ཡི་རྒྱ་ཕིབས་སེར་རྩི་མ་རི་བོ་ལངས་གཟུགས་ཅན་གྱི་རྩེ་མོར་གཉྫིརའི་ཏོག་གསུམ་སྣང་བ་ནི་བོད་ཀྱི་དགོན་སྡེའི་ཆ་དབྱིབས་ལས་བླངས་པ་དང་། དགོན་ཡོངས་ཀྱི་ཆོ་ག་ཕྱག་ལེན་གྱི་མཛད་སྒོ་ཆེ་རིགས་ཚང་མ་ལྷ་ཁང་འདིར་སྤེལ་བཞིན་ཡོད།

        དགའ་ལྡན་བྱིན་ཆགས་གླིང་དེ་པཎ་ཆེན་སྐུ་ཕྲེང་དྲུག་པ་བློ་བཟང་དཔལ་ལྡན་ཡེ་ཤེས་དང་འབྲེལ་བ་ཡོད་དེ། ཆན་ལུང་ཁྲི་ལོ་ཞེ་ལྔ་སྟེ་སྤྱི་ལོ་1780ལོར་གོང་མ་ཆན་ལུང་གི་འཁྲུངས་ལྷ་རྟེན་གསོལ་མཛད་སྒོར་ཕེབས་པའི་པཎ་ཆེན་སྐུ་ཕྲེང་དྲུག་པ་མཆོག་ཟླ་བདུན་པར་པེ་ཅིན་ལ་ཕེབས་འབྱོར་བྱུང་བ་དང་། གོང་མའི་སྣེ་ལེན་རྒྱ་ཆེ་གཟབ་རྒྱས་ཐོབ། མི་རིགས་ཁག་གི་དགེ་འདུན་པ་དང་། འབངས་མི་སེར་རྣམས་ཀྱིས་ཀྱང“དགའ་སྤྲོ་གུས་ཕྱག་མི་བྱེད་པ་གཅིག་ཀྱང་མེད།” པཎ་ཆེན་པེ་ཅིན་དུ་བཞུགས་རིང་དགའ་ལྡན་བྱིན་ཆགས་གླིང་ལ་ཐེངས་མང་ཕེབས་ཤིང་། གོང་མ་ཆན་ལུང་གི་རྒྱལ་སྲས་དྲུག་པ་དངོས་ཀྱིས་ཀྱང་པཎ་ཆེན་གྱི་ཕྱག་རོགས་ཞུས་ཏེ་དགའ་ལྡན་བྱིན་ཆགས་གླིང་ལ་བྱོན་མྱོང་། དེ་རྗེས“དགའ་ལྡན་བྱིན་ཆགས་གླིང་གི་མཁན་པོས་འབུལ་བ་ཕུལ་ཞིང་བཀའ་ཆོས་ཞུས།”མི་རིང་བར་པཎ་ཆེན་གྱིས་འདིར་མི་དགུ་བཅུ་ལྷག་ཙམ་ལ་སྡོམ་པ་འབོགས་པའི་ཆོ་ག་གནང་ནས་ནམ་ཕྱེད་བར་དུ་བཞུགས། ལྷག་པར་པཎ་ཆེན་གྱིས་དགའ་ལྡན་བྱིན་ཆགས་གླིང་དུ་གོང་མ་ཆན་ལུང་ལ་སྡོམ་པ་གནང་། ད་ལྟའི་དགའ་ལྡན་བྱིན་ཆགས་གླིང་གི་ཆོས་འཁོར་སྣང་རྒྱས་གླིང་ཞེས་པའི་ཤར་ངོས་སུ་པཎ་ཆེན་གཟིམ་ཆུང་ཞེས་འབོད་པའི་ཁང་པ་ཐོག་བརྩེགས་ཆུང་ངུ་མདའ་གཡབ་བརྩེགས་མ་དེ་ནི། སྔར་པཎ་ཆེན་གྱི་བཞུགས་གནས་ཡིན་པ་དང་། དངོས་སུ་མཐོང་མྱོང་བ་རྣམས་ཀྱིས་ཁང་པ་ཐོག་བརྩེགས་མ་དེའི་ནང་ཡུན་རིང་བར་པཎ་ཆེན་གྱི་སྐུ་པར་བཀལ་ནས་ཡོད་ཟེར། ཆོས་འཁོར་གླིང་གི་ནུབ་ངོས་སུ་སྡོམ་ཁང་ཐོག་བརྩེགས་ཅན་ཞིག་ཡོད་པ་ནི་སྔར་པཎ་ཆེན་གྱིས་གོང་མ་ཆན་ལུང་ལ་སྡོམ་པ་གནང་ས་ཡིན་ཟེར་སྐད། གཞན་ཡང《ཧོར་བོད་ཆོས་འབྱུང》ནང་གསལ་ལྟར་ན། དགའ་ལྡན་བྱིན་ཆགས་གླིང་ལ་ད་དུང་གསེར་བུམ་དཀྲུགས་ནས་བླ་མའི་ཡང་སྲིད་ངོས་འཛིན་བྱེད་པའི་སྲོལ་ཡང་འདུག་སྟེ། གོང་མ་ཏའོ་ཀོང་གི་སྐབས་སུ་འདི་གར་གསེར་བུམ་དཀྲུགས་ནས་ལྕང་སྐྱ་ཧོ་ཐོག་ཐུ་སྐུ་ཕྲེང་བཅུ་བདུན་པའི་ཡང་སྲིད་གཏན་འབེབས་བྱས།        

        དགའ་ལྡན་བྱིན་ཆགས་གླིང་དེ་བཞིན་པེ་ཅིན་དུ་རྒྱ་བོད་སོག་གསུམ་གྱི་རིག་གཞུང་སྤེལ་རེས་བྱེད་ས་གལ་ཆེ་ཞིག་ཀྱང་ཡིན། སྔ་དུས་ནས་སྲོལ་ཆགས་པ་ལྟར། ཐ་ན་ལོ་རབས་སུམ་ཅུ་པའི་སྐབས་ལའང་ཏཱ་ལའི་བླ་མ་ནས་འདི་གར་སྔར་བཞིན་མཁན་པོ་དང་མགྲོན་གཉེར། ལོ་ཙཱ་བ་བཅས་མཁན་མགྲོན་ལོ་གསུམ་དུ་གྲགས་པའི་བཅའ་སྡོད་སྐུ་ཚབ་མི་གསུམ་མངགས་གཏོང་གནང་མུས་ཡིན། དགོན་ནང་དགེ་འདུན་པ་དང་མཉམ་དུ་པེ་ཅིན་ལས་རིགས་ཁག་དང་རིག་གཞུང་སྤེལ་རེས་ཀྱི་འབྲེལ་ལམ་རྒྱུན་འཁྱོངས་བྱས་ཤིང་། རང་རྒྱལ་གྱི་བོད་ཀྱི་རིག་པ་མཁས་ཅན་རྙིང་གྲས་དགེ་རྒན་ཆེ་མོ་ཡུས་ཏའོ་ཆོན་དང་། སྐད་རིག་མཁས་ཅན་སྐུ་ཞབས་ལོ་ཁྲང་ཕེ་རྣམ་གཉིས་ཀྱང་ཐོག་མར་དགོན་འདི་ནང་གི་བོད་རིགས་ཡོན་ཏན་ཅན་དགེ་རྒན་དུ་བསྟེན་ནས་བོད་ཡིག་བསླབས་པ་དང་། སྐད་རིག་མཁས་ཅན་སྐུ་ཞབས་ཀྲའོ་ཡོན་རིན་ཡང་གོང་མཚུངས་སྐུ་ཞབས་ཡུས་ཏའོ་ཆོན་བརྒྱུད་ནས་དགོན་ནང་གི་བོད་རིགས་ཡོན་ཏན་ཅན་གདན་ཞུ་བྱས་པར་བརྟེན་ཅུང་སྔ་ཙམ་གོང་ནས་བོད་ཡིག་བེད་སྤྱད་དེ་ལཱ་ཏིང་གི་སྒྲ་བཀོད་པའི་ཆོས་ཉིད་ཞིབ་འཇུག་གནང་ཐུབ་པ་བྱུང་། དེ་མིན་དགོན་ནང་ད་དུང་བོད་ཡིག་གི་བཀའ་བསྟན་འགྱུར་སོགས་དཔེ་ཆ་མང་པོ་དང་། ལོ་རྒྱུས་ཀྱི་གསུང་རབ་སྣ་ཚོགས་ཉར་ཚགས་ཀྱིས་འདི་གར་སློབ་སྦྱོང་ལ་ཕེབས་མཁན་རྣམས་ཀྱི་སྤྱན་ལམ་དུ་མཁོ་འདོན་བྱེད་པ་བཅས། མདོར་ན་དགོན་པ་དེས་བོད་ཀྱི་རིག་གཞུང་ཁྱབ་སྤེལ་དང་རྒྱ་བོད་དབར་རིག་གཞུང་སྤེལ་རེས་ཀྱི་ཐད་ལ་གལ་འགངས་ཆེ་བའི་ཕན་ནུས་ཐོན་ཡོད་དོ། །  


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1