གཙོ་ངོས།>> གནའ་ཤུལ།>>རྟོག་ཞིབ།

གངས་དབང་། རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༣ཚེས་༡༣ཉིན།

༄༅།། ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། (གསུམ་པ།)

གངས་དབང་།        

ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གསུམ་པ།༽

གངས་དཀར་རིན་པོ་ཆེའི་ཞབས་རྗེས།

 

མི་ཉག་འབོ་སྤྲུལ་གངས་དཀར་རིན་པོ་ཆེ།

 

     ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་བོད་ཡུལ་ན་ལྷ་ཁང་བརྒྱ་དང་རྩ་བརྒྱད་བཞེངས་པ་ལས་མཐའ་མའི་ལྷ་ཁང་མི་ཉག་ཕྱོགས་སུ་བཏབ་པས་རབ་སྟོང་ཚར་སྒང་ཞེས་ཡོངས་སུ་གྲགས་པའི་མི་ཉག་རབ་སྒང་ལ་སྐྱེ་བོ་དམ་པ་མང་པོ་འཁྲུངས་མྱོང་པ་ལས་ཕྱིས་བྱོན་མི་ཉག་མཁས་པ་མི་དྲུག་ཅེས་གྲགས་པའི་ནང་གངས་དཀར་སྤྲུལ་སྐུ་བཤད་སྒྲུབ་ཆོས་ཀྱི་སེང་གེ་ནི་རྒྱལ་ཕྱི་ནང་དུ་སྐད་གྲགས་ཧ་ཆང་ཆེ་བས།ང་རང་ཆུང་དུས་ནས་ཡུལ་མི་རྣམས་ཀྱི་ངག་ལས་གངས་དཀར་རིན་པོ་ཆེ་ཞེས་ཐེངས་མང་པོ་ཐོས་མྱོང་ལ། རྗེས་སུ་མི་ཉག་ས་ཁུལ་དུ་དགེ་རྒན་བྱེད་དུས་དམ་པ་ཁོང་གི་རྣམ་ཐར་བསྡུས་པ་ཞིག་མཇལ། དེའི་ནང་ལས་འཁྲུངས་ཡུལ་ནི་ས་སྡེ་ཆུས་ཞེས་པའི་ཁོངས་སུ་ས་ཡི་དགེ་བཅུ་ཚང་ཞིང་། ཡུལ་གྱི་བཀོད་པ་ཕུན་སུམ་ཚོགས་པའི་སར་ཁྱིམ་ཚང་ཁེར་རྐྱང་ཞིག་ཡོད་པ་གིལ་ཏི་བྲག་ནག་ཚང་ཞེས་བྲིས་འདུག་ཀྱང་ས་ཆ་གཏན་འཁེལ་ཞིག་མ་ཤེས།ཐེངས་འདིར་རྒྱུས་ཡོད་པའི་མི་ཚོ་ལ་འདྲི་རྩད་བྱས་རྗེས་བོན་པོ་གཤིས་ཤང་ཡོད་སའི་གཞུང་ལམ་འགྲམ་གྱི་ལུང་པ་དེད་དེ་དམ་པ་འཁྲུངས་སའི་གནས་མཆོག་མཇལ་དུ་སོང་བ་ཡིན། ལམ་བར་དུ་མཁར་རྫོང་ཞིག་རོ་གཉིས་དང་ཁང་པ་རྙིང་པ་གཅིག་བཅས་ཐུག་བྱུང་། ལུང་པ་ཆེན་པོའི་རི་ངོས་སུ་ཤིང་སྡོང་རྣམས་བཅད་པའི་རྩ་བ་ཚོ་ནག་རུབ་རུབ་ཏུ་མངོན་པ་ནི་དེ་སྔོན་རི་ཆུའི་པགས་པ་བཤུས་པའི་བྱས་རྗེས་རེད་ལ། དེང་སང་ཤིང་ཕུང་ཆུང་ཆུང་མང་པོ་སྐྱེད་བཞིན་ཡོད་མོད། གནའ་སྔོན་མ་ལྟར་ནགས་ཚལ་དུ་ཆགས་པར་ད་དུང་ཧ་ཅང་ཡུན་རིང་། ལུང་པ་དེའི་གཡོན་ཕྱོགས་སུ་ཐག་རིང་འགྲོ་མ་དགོས་པར་དམ་པ་ཁོང་གི་འཁྲུངས་ཡུལ་མིག་ལམ་དུ་མངོན། ལམ་འགྲམ་ལ་རྡོ་དྲ་བཞིན་ཡོད་པའི་འཕྲུལ་ཆས་ཀྱི་འུར་སྒྲ་ཆེན་པོས་ལུང་པ་གང་བས་དེ་མིན་གྱི་སྐད་སྒྲ་ཅི་ཡང་གོ་མི་ཐུབ། བྲག་ནག་པོ་ཡོད་པའི་རི་གདོང་ཞིག་གི་འདབས་ལ་ཁང་པ་རྙིང་པ་ཞིག་དང་གྱང་རོ་ཞིག་མཐོང་བ་དེ་ནི་གངས་དཀར་རིན་པོ་ཆེ་འཁྲུངས་ས་བྲག་ནག་ཚང་གི་ཁང་པ་རྙིང་པ་དང་ལྷ་ཁང་ཞིག་རོ་རེད་འདུག 

 ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གསུམ་པ།༽
ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གསུམ་པ།༽

གངས་དཀར་རིན་པོ་ཆེའི་འཁྲུངས་གཞིས།

   དམ་པ་ཁོང་ནི་སྤྱི་ལོ༡༨༩༣ལོའི་ཟླ་བ༩པའི་ཚེས༡༥ཉིན་ལ་ཡབ་བྲག་ནག་འཕྲིན་ལས་དང་ཡུམ་བྲག་ནག་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་ན་ཆུང་ངུའི་དུས་ནས་བྱིས་པ་གཞན་ལས་སྐྱེ་སྟོབས་མགྱོགས་ལ། སྤྱང་གྲུང་ལྡན་པས་མ་ཚད་རྡོ་ལ་ཕྱག་ཞབས་ཀྱི་རྗེས་སོགས་གྲུབ་རྟགས་མང་པོ་བསྟན་ཞེས་པ་ལྟར་ཁང་རྙིང་གི་མདུན་དུ་ཆུ་ཆུང་ཆུང་ཞིག་ཡོད་པ་དེའི་འགྲམ་གྱི་རྡོ་ལེབ་ཅིག་གི་ཐོག་ལ་དམ་པས་ཆུ་འཆུ་སྤྱད་སྐྱོགས་བཞག་པའི་ཤུལ་དང་། དེའི་ཞབས་ལ་རྡོ་ཞིག་གི་ངོས་སུ་རི་དྭགས་མང་པོ་འཁོར་བའི་རྐང་རྗེས། དེའི་གཡས་ཕྱོགས་སུ་དམ་པ་ཁོང་གིས་བཏོན་པའི་གྲུབ་ཆུ་དྭངས་ཤིང་གསལ་བ་བཅས་མཇལ་རྒྱུ་སྣང་།

   ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གསུམ་པ།༽
གངས་དཀར་རིན་པོ་ཆེས་ཆུང་དུས་ཆུ་ལེན་སྐབས་སྐྱོགས་བཞག་ཤུལ།

 ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གསུམ་པ།༽
གཅན་གཟན་གྱི་རྗེས།

ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གསུམ་པ།༽
གངས་དཀར་རིན་པོ་ཆེས་བཏོན་པའི་ཆུ་མིག

   ཉིན་དེར་ཨ་ཁུ་ཕུན་ཚོགས་ཚང་གིས་ཞིང་རྨོད་བཞིན་པའི་སྒང་རེད། ངའི་རེ་བ་ལྟར་ཁོང་ང་དང་མཉམ་དུ་གི་ལི་སྟེང་གྲོང་པའི་སྟོད་ཀྱི་ནགས་ཚལ་ནང་གངས་དཀར་རིན་པོ་ཆེའི་ཞབས་རྗེས་མཇལ་དུ་སོང་། ལམ་བར་དུ་ཁ་བརྡ་བྱེད་དུས་གྲོང་པ་འདིའི་ནང་གནའ་དུས་བྲག་ནག་ཚང་ཞེས་པའི་དུད་ཁ་གཅིག་ལས་མེད་ཀྱང་། ད་ལྟར་དུད་ཚང་བཞི་ལྔ་ཙམ་ཡོད་པ་ཚང་མ་བྲག་ནག་ཚང་ལས་གྱེས་པ་ཡིན་ལ། གྲོང་པ་ནང་ཨ་ནེ་དབང་མོ་ཞེས་དགུང་ལོ༩༠ལ་སོན་པ་ཞིག་ད་ལྟར་བཞུགས་ཡོད་པ་དེ་ནི་གངས་དཀར་རིན་པོ་ཆེའི་སྐུ་ཚ་དངོས་ཡིན་པ་གོ་བྱུང་། ང་ཚོ་གྲོང་པའི་སྟོད་ལ་སྤྱི་ལེ་གསུམ་ཙམ་སོང་རྗེས་རྩི་ཤིང་སྣ་ཚོགས་སྐྱེས་པའི་ནགས་ཚལ་དཀྱིལ་དུ་རྡོ་ལེབ་ཅིག་གི་ཐོག་ལ་དམ་པ་དགུང་ལོ་བདུན་བརྒྱད་ཙམ་ལ་སོན་དུས་ཀྱི་ཞབས་རྗེས་ཨ་ན་མ་ན་ཞིག་དང་། རྡོ་ཕ་བོང་ཞིག་བཞོན་པའི་རྗེས་ཤུལ་ཧ་ཅང་གསལ་པོ་ཞིག་མཇལ།བཤད་སྲོལ་དུ་རྡོ་ཕ་བོང་ཐོག་གི་ཤུལ་དེ་ནི་དམ་པ་སྐུ་ན་ཆུང་དུས་རྫི་བོ་བྱེད་སྐབས་བྱིས་པ་རྣམས་ཀྱིས་བརྙས་བཅོས་བྱས་པས་ཐུགས་ཕངས་ཏེ་རྡོ་ཕ་བོང་དེ་བཞོན་ནས་ཞལ་ངོ་གངས་དཀར་རི་བོའི་ཕྱོགས་སུ་འཁོར་བའི་རྗེས་རེད་ཟེར།

 

ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གསུམ་པ།༽

གངས་དཀར་རིན་པོ་ཆེའི་ཞབས་རྗེས།

ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གསུམ་པ།༽
གངས་དཀར་རིན་པོ་ཆེས་རྡོ་ཕ་བོང་བཞོན་པའི་རྗེས།

སྐབས་དེར་ནགས་ཚལ་ནང་རྡོ་བཅག་པའི་སྒྲ་ཆེན་པོ་ཞིག་གྲག་བྱུང་། ངས་ཨ་ཁུ་ཕུན་ཚོགས་ལ་རྡོ་རྐོ་མཁན་རྣམས་ཀྱིས་དམ་པའི་ཞབས་རྗེས་ཡོད་པའི་རྡོ་དེ་དག་ལ་གནོད་པ་མི་བཟོའམ་ཞེས་དྲིས་དུས། ཁོང་གིས་གདེང་ཚོད་ཆེན་པོའི་སྒོ་ནས་རྡོ་རྐོ་མཁན་ཚང་མ་བོད་པ་ཡིན་པས་གནོད་པ་ག་ན་བཟོ་ཞེས་ཟེར་ཡང་། རྒྱུ་ནོར་ཁེ་གྲགས་ཀྱི་དོན་དུ་དད་ལྡན་བོད་མི་ཚོ་ལའང་ཆ་འཇོག་ཅི་ཡང་མེད་བསམས་ཏེ་སེམས་པ་བདེ་རྒྱུ་ཞིག་མ་བྱུང་།

   དམ་པའི་ཞབས་རྗེས་མཇལ་ཚར་རྗེས་ཕྱིར་ཁང་རྙིང་འགྲམ་ལ་ལོག་སྟེ་བསྐྱར་དུ་ཞིབ་ལྟ་ཞིག་བྱས་པ་ཡིན། རྩིས་ངོས་ཀྱི་བོའུ་ཁུང་ངམ་མདའ་ཁུང་དང་སྒོ་ཆེན་ནི་གོང་དུ་བཤད་པའི་ཁང་པ་རྙིང་པ་ཚོའི་གནས་ཚུལ་དང་འདྲ་བས་དེ་ནི་གནའ་སྔོན་མའི་མི་ཉག་བོད་ཁང་རྣམས་ཀྱི་ཁྱད་ཆོས་ཤིག་ཡིན་ས་རེད། ཁང་རྙིང་གི་རྩིག་གདོང་ཞིག་ཅུང་ཞིག་པས་ཡང་ལས་བྱས་ཡོད་པ་དང་ལྷ་ཁང་རྙིང་པའི་ཐོག་རྩེག་ཕྱེད་ཀ་ཙམ་ལས་ལྷག་མི་འདུག  ཁང་པ་ལ་སྒོ་ལྕགས་བརྒྱབ་ཡོད་པས་ནང་ལ་འགྲོ་མ་ཐུབ་ཀྱང་སེམས་ནང་ཡོད་ན་ཕྱི་ནང་གཉིས་ཀ་གང་མཇལ་ཡང་ཁྱད་པར་ཅི་ཡོད་སྙམ། ལོ་ངོ་དེ་འདྲའི་རིང་པོ་ནང་ཁང་པ་ལ་བར་ཆད་ཆེན་པོ་ཐེབས་མེད་པ་ནི་ས་གནས་འདིའི་བཅུད་ད་དུང་ཉམས་མེད་པ་དང་ལུང་པ་འདིའི་བྱིན་རླབས་ད་དུང་ཡལ་མེད་པའི་རྟགས་ལོས་ཡིན། དོན་དམ་དུ་སྐྱེ་བོ་དམ་པ་ཁྱིམ་ཚང་དབུལ་པོར་འཁྲུངས། མེ་ཏོག་ཡག་མོ་སྤང་ཐོག་ལུད་ལས་སྐྱེས་ཞེས་པ་ལྟར་ཐུན་མོང་མ་ཡིན་པའི་རིག་གནས་ཤིག་ལས་དམ་པ་ཞིག་འཁྲུངས་ལ། དམ་པ་དེས་ཐུན་མིན་གྱི་རིག་གནས་འཚོ་སྐྱོང་བྱས་པས་གནས་འདི་ན་ཤར་མི་ཉག་རིང་མོར་ཉི་མ་འདྲེན་པའི་སྐྱ་རེངས་དང་ཟླ་བ་བསུ་བའི་མཚམས་སྤྲིན་ཤར་མྱོང་བ་སུས་ཀྱང་བསྙོན་དུ་མེད་དོ།།

    རྣམ་ཐར་ནང་གསལ་བ་ལྟར་གངས་དཀར་རིན་པོ་ཆེ་སྐུ་ན་ཆུང་དུས་ནས་དབྱངས་གསལ་སྦྱོར་ཀློག་འབྲི་གསུམ་གྱི་འགོ་ཚུགས་ཀྱང་། སྐབས་དེ་དུས་རྨ་སེ་དགོན་ཁམས་གསུམ་གྲགས་ནི་ཞིག་རལ་དུ་གྱུར་པ་དང་། གངས་དཀར་དགོན་རྙིང་ནི་ཐག་རིང་པས་རྨུ་རྒྱུ་ལུང་པ་ནང་སོག་པོ་གྲོང་པར་ཐང་རྒྱལ་ལྷ་ཁང་ཞིག་ཡོད་པ་དེ་ན་བཞུགས་ཏེ་སློབ་གཉེར་མཛད། གནས་དེ་ན་སྦྱོར་ཀློག་འབྲི་གསུམ་དང་། འབུད་རྡུང་བཅའ་གསུམ། གདངས་དབྱངས་གར་གསུམ་བཅས་ལ་འབད་པ་མཛད་དེ་བྱང་ཆུབ་པར་ཕྱིན། ས་དེ་གའི་མི་རྣམས་ཀྱི་ངག་རྒྱུན་དུ་དམ་པའི་སྐུ་གོང་མ་ཀརྨ་ཚེ་རིང་དབང་པོ་འཁྲུངས་ས་ཞ་ར་ཚང་ནི་ཐང་རྒྱལ་ལྷ་ཁང་དང་ཐག་ཉེ་སར་ཡོད་པས་ཁོ་རང་དུས་རྒྱུན་ཁྱིམ་ཚང་དེར་ཕེབས་ནས་སྐུ་གོང་མའི་མཆོད་ཆ་དང་ན་བཟའ། ལྷ་སྐུ་སོགས་འདི་ངའི་རེད། ད་དུང་འདི་དང་དེ་མི་འདུག་ཅེས་སྔོན་གནས་རྗེས་དྲན་གྱི་རྟགས་མང་པོ་བསྟན་པར་གྲགས་ལ། སྐུ་གོང་མ་འཁྲུངས་སའི་ཞ་ར་ཚང་ཞེས་པའི་དུད་ཁ་ནི་ད་དུང་ཡང་སོག་པོ་གྲོང་པའི་ལམ་འགྲམ་ལ་འདུག

   དམ་པ་ཁོང་དགུང་ལོ་བཅོ་བརྒྱད་ལ་སོན་དུས་སྡེ་དགེ་དཔལ་སྤུངས་དགོན་པར་ཕེབས། སྔ་ཕྱིར་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་ཞུས་པས་མ་ཚད་སི་ཏུ་རིན་པོ་ཆེ་གཙོ་བོར་བྱས་པའི་སྐྱེས་ཆེན་དམ་པ་མང་པོ་བསྟེན་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་ལ་སྦྱངས་པ་མཐར་ཕྱིན་པར་མཛད་པས་འབོ་སྤྲུལ་ཞེས་སྙན་གྲགས་ཁྱབ། དེའི་རིང་ལ་བཀའ་བརྒྱུད་པའི་གདན་ས་ཆེན་པོ་སྟོད་ལུང་མཚུར་ཕུ་དགོན་པར་བྱོན་ནས་རྗེ་རྒྱལ་དབང་ཀརྨ་པ་མཁའ་ཁྱབ་རྡོ་རྗེའི་སྤྱན་སྔ་ནས་བཀའ་བརྒྱུད་པའི་ཟབ་ཆོས་མང་པོ་གསན། དཔལ་སྤུངས་ལ་ལོ་བཅུ་གཉིས་བཞུགས་རྗེས་སྤྱི་ལོ༡༩༢༢ལོར་ཕྱིར་མི་ཉག་ཡུལ་གྱི་རང་དགོན་དུ་ཕེབས། 

 ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གསུམ་པ།༽
ཁམས་གསུམ་གྲགས་དགོན་རྙིང་།

 མཚམས་འདི་རུ་ངས་གངས་དཀར་རི་བོའི་ཕྱོགས་སུ་ཁྱབ་པའི་ངག་རྒྱུན་སྙན་མོ་ཞིག་བཤད་འདོད་དེ། གངས་དཀར་སྤྲུལ་སྐུ་ཀརྨ་བཤད་སྒྲུབ་ཆོས་ཀྱི་སེང་གེའི་སྐུ་གོང་མ་ཀརྨ་ཚེ་རིང་དབང་པོ་ཚང་ནི་ཧ་ཅང་དབུལ་པོ་ཡིན་པས་ཚང་མས་ཤིག་སྤྲུལ་ཞེས་འབོད། ཐེངས་ཤིག་ལ་ཁོང་དཔལ་སྤུངས་དགོན་པར་བཀའ་བརྒྱུད་པའི་སྨོན་ལམ་ཆེན་མོར་ཕེབས་དུས་དགོན་པས་ཁོང་བླ་སྤྲུལ་མཁས་པ་མང་པོའི་གྲལ་མཐར་བཞག་སྟེ་རྔ་བརྡུང་དུ་བཅུག་པས་ཐུགས་མ་རངས་ཏེ་རྫུ་འཕྲུལ་གྱིས་རྔ་ལ་མེ་འབར་དུ་བཅུག་པ་དང་། ཐུགས་དགོངས་སུ་མི་ལ་ཤེས་རིག་ཡོན་ཏན་མེད་ན་མི་གྲལ་དུ་མི་ཚུད་པའི་གནས་ལུགས་མཁྱེན་ཏེ་ཕྱིར་ཕ་ཡུལ་དུ་ལོག་རྗེས་གངས་དཀར་རི་བོའི་སྒྲུབ་ཕུག་ཏུ་འཇམ་དཔལ་མཚན་བརྗོད་ཁོ་ན་བསྒྲུབས་ཏེ་སྐྱེ་བ་ཕྱི་མར་ཉི་མ་ཤར་བ་ལྟ་བུ་ཞིག་ཡོང་རྒྱུའི་ཐུགས་སྨོན་མཛད་པས་སྔོན་བསགས་ཚོགས་གཉིས་ཀྱིས་ད་ལྟའི་བར་དུ་སྐུ་ཕྲེང་དགུ་པ་གངས་དཀར་རིན་པོ་ཆེ་བཤད་སྒྲུབ་ཆོས་ཀྱི་སེང་གེ་ལྟ་བུའི་མཁས་པའི་གོ་འཕང་རྙེད་པ་ཞིག་འཁྲུངས་མ་མྱོང་ཞེས་མི་ཉག་པ་ཚོ་ལ་བཤད་རྒྱུ་འདུག

  ཕྱིར་རང་ཡུལ་དུ་ཕེབས་རྗེས་སྡེ་མི་སེར་རྣམས་ཀྱི་རོགས་རམ་ལ་བརྟེན་ནས་ཞིག་རལ་དུ་གྱུར་བའི་རྨ་སེ་དགོན་པར་འདུ་ཁང་ཀ་བ་བཅུ་དྲུག་ཡོད་པ་རྩེག་བཞི་ཅན་ཞིག་ལེགས་པར་གྲུབ་རྗེས་མུ་མཐུད་ནས་འབད་པར་བྱས་པས་དབྱར་གནས་ཁང་དང་ཨོ་རྒྱན་ལྷ་ཁང་། སྐུ་གདུང་ཁང་། མགོན་ཁང་། མི་སྟོང་འགའ་ཤོང་བའི་རྡོ་གཅལ་དང་གྲྭ་ཤག གཉེར་ཁང་སོགས་གྲུབ་པ་དང་། ལྷ་ས་དང་རྒྱ་ནག་སོགས་ལ་ཕེབས་ནས་ཡོན་བདག་སློབ་མ་རྣམས་ཀྱིས་ཕུལ་བའི་དད་རྫས་ཚང་མ་དགོན་པར་འགྲོ་སོང་བཏང་སྟེ་ནང་རྟེན་ཡང་ཕུན་སུམ་ཚོགས་པར་གྱུར། འདིར་ཞུ་དགོས་པ་ཞིག་ནི་སྤྱི་ལོ༡༣༡༧ལོར་ཤར་ཉི་ཉག་རིང་མོའི་རྨ་སེའི་རིགས་སུ་འཁྲུངས་པའི་རྨ་སེ་སྟོན་པ་རིན་ཆེན་བཟང་པོ་ནི་གངས་དཀར་བླ་མ་སྐུ་རབས་གཉིས་པ་ཡིན་ལ་དབུས་ལྷ་ས་སོགས་ལ་ཕེབས་ཏེ་ཇོ་ནང་ཀུན་མཁྱེན་སོགས་མཁས་གྲུབ་མང་པོ་བསྟེན་པས་མཁས་པའི་གོ་འཕང་རྙེད། ཇོ་ནང་པར་བུ་ཆེན་བཞི་གྲགས་པའི་ནང་ཁོང་ནི་བུ་ཆེན་གཙོ་བོ་ཡིན། སྤྱི་ལོ༡༣༧༢ལོར་རྟེན་འབྲེལ་བཟང་པོར་གཟིགས་ནས་དེང་སང་གངས་དཀར་རི་བོ་ཤང་གི་རྨུ་རྒྱུ་ཁྲི་འཛི་ལུང་པའི་རྒྱབ་རི་གར་མིའི་སྐེད་པར་དགོན་པ་ཞིག་བཏབ་པ་དེར་ཐོག་མར་མིང་དགོན་ཞེས་པ་དང་། རྗེས་སུ་རྨ་སེ་དགོན་ཁམས་གསུམ་གྲགས་བདེ་ཆེན་གླིང་ཞེས་གྲགས། གནས་དེར་བཤད་གྲྭ་དང་སྒྲུབ་གྲྭ་གཉིས་ཀ་བཙུགས་པས་བསྟན་པ་རྒྱས། བླ་མ་ཁོང་གིས་གངས་དཀར་དགོན་རྙིང་དང་རྨ་སེ་དགོན་གཉིས་ཀྱི་བདག་པོ་མཛད། སྐབས་དེ་དུས་ཀརྨ་པ་རོལ་པའི་རྡོ་རྗེ་གནས་འདི་གར་ཕེབས་ཏེ་དད་ལྡན་སེར་སྐྱ་རྣམས་ལ་ཆོས་ཀྱི་གནང་བ་བྱིན་པས་མ་ཚད་མི་ཉག་རབ་སྒང་གི་འཁྲུགས་པ་མང་པོ་ཞི་བར་མཛད་དེ་བློ་ཁ་ཆོས་ལ་བསྒྱུར།

 ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གསུམ་པ།༽
ཁམས་གསུམ་གྲགས་དགོན་པའི་མདུན་དུ་བླངས་པའི་པར་རྙིང་པ།

 ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གསུམ་པ།༽
གངས་དཀར་དགོན་པར་སློབ་འགོ་ཚུགས་པའི་མཛད་སྒོ།

   སྐུ་རབས་གསུམ་པ་ཀརྨ་ཆོས་ཀྱི་འོད་ཟེར་དང་བཞི་པ་ཀརྨ་ཀུན་དགའ་དཔལ་གྱི་བར་བསྟན་པ་ཤིན་ཏུ་རྒྱས་ཀྱང་། སོག་ཨོ་རོད་ཚོ་བཞིའི་དམག་གིས་ཤར་མི་ཉག་རིང་མོར་བཙན་འཛུལ་བྱེད་དུས་རྨ་སེ་དགོན་པ་འདིའང་བརླགས་ཏེ་ཞིག་རལ་དུ་གྱུར། དེ་ནས་རྒྱལ་མོ་ཚ་བ་རོང་ལ་འཁྲུངས་པའི་ཀརྨ་བྱང་ཆུབ་བསྟན་འཛིན་ནི་སྐུ་རབས་ལྔ་པ་དང་། བརྒྱད་ཟིལ་རྫོང་གི་ཤར་ཁ་རོང་དུ་འཁྲུངས་པའི་ཀརྨ་བྱང་ཆུབ་བསྟན་འཛིན་ནི་སྐུ་རབས་དྲུག་པ། ཤིས་ཁྲང་ཁོངས་ཀྱི་འབོ་ལོག་ཡུལ་ལ་འཁྲུངས་པའི་ཀརྨ་འཇིགས་མེད་ནི་སྐུ་རབས་བདུན་པ། རྨུ་རྒྱུར་འཁྲུངས་པའི་ཀརྨ་ཚེ་རིང་དབང་པོ་ནི་སྐུ་རབས་བརྒྱད་པར་བརྩིས་པ་བཅས་ཀྱི་རིང་ལ་གངས་དཀར་དགོན་རྙིང་པ་བསྐྱངས་པ་ལས་རྨ་སེ་དགོན་ནི་ཞིག་གསོ་བྱེད་མ་ཐུབ་པར་ཞིག་རལ་དུ་ལྷག དེ་ལྟར་སྐུ་རབས་གཉིས་པས་ཁམས་གསུམ་གྲགས་བཞེངས་པ་ནས་བར་དུ་གཏོར་བཤིག་ཐེབས་ཏེ་སྐུ་རབས་བརྒྱད་པའི་བར་དུ་ཞིག་རལ་དུ་ལྷག་ཀྱང་སྐུ་རབས་དགུ་པ་གངས་དཀར་རིན་པོ་ཆེ་ཀརྨ་བཤད་སྒྲུབ་ཆོས་ཀྱི་སེང་གེའི་དྲིན་ལས་སླར་གསོ་མཛད་པ་རེད།

  ང་ཚོ་ཁམས་གསུམ་གྲགས་དགོན་པ་ཐོག་མར་ཆགས་ས་དེར་འགྲོ་དུས་དེ་སྔོན་མཇལ་མྱོང་བའི་ཁམས་གསུམ་གྲགས་དགོན་པའི་སྒོ་བརྒྱབ་འདུག དེའི་ཐོག་ལ་ཡོད་པ་དེ་ནི་གྲུབ་མཐའ་ས་སྐྱའི་དགོན་པ་ཞིག་རེད། དགོན་པ་དེའི་མཁན་པོས་འགྲོ་མགོན་ཆོས་རྒྱལ་འཕགས་པའི་དུས་སུ་དགེ་འདུན་སྤུངས་འབུམ་ཞེས་པའི་གྲུབ་ཐོབ་པ་གྲགས་ཆེན་ཞིག་ཡོད་པ་དེས་མི་ཉག་རྒྱལ་པོ་ལ་གནས་འདི་ན་དགོན་ས་ཞིག་གནང་རོགས་ཞེས་ཞུས་ཀྱང་ཆོག་མཆན་མ་གནང་། མཐར་གོམ་པ་གང་སྤོ་ས་ཞིག་གནང་རོགས་ཞེས་པ་རྒྱལ་པོས་ཁས་བླངས་པས་རྫུ་འཕྲུལ་གྱིས་ཐོག་ས་ནས་དམའ་ས་བར་གོམ་པ་ཆེན་པོ་ཞིག་སྤོས་པས་ད་ལྟའི་དགོན་པ་ཆགས་ས་འདི་ལོན་ལ། དེང་སང་ཐོག་སའི་ཉ་ག་དེ་ལ་སྤུངས་འབུམ་ཧ་ཉག་དང་དམའ་སའི་ཆུ་མིག་དེ་ལ་སྤུངས་འབུམ་ཆུ་མིག་ཅེས་འབོད་ཀྱིན་འདུག  ངག་རྒྱུན་དེ་ལས་དགོན་པ་འདི་ཐོག་མར་བཞེངས་དུས་ནས་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་ཤེས་ཐུབ།

  ཡོངས་གྲགས་སུ་གངས་དཀར་རི་བོའི་འདབས་ལ་ཡོད་པ་དེར་གངས་དཀར་དགོན་དང་། འདི་ན་ཡོད་པ་དེར་ཁམས་གསུམ་གྲགས་ཟེར་ཡང་། མཁན་པོ་དེས་གནས་འདིའི་འོག་ན་ཡོད་པའི་བཀའ་བརྒྱུད་དགོན་པ་དེ་ལ་གངས་དཀར་དགོན་དང་ཐོག་ལ་ཆགས་པའི་ས་སྐྱའི་དགོན་པ་ལ་ཁམས་གསུམ་གྲགས་ཟེར་བ་རེད་ཅེས་བཤད། ལོ་ངོ་གསུམ་ཙམ་གྱི་སྔོན་ལ་ང་རང་འདི་ན་ཡོང་དུས་གངས་དཀར་རིན་པོ་ཆེའི་སྐུ་གདུང་བཀའ་བརྒྱུད་དགོན་པ་འདིའི་ནང་བཞུགས་ཡོད་པས་མ་ཚད་གྲྭ་བཙུན་གཉིས་གསུམ་ཡང་སྣང་མོད། དེང་སང་དགོན་པ་རྨུ་རྒྱུའི་རི་རྒྱུད་ཅེས་པའི་རི་སྐེད་དུ་སྤོས་ལ་གངས་དཀར་རིན་པོ་ཆེའི་སྐུ་གདུང་ཡང་དེ་ན་གདན་དྲངས་ཚར། ཤིང་ལེབ་ཀྱིས་དམ་པོར་བཀབ་ཡོད་པའི་དགོན་པའི་སྒོ་ཆེན་གྱི་སྲུབས་ནས་བལྟས་དུས་གྱང་གི་ངོས་སུ་ཀརྨ་པ་མཁྱེན་ནོ་ཞེས་པའི་ཡིག་འབྲུ་དག་གསལ་པོར་མཐོང་བ་ལས་དེ་མིན་འཇམ་ཐིང་ཐིང་རེད། དགོན་པའི་རྒྱབ་ལ་ཀརྨ་པ་རོལ་པའི་རྡོ་རྗེའི་གྲུབ་ཆུ་རེད་ཅེས་པའི་གངས་ཆུ་དྭངས་གསལ་ཅན་དེ་སྔར་ལྟར་བཞུར་ཏེ་དགོན་པ་འདིའི་འཕེལ་འགྲིབ་ལྷུག་པོར་བརྗོད་པ་དང་མཚུངས།

 ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གསུམ་པ།༽
ཀརྨ་པ་རོལ་པའི་རྡོ་རྗེས་བཏོན་པའི་གྲུབ་ཆུ།

  དགོན་རྙིང་དེ་མཇལ་ཚར་རྗེས་ཕྱིར་ལོག་སྟེ་རྨུ་རྒྱུའི་རི་རྒྱུད་ན་གསར་དུ་བཞེངས་པའི་ཁམས་གསུམ་གྲགས་དགོན་པ་མཇལ་དུ་སོང་། ས་གསལ་པོ་ཁམས་དྭངས་བར་བྱེད་པའི་གནས་མཆོག་དེར་དགོན་པ་གསར་པ་ནི་སྔོན་ལས་རྒྱ་ཆེ་ཞིང་རྣམ་པར་བཀྲ་བས་ཡིད་དབང་འཕྲོག་པ་ཞིག་རེད་མོད། རྙིང་དྲེག་ཆགས་ཤིང་རྩམ་དྲི་འཐུལ་བའི་རྩིག་པ་དང་། རྐང་རྗེས་བཀྲ་ལ་ཉི་འོད་འགོས་པའི་རྡོ་གཅལ་ལྡན་པའི་དགོན་རྙིང་ལྟ་བུའི་ཡིད་སེམས་རང་དབང་མེད་པར་འགུགས་པའི་ནུས་པ་ཞིག་མི་འདུག རེད་དེ། དུས་ཀྱི་འགྲོས་ནང་བཤད་སྒྲུབ་ཀྱི་དངོས་གྲུབ་དང་དམ་པའི་བྱིན་རླབས་ཀྱིས་གནས་འདིའང་བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར་ས་ཞིག་ཏུ་འགྱུར་ཐག་ཆོད་རེད།

 ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གསུམ་པ།༽
ཁམས་གསུམ་གྲགས་དགོན་གསར།

   དེ་ལྟར་གངས་དཀར་རིན་པོ་ཆེ་བཤད་སྒྲུབ་ཆོས་ཀྱི་སེང་གེས་ཁམས་གསུམ་གྲགས་ཆགས་པའི་ཡུལ་ཤོག་གི་མི་རྣམས་ཐུགས་ཀྱིས་བཟུང་སྟེ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལས་གྲོལ་བར་མཛད་པས་མ་ཚད་ཉག་ཆུ་རྫོང་གི་ཨོ་རོང་གཤིས་ཀྱི་ཕག་མོ་རིའི་དགོན་པ་ཞིག་གསོ་མཛད་དེ་འཆམ་གོས་དང་འབག་སོགས་གནང་སྟེ་དབྱར་ཚོགས་གསར་དུ་བཙུགས། ངའི་ཕ་ཡུལ་ཕྱོགས་ལ་ཡོད་པའི་ཕོ་བྲང་ལྔ་བརྩེགས་ཀྱི་ཕ་རོལ་ཤར་རི་ཞེས་པའི་གྲོང་པར་སྡིག་དག་དགོན་བཏབ་ནས་འབྲོག་སྤྲུལ་བརྩོན་འགྲུས་མཐར་ཕྱིན་བླ་མར་བསྐོས། ཉག་ཆུའི་ཕར་རོལ་ཉ་ཡུལ་ཞབས་ཞེས་ངའི་ཕ་ཡུལ་ཡོད་སའི་ཤང་དེར་གོ་ཚང་འོག་དགོན་བཏབ་ནས་ངག་དབང་ཆོས་གྲགས་བླ་མར་བསྐོས། གཞི་རི་ལ་འཇང་ཟླ་བས་དགོན་བདག་བྱེད་པའི་དགོན་པ་སོགས་བཏབ་ནས་རོང་ས་དེ་དག་ནའང་བསྟན་པ་རྒྱས་པའི་གཞི་བཏིང་།འདིར་འཇང་ཟླ་བ་ཞུས་པ་དེ་ནི་ངའི་ཕ་ཡུལ་དང་ཉིན་ལམ་གཅིག་ཙམ་རྒྱང་བའི་གདན་ཕྱག་ཅེས་པ་ན་བཞུགས་མྱོང་བའི་བླ་མ་དེ་ཡིན་ངེས་ཏེ། ཡུལ་མི་ཚོས་ཁོང་ནི་འཇང་ས་དམ་གྱི་མི་ཡིན་ཟེར་ལ། དུས་རྒྱུན་བླ་མ་ཟླ་བ་འཇམ་དཔལ་ཞེས་ཧ་ཅང་དད་བཀུར་བྱས། ཁོང་སྨན་ལ་ཧ་ཅང་མཁས་པས་ཡུལ་མི་མང་པོའི་ནད་བཅོས་མྱོང་ལ། ངའི་ཨ་ཕ་དང་འབྲེལ་བ་བཟང་པས་དུས་རྒྱུན་ང་ཚོའི་ཁྱིམ་ནང་ཕེབས་མྱོང་བ་ད་ལྟ་ད་དུང་བརྗེད་རྒྱུ་མི་འདུག

  གངས་དཀར་རིན་པོ་ཆེས་རྒྱལ་བའི་བསྟན་པ་དང་དད་ལྡན་མི་སེར་རྣམས་ཀྱི་སླད་དུ་བོད་ཡུལ་དང་རྒྱ་ནག་གི་ས་གནས་མང་པོ་ཞབས་ཀྱིས་བཅགས་ཏེ་ཆོས་ཀྱིས་སྨིན་གྲོལ་མཛད་པ་དང་། བོད་རྒྱ་འཇང་གསུམ་ནས་འོངས་པའི་སློབ་མ་གསོ་སྐྱོང་བྱས་པས་བོད་ཀྱི་རིག་གནས་ལ་བྱས་རྗེས་གཞལ་དུ་མེད་པ་བཞག མཐར་སྤྱི་ལོ༡༩༥༧ལོའི་ཟླ་བ༣པའི་ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོར་དགོངས་པ་ཆོས་དབྱིངས་སུ་བསྡུས།

 

ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གསུམ་པ།༽

   ངས་བསམས་ན་སྐྱེས་ཆེན་དམ་པ་ཞིག་གིས་འགྲོ་དོན་དུ་བཞག་པའི་བྱས་རྗེས་ནི་དུས་ཇི་ལྟར་འགྱུར་ཡང་སྟོན་གྱི་འབྲས་བུ་ལ་མྱུ་གུ་འཁྲུངས་པ་ལྟར་རུལ་རྒྱུ་མེད་ལ། བསགས་མཐར་ཟད་པའི་ཚོང་པ་རྒྱུ་ཆེན་དང་མཐོ་མཐར་ལྷུང་བའི་དཔོན་པོ་གྲགས་ཆེན་ཚོའི་ལས་དབང་དང་བསྡུར་ན། འདས་མ་ད་གསུམ་མཐུད་པའི་རིག་གནས་པ་ཞིག་གི་ལས་དབང་ནི་ཁོ་རང་མ་གཏོགས་སུ་གཅིག་གིས་ཀྱང་བསྒྱུར་ཐུབ་པ་ཞིག་རེད་མི་འདུག་གོ།།

 

ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གསུམ་པ།༽


མི་ཉག་འབོ་གངས་དཀར་དང་གངས་དཀར་དགོན་པ།

 

  བོད་ཀྱི་ལུགས་ལྟར་ན་གནས་སྐོར་འགྲོ་བ་ལ་ཕྱི་སྐོར་དང་ནང་སྐོར་ཞེས་པའམ།བོན་སྐོར་དང་ཆོས་སྐོར་ཞེས་གཡོན་ནས་གཡས་སུའམ་གཡས་ནས་གཡོན་དུ་སྐོར་བ་བཅས་རྣམ་པ་གཉིས་ཡོད་པ་ལས་མི་ཉག་པ་མང་ཤོས་ཀྱིས་དར་མདོ་ནས་ཚ་ཁོག་ལུང་པ་དང་།དེ་ནས་འཚེ་མེད་གྲོང་པ་བརྒྱུད་དེ་གངས་དཀར་རི་བོ་དྲང་སྐོར་བྱས་པ་མང་ཡང་།ངས་ཤར་མི་ཉག་གི་ལུང་པ་རིང་མོར་ཡོད་པའི་ལྕགས་ཟམ་དང་།ཁང་རྙིང་།མཁར་རྫོང་།དགོན་པ་སོགས་མཇལ་བའི་ཆེད་དུ།དར་མདོ་ནས་འགོ་ཚུགས་ཏེ་གངས་དཀར་རི་བོ་ཤང་གི་ཕྱོགས་སུ་སོང་།མི་ཉག་མགར་པ་དང་སྐྱ་གད།བོན་པོ་གཤིས།ས་བདེ་བཅས་ས་ཆ་སོ་སོར་ཡོད་པའི་གནའ་དུས་ཀྱི་རྗེས་ཤུལ་རྣམས་མཇལ་རྗེས་གསེར་མགོ་གྲོང་པར་མགྲོན་ཁང་ཆུང་ཆུང་ཞིག་ནང་ཞག་སྡོད་བྱས་ཏེ་ཉིན་གཅིག་གི་མཐོང་ཐོས་རགས་རིམ་ཙམ་ཟིན་བྲིས་སུ་བཏབ་པ་ཡིན།

  དེའི་ཕྱི་ཉིན་ཉི་མ་རི་རྩེར་ཕོག་མ་ཐག་སྒོ་ལས་བུད་དེ་ཀླུ་པ་ཕྱོགས་སུ་སོང་།ཕུག་ལམ་ཞིག་བརྒལ་རྗེས་སི་ཧུ་རོང་ལུང་པ་ནང་འཛུལ་འགོ་ཚུགས།དེ་ནི་མི་ཉག་སི་ཧུ་རྒྱལ་པོའི་བཞུགས་གནས་ཡིན་ལ།འགའ་ཤས་ཀྱིས་ཆུ་ཡི་ཕར་རོལ་དུ་གྲོང་པའི་དཀྱིལ་ནང་གྱང་རོ་ཞིག་ཡོད་པ་དེ་ནི་སི་ཧུ་རྒྱལ་པོའི་མཁར་ཤུལ་རེད་ཟེར་ཡང་།མི་རྒན་འགའ་ཡིས་དེ་ནི་མི་སེར་ཞིག་གི་ལྷ་ཁང་རྙིང་པའི་ཤུལ་ཡིན་ལ་མི་ཉག་རྒྱལ་པོའི་མཁར་ཡོད་ས་ནི་དེང་སང་དུད་ཁ་གསུམ་བཞི་ཙམ་ཡོད་པའི་ལམ་ཞབས་ཀྱི་ས་གདན་གདན་དེ་ཡིན་དགོས།དེ་ན་ཁང་པ་ལས་དུས་རྩིག་ཞེང་ཆེན་པོའི་ཤུལ་ཡོད་པས་མ་ཚད་ཡི་གེའང་བུད་མྱོང་ཟེར།ལུང་པ་དོག་པོར་ས་རྒྱ་ཅུང་ཆེ་བ་དེ་འདྲ་ཞིག་རྒྱལ་པོས་གདན་སར་བདམས་སྲིད་མོད།དེང་སང་བཤད་སྒྲོས་ཙམ་ལས་དངོས་པོའི་རྟགས་མཚན་ཅི་ཡང་མི་འདུག

 ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གསུམ་པ།༽
མི་ལ་ལས་འདི་ནི་སི་ཧུ་རྒྱལ་པོའི་མཁར་ཡོད་ཤུལ་རེད་ཟེར།

ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གསུམ་པ།༽
སི་ཧུ་རྒྱལ་པོའི་མཁར་ཆགས་ཤུལ་ཡིན་པར་གྲགས།

 ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གསུམ་པ།༽
སི་ཧུ་རྒྱལ་པོའི་མཁར་ཆགས་ཤུལ་ཡིན་པར་གྲགས།

    ངས་སི་ཧུ་རོང་དང་ཀླུ་པ། རྨུ་རྒྱུ། སོག་པོ་བཅས་སོ་སོ་ན་ཡོད་པའི་གྱང་རོ་དང་ལྷ་ཁང་། དགོན་པ། ཐང་རྒྱལ་ལྷ་ཁང་བཅས་རེ་རེ་བཞིན་མཇལ་ནས་ལམ་འགྲམ་ལ་ཙོག་སྟེ་རྒྱུས་ཡོད་ཀྱི་ཡུལ་མི་ཚོའི་བཤད་སྒྲོས་དང་རང་གི་བསམ་ཚུལ་རྣམས་ཟིན་ཐོར་འགོད་དུས་ཐལ་བ་འགོས་པའི་ཟིན་ཐོ་ནི་ཇེ་མཐུག་ནས་ཇེ་མཐུག་ལ་གྱུར་པས་ཆུང་དུས་སུ་སྟོན་ཐོག་བརྔས་རྗེས་ཞིང་ཁ་ན་ཐུམ་བུ་བསྡུས་པ་ལྟར་ཡིད་སེམས་ཚིམ་ལ་བློ་ཁ་བདེ་བའི་སྣང་བ་སྐྱེས་བྱུང་། ལུང་པ་དེད་ནས་ཡར་འགྲོ་བཞིན་དུ་གཡས་གཡོན་གྱི་ཁ་རྒྱ་ཇེ་ཆེར་འགྲོ་བ་དང་བསྟུན་ནས་ཐང་ཤིང་སོགས་ཤིང་སྡོང་མཐོན་པོ་རིག་རྒྱུ་མེད་པར་ས་ལས་བུད་པ་ཙམ་གྱི་སུ་རུ་དང་ཚེར་ཕུང་། ཤུག་པ་རྐྱང་རྐྱང་རེད། ནང་སྒོས་སུ་ཤུག་པ་ཧ་ཅང་མང་བས་གནའ་ནས་གཡུ་ལོ་གཤིས་ཞེས་འབོད་ཀྱང་དེང་སང་ཐ་སྙད་པ་མང་པོས་ས་སྐྱིད་པོ་སེམས་ཆགས་ས་ཡིན་པས་ཡིད་ལྷུང་གཤིས་ཟེར་བ་རེད་ཅེས་མ་དག་རྒྱུན་འབྱམས་སུ་མངགས། མཁས་དབང་མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱིས་སྤྱིར་བཏང་ཤུག་པ་དང་མཁན་པ་གཉིས་བསྲེགས་པ་ཡིན། བསང་རྫས་དེ་གཉིས་ལ་མཚམས་རེར་གཡུ་ལོ་དང་གསེར་ལོ༼གཡུ་ཡི་ལོ་མ་དང་གསེར་གྱི་ལོ་མ།༽ཞེས་འབོད་ལ། ཤུག་པ་ནི་མཁན་པ་ལས་ཅུང་བཟང་བར་བརྩི། ཤུག་པ་ནི་བོན་གྱི་ཤིང་མཆོག་ཅིག་ཡིན་པས་དེ་ལ་ལྷ་ཤིང་ཤུག་པ་གཡུ་ལོ་ཞེས་འབོད་པ་ཡིན་ལ། ཤིང་དེ་ནི་བོན་གྱི་འགྱུར་མེད་རྟག་བརྟན་གྱི་མཚོན་བྱེད་བཞི་ཡི་གྲས་ཤིག་ཡིན། རྩི་ཤིང་ལས་ཐོན་པའི་དུད་སྤྲིན་དང་། ལྷག་པར་ཤིང་ཤུག་པའི་དུ་བས་གྲིབ་སྐྱོན་དག་གཙང་བྱེད་ཐུབ་པར་ཡིད་ཆེས་བྱེད་པ་ཡིན་ཞེས་པ་ལྟར་ཤུག་པ་གཡུ་ལོ་མང་བའི་ས་ལ་གཡུ་ལོ་གཤིས་ཞེས་འབོད་པ་རེད་ཅེས་མི་རྒན་འགའ་ཡི་ཞལ་ལས་ཀྱང་ཐོས་སོ།། ལུང་པའི་དཀྱིལ་ནས་བཞུར་བའི་གངས་ཆུ་དེ་ནི་སེམས་ཅན་ཀུན་གྱི་གསོས་སུ་གྱུར་བའི་དྲིན་ཆེན་ཡིན་ཐག་ཆོད་མོད། ད་བར་དུ་མིང་ཡང་མེད་པས་ངས་དེ་ལ་གཡུ་ཆུ་ཞེས་པའི་མིང་ཞིག་བཏགས་ཡོད། གཅིག་བྱས་ན་མ་འོངས་པར་མི་ཚང་མས་ཆུ་དེ་ལ་གཡུ་ཆུ་ཞེས་འབོད་ནའང་སྲིད།

 ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གསུམ་པ།༽
ཀརྨ་པ་རོལ་པའི་རྡོ་རྗེས་མནན་པ་བརྒྱབ་ཤུལ།

ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གསུམ་པ།༽
ཀརྨ་པ་རོལ་པའི་རྡོ་རྗེའི་ཞབས་རྗེས།

   གཡུ་ལོ་གཤིས་ནི་ཁ་རྒྱ་ཅུང་ཆེ་བས་མ་གཞིར་རླུང་ཁ་ཆེ་བ་ཞིག་ཡིན་མོད། ཀརྨ་པ་རོལ་པའི་རྡོ་རྗེས་རླུང་འགོག་པའི་མནན་པ་བརྒྱབ་པས་དེང་སང་དགུང་མོར་རླུང་ཁ་ཧ་ཅང་ཆུང་ཞེས་བཤད་སྲོལ་འདུག་ལ། ལམ་ཞབས་ལ་རྡོ་ཞིག་གི་ངོས་སུ་ཞབས་རྗེས་དང་འགྲམ་ལ་རྡོ་དཀར་དང་མ་ཎི་རྡོ་འབུམ་གཅིག་ཀྱང་བཞག་ཡོད་པ་དེ་ནི་མནན་པ་བརྒྱབ་ཤུལ་རེད་ཅེས་ཚང་མས་མཆོད་འབུལ་བྱེད་བཞིན་འདུག གྲོང་པའི་སྟོད་ཙམ་ལ་གཡས་ཕྱོགས་ཀྱི་རི་སྐེད་ན་ཕག་མོ་མཆོད་རྟེན་ཞེས་པ་ཞིག་ཐག་རིང་ནས་མཐོང་ཐུབ་པ་དེ་ནི་གངས་དཀར་དགོན་པ་ཐོག་མར་འདི་ན་གདབ་འདོད་ཀྱང་རྟེན་འབྲེལ་མ་འགྲིག་པས་དགོན་པ་མ་བཏབ་པར་མཆོད་རྟེན་དེ་བཞེངས་པ་རེད་ཟེར། དེ་མིན་ཐང་སྟོང་རྒྱལ་པོ་དང་གངས་དཀར་རིན་པོ་ཆེ་སོགས་སྐྱེ་བོ་དམ་པ་མང་པོས་ཞབས་ཀྱིས་བཅགས་མྱོང་བའི་བྱིན་རླབས་ཀྱིས་འདི་ནའི་མི་རྣམས་ནི་ཉམ་ཆུང་ལ་བག་ཆགས་པ།བྱམས་དང་སྙིང་རྗེ་ལྡན་ལ་འགྲོགས་འདྲིས་བདེ་བ་ཞིག་རེད། བོད་ཀྱི་ཡུལ་གྲུ་མང་པོར་གཏམ་རྒྱུད་དང་ངག་རྒྱུན། གླུ་བྲོ་དང་གཏམ་བཤད་ལ་མཁས་པའི་མི་མང་པོ་ཡོད་མོད། དུས་ཀྱི་དབང་གིས་རྒན་པོ་རྣམས་ལྔ་བའི་ལམ་དུ་གཤེགས་ཟིན། ལོ་ཆུང་ཚོར་སྦྱངས་འདོད་མེད་པས་དམངས་ཁྲོད་རིག་གནས་ནི་སྐྱ་ཟད་སྔོ་སྡུག་གི་དུས་ལ་སླེབས་འདུག གྲོང་པ་འདིའི་ནང་ལོ་ན་དྲུག་ཅུ་ཙམ་ལ་སོན་པའི་ཨ་ཁུ་བློ་བཟང་རྒྱལ་མཚན་ཞེས་པ་ཞིག་འདུག  ཁོང་ནི་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྟོན་བཤད་ལ་ཧ་ཅང་མཁས་པ་ཞིག་རེད་ཟེར། ཉིན་དེར་ཁོང་གི་ཁྱིམ་ནང་སོང་སྟེ་དུས་ཐུང་ནང་ཁ་བརྡ་བྱས་པ་ན། ཁོང་གི་སྟོན་བཤད་ནང་བོད་ཀྱི་གཞི་བདག་གྲགས་ཅན་གྱི་མིང་དང་། ས་གནས་འདིའི་རི་ཆུའི་ངག་རྒྱུན། བོད་ཀྱི་ཡུལ་སྲོལ་གོམས་གཤིས་མང་པོ་གོ་རྒྱུ་འདུག མི་རིགས་གང་ཞིག་ཡིན་རུང་དེའི་རིག་གནས་ནི་མཁས་པ་རྣམས་ཀྱིས་བརྩམས་པའི་རིག་གཞུང་དང་བོད་མི་རྣམས་ཀྱི་བློ་རིག་ལས་འཁྲུངས་པའི་དམངས་ཁྲོད་རིག་གནས་གཉིས་ཀྱིས་གྲུབ་པ་ཡིན་ལ། ང་ཚོ་ནི་འདི་འདྲའི་རིག་གནས་ཁོར་ཡུག་ནང་འཚར་ལོངས་བྱུང་བས་ལུས་སེམས་གཉིས་ལ་སུས་ཀྱང་བསྒྱུར་མི་ཐུབ་ལ་གང་གིས་ཀྱང་ཚབ་བྱེད་མི་དགོས་པའི་རིག་གནས་ཀྱི་རྟགས་ཤིག་ཡོད། གལ་སྲིད་འདི་དག་ང་ཚོའི་ལག་ནས་ཤོར་སོང་ན་བདག་པོས་གོ་མ་ཆོད་པའི་རྟགས་རེད། ཐེངས་འདིར་དུས་ཚོད་ཐུང་ངུ་ནང་ཁོང་གི་སྟོན་བཤད་ཚང་མ་ཟིན་ཐོར་འགོད་ཁོམ་མེད་ཀྱང་། ངས་ཨ་ཁུ་བློ་བཟང་རྒྱལ་མཚན་ལ་རེ་བ་ཞུས་པ་ལྟར་མི་འགྱང་པར་ཁོང་གི་སྟོན་བཤད་ཡོད་ཚད་ཡི་གེར་ཕབ་སྟེ་རྣམ་པ་ཚོའི་སྤྱན་ལམ་དུ་དབུལ་ངེས་ཡིན།

    དགོང་མོ་དེར་གྲོགས་པོའི་ཉེ་བ་ཚང་ཞིག་ལ་གནས་བཅས། གནས་པོ་ཚང་གི་དྲིན་ལས་དགོང་ཟས་ཞིམ་པོ་ཞིག་བཟས་རྗེས་ང་རང་ཉལ་སར་ལོག་སྟེ་ཉིན་གཅིག་གི་ཟིན་ཐོ་འགོད་དུས། ཕྱི་རོལ་དུ་ཁ་བ་ཆེན་པོ་ཞིག་འབབ་ཀྱིན་འདུག   ང་རང་གི་བསམ་བློ་ནི་གཡུ་ཆུ་ལྟར་གྱུ་གྱུར་བཞུར་ཞིང་ཁ་བའི་འདབ་མ་ལྟར་ཤོག་ངོས་སུ་སིམ་སོང་།

    ཞོགས་པ་སྔ་མོ་ནས་ལངས་ཏེ་གནས་པོ་ཚང་གིས་བརྫངས་པའི་མི་ཉག་ཕོ་ལོག་དང་གོ་རེ། སྐྱུར་ལོག་སོགས་ཁུག་མ་གང་ཁྱེར་ཏེ་གཡུ་ལོ་གཤིས་ཀྱི་གྲོང་འདབས་ལ་བབ་རྗེས་གངས་དཀར་རི་བོའི་ཕྱོགས་སུ་སོང་། འཚེ་མེད་ཧ་ཉག་ལ་སླེབས་དུས་སྨུག་པས་རི་མགོ་གཡོགས་ཏེ་འགྲོ་ལམ་ཡང་གསལ་པོར་མཐོང་མི་ཐུབ། གངས་དཀར་རི་བོའི་སྐེད་པ་ཡན་ཆད་སྤྲིན་དང་སྨུག་པས་བཏུམས་ཏེ་རལ་པས་ཁོག་སྟོད་ཁེབས་པའི་སེང་གེ་དང་སྐྲ་རིང་པོས་མགོ་བོ་བཀབ་པའི་ཕོ་རྒོད་ཅིག་དང་འདྲ། ང་རང་ཐེངས་དང་པོར་འོངས་དུས་གངས་དཀར་རི་བོའི་ཞལ་རས་གསལ་པོ་ཞིག་མཇལ་མྱོང་ལ། དུས་རྒྱུན་པར་དེབ་རྣམས་ལས་ཉི་ཟླ་དང་མཚམས་སྤྲིན། འཇའ་ཚོན་གྱིས་འཁྱུད་པའི་གངས་དཀར་རི་བོའི་སྒེག་པ་དང་རྨད་བྱུང་གི་ཉམས་མང་པོ་མཇལ་མྱོང་ཡང་རྟག་ཏུ་མིག་ལམ་དུ་གསལ་པོར་ཤར་བ་ལས་ནམ་ཡང་སེམས་ནང་བརྟན་པོར་ཞུགས་ན་མི་དགའ་འམ།

   གནས་ཡིག་ནང་གངས་དཀར་རི་བོའི་ཕྱིའི་དབྱིབས་རྒྱལ་སྲིད་སྣ་བདུན་དང་བཀྲ་ཤིས་རྟགས་བརྒྱད་ཀྱི་རྣམ་པར་བཀྲ་བའི་དགེ་མཚན་གྱིས་མཛེས་ཤིང་། འཛམ་གླིང་གི་ཤིང་སྣ་ཐམས་ཅད་ཚང་བ་དང་། གདུགས་དང་བ་དན་སོགས་མཆོད་རྫས་ཀྱི་རྣམ་པ་རྒྱུན་མི་ཆད་པ། རི་དེའི་མགུལ་ན་རང་བྱུང་འོད་ཀྱི་དར་པོ་ཆེ་ཁ་དོག་ཅིར་ཡང་སྣང་བ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་རབ་ཏུ་གནས་ཤིང་བྱིན་གྱིས་བརླབས་པ་དང་བརླབ་པར་འགྱུར་བ་འདི་ཉིད་འཕྲལ་དུ་མཐོང་མ་ནུས་ན་ལས་ཉོན་གྱི་སྒྲིབ་པ་ཤས་ཆེ་བའི་རྟགས་ཡིན་པས་ཕྱག་སྐོར་ཡིག་བརྒྱ་སོགས་ལ་འབད་དགོས་པ་དང་། དེ་ཡང་དཀར་པོ་མཐོང་ན་ཞི་བའི་ལས་འགྲུབ་ཚེ་རིང་ནད་མེད་ཕྱི་མ་བདེ་བ་ཅན་དུ་སྐྱེ་བ་དང་། སེར་པོ་མཐོང་ན་བསོད་ནམས་ལོངས་སྤྱོད་ཆེ་ཞིང་རྒྱས་པའི་ལས་འགྲུབ། དམར་པོ་མཐོང་ན་དབང་ཐང་ཆེ། ལྗང་གུ་དང་ནག་པོ་སྔགས་པས་མཐོང་ན་དྲག་པོའི་ལས་འགྲུབ་ཅིང་གཞན་གྱིས་སྲུང་བཟློག་སོགས་ལ་འབད་དགོས་ཞེས་གསུངས། ངས་ད་སྔོན་བར་དུ་གངས་རིའི་མགུལ་ན་འོད་ཀྱི་དར་པོ་ཆེ་ཁ་དོག་ཅན་གཅིག་ཀྱང་མཐོང་མ་མྱོང་ཡང་། གནས་མཇལ་པ་མང་པོ་ལྟར་མ་མཐོང་ནའང་མཐོང་མདོག་བྱས་ཏེ་སྒྲོ་བཏགས་མི་སྲིད་ལ། རང་གིས་མ་མཐོང་བས་དེ་ལྟར་ཡོད་མི་སྲིད་ཅེས་སྐུར་འདེབས་ཀྱང་མི་བྱེད་པར། སེམས་ཀྱི་སྒྲིབ་པ་དག་པའི་ཆེད་དང་། འཚོ་བའི་འགྲོ་ལམ་ཡངས་པའི་སླད། བྱ་བའི་དབང་ཐང་དར་བའི་དོན་དུ་རུམ་ནང་ཉར་བའི་ཁ་དར་དཀར་སེར་དམར་གསུམ་ནམ་ཡང་གངས་རིའི་རྩེ་མོར་འབུལ་བཞིན་ཡོད།

   གཡང་གཟར་ལ་གྱ་གྱུ་མང་བའི་འཚེ་མེད་ལ་མོར་རིམ་གྱིས་བབ་སྟེ་གྲོང་ནང་སླེབས། འཚེ་མེད་གྲོང་སྟོད་དང་གྲོང་སྨད་གཉིས་ལ་དུད་ཁ་མང་པོ་མི་འདུག  མི་ཉག་སྐད་དུ་འཚེ་མེད་ཅེས་པ་ནི་ནགས་ཚལ་ནང་སྡོད་མཁན་ལ་ཟེར་བ་རེད་ཅེས་པ་བདེན་པར་སྣང་། འདི་ན་ནས་གངས་དཀར་དགོན་པའི་བར་ལ་སྤྱི་ལེ་བདུན་ཙམ་ཡོད་ལ་རླངས་འཁོར་མི་ཐར་ཡང་འཕྲུལ་རྟ་ལ་བཞོན་ནས་འགྲོ་ཆོག རེད་དེ། ལམ་བར་གྱི་ཡོད་ཚད་ཞིབ་ཀྱིས་མཇལ་བའི་སླད་དུ་ཁུག་མ་རྒྱབ་ཏུ་ཁུར་ནས་གངས་དཀར་དགོན་པའི་ཕྱོགས་སུ་སོང་།

   གངས་དཀར་རི་བོའི་ལུང་པ་སོ་སོ་ལས་འདུས་ཏེ་འཚེ་མེད་གྲོང་འདབས་ནས་བཞུར་བའི་གནས་ཆུ་ཞེས་པ་དེ་ནི་གཞན་དང་མ་འདྲ་བར་མདོག་ནི་སྔོ་སྐྱ་ཞིག་རེད། ང་ཚོ་ཤིང་ཟམ་ཞིག་གི་ཐོག་ནས་ཕར་རོལ་དུ་བགྲོད་དེ་སྤྱི་ལེ་གཅིག་ལྷག་ཙམ་སོང་རྗེས་སླར་ཡང་ཤིང་ཟམ་ཞིག་ནས་ཚུར་རོལ་དུ་སླེབས། ཟམ་པ་དེའི་སྣེ་མོ་ནི་མགོན་པོ་མི་འཁྲུགས་པའི་གནས་ཆུ་ཁ་རེད། གནས་མཇལ་པ་ཚོ་འདི་ན་སླེབས་དུས་ཁ་ལག་གཙང་མར་བཀྲུས་རྗེས་གཞི་ནས་གནས་མཇལ་དུ་འགྲོ་ཆོག་ཅེས་ཟེར་སྲོལ་འདུག་པས་ང་ཚོས་ཀྱང་དེ་ལྟར་བྱས་རྗེས་རྐང་ལམ་དེད་ནས་འགྲོ་དུས་རིམ་བཞིན་དུ་སངས་རྒྱས་མི་འཁྲུགས་པའི་གནས་དང་། ས་བདག་གི་གདོན་བསྒྲལ་བའི་ཕག་མགོ་ཕྱེད་ཀ དྲི་ཟའི་གདོན་བསྒྲལ་བའི་རྟ་མགོ་ཕྱེད་ཀ འཇུ་རུ་དཔོན་པོའི་གསོལ་མཛོ་མོའི་རྗེས། གཟིམས་དྲེལ་འཁྲབ་པའི་རྗེས། ཕ་བོང་བཤགས་པའི་རྟ་རེ་ཟུག་རྗེ་དང་ལམ་དཀྱིལ་དུ་དམ་སྲིད་སྤུན་དགུ་རུས་སྦལ་གྱི་དབྱིབས་ཀྱི་ཕ་བོང་གི་ཞབས་སུ་མནན་པ་ཞིག་འདུག  དེ་ལ་གཡས་གཡོན་དགུ་དགུ་བསྐོར་ཞིང་དམོད་བྱས་ན་དམ་སྲིད་འབྱུང་པོའི་བར་ཆད་ཀྱིས་མི་ཚུགས་པར་འགྱུར་ཞེས་བཤད། 

 ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གསུམ་པ།༽
མགོན་པོ་མི་འཁྲུགས་པའི་གནས་ཆུ་ཁ།

ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གསུམ་པ།༽
སངས་རྒྱས་མི་འཁྲུགས་པའི་གནས།

 ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གསུམ་པ།༽
ས་བདག་གི་གདོན་བསྒྲལ་བའི་ཕག་མགོ་ཕྱེད་ཀ

 ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གསུམ་པ།༽
ཕ་བོང་བཤགས་པའི་སྟ་རེ་ཟུག་རྗེས།

ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གསུམ་པ།༽
འཇུ་རུ་དབོན་པོའི་མཛོ་མོའི་རྗེས།

ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གསུམ་པ།༽
དམ་སྲིད་སྤུན་དགུ་ཕ་བོང་གི་ཞབས་ལ་མནན་ས།

   དེ་ནས་ས་གདན་གདན་ཞིག་ལ་སླེབས་དུས་གཡས་ཕྱོགས་ནི་དཔའ་དབང་མཚོ་དང་གཡོན་ཕྱོགས་ནི་འབོ་ཞབས་གྲོང་བརྡལ་ལ་འགྲོ་ས་རེད་འདུག  གནས་དེ་ན་ཐང་ཤིང་དང་བེ་ཤིང་གི་ཡལ་གར་ཐང་བལ་ལྷབ་ལྷུབ་ཏུ་གཡོ་ལ།བར་བར་དུ་བྱིའུ་དང་ནགས་བྱི་རྣམས་འཕུར་ཞིང་། ལམ་འགྲམ་ལ་ནགས་བེའུ་ཡང་ཡོད་པས་སེམས་སྤྲོ་བ་ཞིག་རེད། དེ་ནས་ཡར་སོང་ན་ལམ་འགྲམ་དུ་ཤིང་སྡོང་ལ་ཐང་རྒྱལ་འཕྲུལ་འཁོར་ཞེས་པའི་ཤིང་བྱང་ཞིག་བཀལ་འདུག  ལམ་ལྟག་ལ་སྤྱི་ལེ་གཅིག་ཙམ་སོང་ན་ཐང་སྟོང་རྒྱལ་པོས་རྩ་རླུང་སྦྱོང་སའི་ཤུལ་ཡོད་ཟེར། ཤིང་བྱང་ཡོད་ས་དེ་ནས་འཕྲེད་ལམ་ཞིག་ལ་འགྲོ་དགོས། ཕར་རིའི་ངོས་ལ་ཁ་སྡེར་ཡུ་མཐུད་མ་ལྟ་བུའི་ས་ཀོང་བུར་ཁ་བས་གང་འདུག་པ་ཞིག་ཡོད་པ་དེར་མི་ཉག་པ་ཚོས་གསེར་དངུལ་གྱི་ཁ་སྡེར་ཞེས་འབོད་ལ་ཧ་ཅང་འདྲ་མོ་ཞིག་རེད། འཕྲེད་ལམ་གྱི་སྣེ་མོའི་ལམ་ལྟག་ལ་རྡོ་ཞིག་གི་ངོས་སུ་ཀོང་བུ་མང་པོ་ཡོད་པར་མ་ཟད་འགྲམ་ལ་རྡེའུ་མང་པོ་བཞག་ཡོད་པ་དེ་ལ་འཁར་རྔ་རང་བྱོན་ཞེས་པ་དང་། མི་ཚང་མས་འཁར་རྔ་བརྡུངས་པར་ལད་མོ་བྱས་ཏེ་རྡེའུ་ཆུང་ཆུང་རྡོ་གཞོང་ལ་བརྡེགས་ན་ད་གཟོད་གནས་སྒོ་ཕྱེ་སྟེ་དངོས་གྲུབ་ཐོབ་ཅེས་པས་ང་ཚོས་ཀྱང་དེ་ལྟར་བྱས་ཏེ་ཅུང་ཟད་སོང་བ་ན་གངས་དཀར་དགོན་པ་མིག་ལམ་དུ་ཤར་བྱུང་། 

 

ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གསུམ་པ།༽

ཁ་སྡེར་ཡུ་མཐུད་མ།

ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གསུམ་པ།༽
འཁར་རྔ་རང་བྱོན།

     དགོན་པ་འདིའི་འབྱུང་ཁུངས་ནི་ཐོག་མར་གནས་དེ་ན་དཔལ་ཨ་ར་ཆོས་རྗེ་ཉི་མ་རྒྱལ་མཚན་གྱིས་དུས་རབས་བཅུ་གསུམ་པའི་དཀྱིལ་ཙམ་ལ་སྒྲུབ་ཁང་ཆུང་ངུ་ཞིག་བཏབ། དེ་རྗེས་ཁོང་གི་དབོན་བླ་མ་གྲགས་པའི་དཔལ་གྱིས་སྒྲུབ་ཁང་དེ་རྒྱ་ཆེར་བསྐྱེད་དེ་རི་ཁྲོད་ལྟ་བུ་ཞིག་བཞེངས་པ་ནས་བཟུང་མཚམས་ཞུགས་མཁན་དང་ཕྱག་སྐོར་བྱེད་མཁན་མང་དུ་འཕེལ་བས་རི་ཁྲོད་དེར་གངས་དཀར་དགོན་ཞེས་པ་དང་། བླ་མ་གྲགས་པའི་དཔལ་ལའང་གངས་དཀར་བླ་མ་ཞེས་པའི་མཚན་ཐོགས་ལ་ཁོང་ནི་སྐུ་རབས་ཐོག་མ་ཡིན། སྐུ་གསུང་ཐུགས་རྟེན་གྱི་སྐོར་ལ་ཟངས་གསེར་ལས་བཟོས་པའི་ཇོ་བོ་མི་ལུས་ཚད་ཅན་གཅིག་དང་། གསེར་སྐུ་ཆེ་ཆུང་བཅོ་ལྔ། སྨན་འདམ་སྐུ་ཆེ་ཆུང་ལྔ་བཅུ་ལྷག་ཙམ། ཐང་ག་གསར་རྙིང་བརྒྱ་ལྷག་ཙམ། བཀའ་བསྟན་འགྱུར་ཚར་གཅིག  སི་ཏུའི་བཀའ་འབུམ་ཚར་གཅིག  གསེར་དངུལ་གྱིས་བྲིས་པའི་ཡུམ་རྒྱས་འབྲིང་བསྡུས་གསུམ། ཀརྨ་པ་རོལ་པའི་རྡོ་རྗེ་རྒྱ་ནག་ནས་ཡར་ཕེབས་པའི་ཚེ་རྒྱ་ནག་ཕོ་བྲང་ཉིད་ནས་གདན་དྲངས་ཏེ་དགོན་འདིའི་རྟེན་སྐལ་དུ་གནང་བའི་ཇོ་བོ་གསུང་བྱོན་མ་དང་། མཁའ་འགྲོ་མ་བྱེ་བ་དངོས་སུ་ཐིམ་པའི་གུ་རུའི་སྐུ་འདྲ་མེ་ལོང་མ་ཞེས་གྲགས་པ་དང་། ཀརྨ་པ་རོལ་པའི་རྡོ་རྗེའི་སྐུ་འདྲ་གྲོལ་བ་བཞི་ལྡན་ཤིན་ཏུ་ཁྱད་འཕགས་གསེར་ཟངས་ལས་གྲུབ་པ་སོགས་ཡོད། དགོན་པ་འདི་ལའང་དུས་འགྱུར་ནང་གཏོར་བཤིག་ཐེབས་ཀྱང་ལས་ལ་བརྩོན་པའི་མི་ཉག་པ་ཚོས་བསྐྱར་གསོ་བྱས་ཏེ་ད་ལྟའི་རྣམ་པ་འདི་ཆགས།

  དགོན་པ་ཆགས་སའི་སྤང་གཞོང་གི་སྣེ་མོར་ཡོད་པའི་ཀརྨ་པའི་གྲུབ་ཆུ་ཡིས་ཁ་ལག་གཙང་མར་བཀྲུས་རྗེས་དགོན་པའི་ཕྱོགས་སུ་འགྲོ་དུས། དང་པོར་མཇལ་བའི་མཆོད་རྟེན་དཀར་པོ་དེར་བར་སྐབས་ཤིག་ལ་རྐུ་མ་ཕོག་སྟེ་ཨོ་རྒྱན་རིན་པོ་ཆེའི་སྐུའང་གར་སོང་ཆ་མེད་དུ་གྱུར་བ་རེད་ཟེར། དེའི་རྒྱབ་ཀྱི་མཆོད་རྟེན་རྙིང་པ་དེར་བསྐལ་པ་མར་མེ་མཆོད་རྟེན་ཞེས་གནའ་སྔོན་མར་དེའི་ནང་མཆོད་མེ་གཟིམ་རྒྱུ་མེད་པ་ཞིག་ཡོད། རྗེས་སུ་ལྕགས་ལ་རྒྱལ་པོས་དེ་ལྟ་བུའི་མཆོད་མེ་ཞིག་འདོད་དེ་མཆོད་ཀྱང་རེ་འབྲས་མ་སྨིན་པས་མ་ཚད་སྔར་ཡོད་ཀྱི་མཆོད་མེ་དེའང་གཟིམས་པ་རེད་ཟེར། དེ་ནི་རང་འདོད་ཆེ་བའི་མི་རྣམས་ཀྱི་ཁེངས་སེམས་དང་རང་རློམ་གྱི་བྱ་སྤྱོད་ལ་ཕྱིན་ཅི་ལོག་གི་འབྲས་བུ་སྨིན་པའི་རྟགས་བསྟན་པས་ང་རང་གིས་བོད་ཀྱི་མི་ཆོས་སློབ་གསོ་ནི་རི་ཆུའི་བར་ལ་ཆགས་ཡོད་ཅེས་པ་ནི་དངོས་གནས་བདེན་པ་རེད་བསམས། 

 

ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གསུམ་པ།༽

ཀརྨ་པ་རོལ་པའི་རྡོ་རྗེས་བཏོན་པའི་གྲུབ་ཆུ།

ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གསུམ་པ།༽
བསྐལ་པ་མར་མེའི་མཆོད་རྟེན།

    གྲོགས་པོའི་ངོ་ཤེས་མིང་ལ་ཚེ་དབྱངས་ཟེར་བའི་རྒན་མོ་ལོ་ན་དྲུག་ཅུ་ཙམ་ལ་སོན་པ་ཞིག་གིས་དེ་ན་མཆོད་རྟེན་སྐོར་གྱིན་འདུག  མོས་ང་ཚོ་མཐོང་མ་ཐག་ལྐུགས་བརྡ་བྱས་པས་ངས་ལྐུགས་པ་ཞིག་ཡིན་རྒྱུ་རེད་བསམས་ཀྱང་། གོམ་པ་བཅུ་ཙམ་སྤོས་རྗེས་ཁ་གྲག་སྟེ་ཁོ་རང་གིས་ཤེས་ཚད་ངོ་སྤྲོད་བྱས་བྱུང་། བསྐལ་པ་མར་མེ་མཆོད་རྟེན་མཇལ་ནས་སོང་ན་གསར་དུ་བཞེངས་པའི་མཆོད་རྟེན་རྣམ་པ་བརྒྱད་གྲལ་དུ་བསྒྲིགས་འདུག དེའི་གོང་ནི་ལྕགས་ལའི་མཆོད་རྟེན་དང་། གངས་དཀར་རིན་པོ་ཆེའི་གསོལ་དཔོན་དང་སློབ་མ་གྲགས་ཅན་འགའ་ཡི་གདོང་རུས་བཞག་ས་རེད། དེ་ནས་གངས་དཀར་དགོན་པའི་འདུ་ཁང་དང་ཨོ་རྒྱན་ལྷ་ཁང་བཅས་རེད། དགོན་པའི་རྒྱབ་ལ་གྲུབ་ཐོབ་ཀུན་དགའ་རྒྱལ་མཚན་གྱིས་བཏོན་པའི་གྲུབ་ཆུ་ཞིག་ཡོད་པ་དེ་རྡོ་ཡིས་བརྩིགས་ཏེ་ནང་ལ་བྱ་རྒྱལ་ཁྱུང་གི་སྒོ་ང་རེད་ཅེས་རྡོ་སྒོང་སྒོང་ཡ་མཚན་པ་ཞིག་སྣང་། 

 ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གསུམ་པ།༽
གྲུབ་ཐོབ་ཀུན་དགའ་རྒྱལ་མཚན་གྱིས་བཏོན་པའི་གྲུབ་ཆུ་དང་བྱ་རྒྱལ་ཁྱུང་གི་སྒོ་ང་།

     ཨ་ནེ་ཚེ་དབྱངས་ཀྱིས་སྣེ་ཁྲིད་པ་ལྟར་དགོན་པའི་གོང་ལ་འགྲོ་དུས། རྡོ་ཕ་བོང་ཞིག་གི་ངོས་སུ་གངས་དཀར་རི་བོ་ཞེས་རྒྱ་ཡིག་དང་དབྱིན་ཡིག་གཉིས་ཀྱིས་བྲིས་འདུག དེའི་གཉའ་ལྟག་ན་འཇོལ་མོ་དང་ཙི་རས་སོགས་འདབ་ཆགས་རྣམས་འཇིགས་སྐྲག་ཅི་ཡང་མེད་པར་རྡོ་ཐོག་ལ་བབ་སྟེ་མགོ་བོ་འགུལ་ཙམ་འགུལ་ཙམ་གྱིས་ང་ཚོ་ལ་ལྟ་བའི་བཟོ་ལྟ་ནི་ཧ་ཅང་སྙིང་རྗེ་མོ་ཞིག་རེད། སྐབས་དེ་རུ་སྨུག་པ་སྲབ་མོ་སྲིད་དུ་རིང་བ་ཞིག་གིས་གངས་རིའི་འདབས་ཀྱི་ལུང་པའི་གཡས་གཡོན་སྦྲེལ་བ་ནི་ང་ཚོས་གངས་རི་ལ་ཕུལ་བའི་མཇལ་དར་ཡིན་ལ་གངས་རིས་ང་ཚོ་ལ་གནང་བའི་དར་དཀར་ཡང་ཡིན་སྲིད། 

 ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གསུམ་པ།༽
ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གསུམ་པ།༽
སྤྲིན་དར་དཀར་པོ་གངས་དཀར་དགོན་པར་འབུལ།

   བེ་ཤིང་དམའ་དམའ་མང་པོ་སྐྱེས་ཡོད་པའི་རྐང་ལམ་ཕྲ་མོར་ཨ་ནེ་ཚེ་དབྱངས་ཀྱིས་གད་སྙིགས་རྣམས་རུམ་ནང་སྡུད་བཞིན་ང་ཚོ་ལ་འདི་དང་དེ་ཞེས་ངོ་སྤྲོད་བྱས། རྡོ་ཕ་བོང་གླང་པོ་ཆེ་ཉལ་བ་ལྟ་བུ་ཞིག་དང་དེའི་གོང་ན་བདུད་རྩིའི་ཆུ་མིག་ཅེས་པ་ཞིག་སྣང་། ཆུ་འདི་བཏུང་ན་བྲོ་བ་ཞིམ་ལ་ལུས་ལ་ཕན་ཞེས་ཟེར་ཡང་ཆར་ཆུ་འབེལ་དུས་མ་གཏོགས་མེད་ཟེར་བས་ཅུང་ཕངས་སེམས་སྐྱེས། དེ་ནས་ཡར་སོང་ན་དུང་དཀར་ཁ་སྤྲོད་རང་བྱོན་གྱི་རྡོ་ཞིག་འདུག དེའི་ཡན་ལ་སོང་ན་གངས་དཀར་རི་བོའི་འདབས་ལ་སླེབས་པ་དང་། དེ་ན་སྒྲུབ་ཕུག་དང་མཚམས་ཁང་། ཆུ་མིག གྲུབ་རྟགས་མང་པོ་མཇལ་རྒྱུ་ཡོད་ཟེར་ཡང་ལམ་ཐག་ཅུང་རིང་ལ་དུས་ཚོད་མ་འདང་བས་ང་ཚོས་དུང་དཀར་ཁ་སྤྲོད་ལྟ་བུའི་རྡོ་དེ་བསྐོར་རྗེས་ཕྱིར་ལོག 

 ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གསུམ་པ།༽
བདུད་རྩིའི་ཆུ་མིག

ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གསུམ་པ།༽
དུང་དཀར་ཁ་སྤྲོད་རང་བྱོན།

     ཕྱིར་ལོག་པའི་ལམ་བར་དུ་གྲུབ་ཐོབ་ཅིག་གིས་རྡོ་ལེབ་ཐོག་གཟན་བརྡབས་པའི་རྗེས་དང་། རྨ་བྱ་འདྲ་བའི་རྡོ།མགོན་པོ་སྟག་བཞོན་གྱི་ཆིབས་སྟག་གི་རྗེས། གངས་དཀར་རིན་པོ་ཆེ་ཆོས་ཀྱི་སེང་གེ་བྱིས་དུས་ཀྱི་ཞབས་རྗེས། ཨ་ཡིག་རང་བྱོན། རྡོ་རྗེ་ཕག་མོའི་དཀྱིལ་འཁོར།དགོན་པའི་འགྲམ་ལ་རྡོ་ཡི་གཏེར་སྒམ་ཆེན་པོ། དམ་ཅན་གྱི་མགར་ཐབས་བཅས་སྣང་། ང་ཚོས་དེ་དག་མཇལ་ཚར་རྗེས་དགོན་པའི་ཇ་ཁང་ནང་ཇ་འཐུང་དུ་སོང་། ཕྱི་རོལ་དུ་ཁ་བ་ཆུང་ཆུང་འབབ་ཀྱིན་འདུག བྲོ་བ་ལྡན་པའི་ཇ་ཁུ་འཐུང་ཞིང་མི་ཉག་ཕོ་ལོག་སོགས་ཟས་མཆོག་ཟ་བཞིན་པའི་སྐབས་སུ་ཨ་ནེ་ཚེ་དབྱངས་ཀྱིས་ཆུ་དམ་བི་གང་ཁྱེར་འོངས་ཏེ་ང་ཚོ་མི་རེ་རེའི་ལག་ཁུང་ནང་ཅུང་ཟད་བླུགས་བྱུང་། དེ་ནི་ད་ཅི་མཇལ་བའི་བདུད་རྩི་ཆུ་མིག་དེའི་ཆུ་ཡིན་པ་འདྲ། ཡ་མཚན་པ་ནི་ཁོ་མོས་ད་ཡང་ཁ་མི་གྲག་པར་ལྐུགས་བརྡ་བྱེད་བཞིན་འདུག འགྲམ་དུ་ཡོད་པའི་ཨ་ཁུ་དེ་ལ་རྒྱུ་མཚན་དྲིས་པར། ཁོ་མོས་དེ་རིང་སྨྱུང་གནས་བཞག་ཡོད་ཀྱང་ལྐུགས་བརྡ་བྱས་ན་ང་ཚོ་ལ་ལམ་ངོ་སྟོན་ཐབས་མེད་པས་ཆུ་ཚོད་གཅིག་ཙམ་ལ་སྨྱུང་གནས་ལས་གྲོལ་བ་རེད། དགེ་བ་བསྒྲུབས་པ་ཡིན་ན་དཀོན་མཆོག་གསུམ་གྱིས་དགོངས་འཁྲོལ་གནང་རྒྱུ་རེད་ཅེས་རྩེད་མཚར་གྱིས་བཤད་དུས་ཨ་ནེ་ཚེ་དབྱངས་དགོད་ཙམ་བྱས་ཏེ་ཕྱི་ལ་བུད་སོང་།

 ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གསུམ་པ།༽
གཏེར་སྒམ།

ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གསུམ་པ།༽
རྡོ་རྗེ་ཕག་མོའི་དཀྱིལ་འཁོར།

ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གསུམ་པ།༽
གངས་དཀར་རིན་པོ་ཆེ་ཆོས་ཀྱི་སེང་གེའི་ཞབས་རྗེས།

ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གསུམ་པ།༽
མགོན་པོ་སྟག་ཞོན་གྱི་སྟག་གི་རྗེས།

 ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གསུམ་པ།༽ 

དམ་ཅན་གྱི་མགར་ཐབ།

     སྐབས་འདིར་ངའི་མིག་མཐར་མཆི་མ་འཁོར་བྱུང་། གོ་ནའང་མ་གོ་ཁུལ་དང་། མ་ལྐུགས་ཀྱང་ལྐུགས་མདོག་བྱེད་པའི་དེང་སང་གི་འཁོར་བ་ནང་ཁོ་མོས་གཞན་གྱི་དོན་དུ་ལམ་ཁྲིད་པ་དང་མཇལ་ལམ་དུ་བདུད་རྩིའི་ཆུ་མ་ལོན་པའི་སྟོང་པ་སྐོང་ཆེད་རང་གིས་བསོགས་པའི་བདུད་རྩི་ང་ཚོར་བསྐྱལ་ཡོང་བ་བཅས་བྱ་སྤྱོད་བཟང་པོས་བདག་གཞན་མཉམ་བརྗེ་དང་བདག་བས་གཞན་གཅེས་ཞེས་སྐད་ཆ་སྦོམ་པོ་དང་རྫིག་པོ་བཤད་མཁན་ང་ཚོ་ནི་ངོ་ཚ་ལ་ཁ་སྐྱེངས་དགོས་པ་ཞིག་རེད།

    ང་ཚོས་ཇ་བཏུང་ཚར་རྗེས་མུ་མཐུད་དེ་མཇལ་ལམ་དེད་དེ་སོང་། དགོན་པའི་ཞབས་ལ་དམ་ཅན་གྱིས་ཆུ་ལོག་བཀག་པའི་ཐོ་བའི་རྗེ་དང་།དེའི་ཞབས་ཀྱི་ནགས་ཚལ་ནང་ཕག་མོའི་དཀྱིལ་འཁོར།གྲུབ་པའི་དབང་མོ་དགེ་བའི་སྒྲོལ་མའི་བྷ་གའི་རྗེས།ནགས་ཚལ་ལས་ཡར་བུད་དུས་དགོན་པའི་ལམ་གྱི་རྩིག་པ་ནང་གངས་དཀར་སྐུ་ཕྲེང་བརྒྱད་པ་ཀརྨ་ཚེ་རིང་དབང་པོའི་ཁྱི་ཧྭ་པའི་རྗེས།དེ་ནས་མར་སོང་ན་དུང་འཁོར་ཁང་པ་རྙིང་པ་ཞིག་ནང་ལོགས་རིས་ཡོད་ཀྱང་དེ་སྔོན་མི་འདུག་ས་བྱས་ཏེ་དུད་དྲེག་ཆགས་པས་གསལ་པོར་མཐོང་མི་ཐུབ། དེའི་ཞབས་ཀྱི་སྤང་ཐོག་ན་དུང་དཀར་རང་བྱོན་དང་། ཀརྨ་པ་རོལ་པའི་རྡོ་རྗེའི་བཞུགས་ཁྲི།ཞིག་པོ་གཉིས་མེད་རྡོ་རྗེའི་ཆིབས་གཡག་གི་རྗེས་བཅས་མཇལ་རྒྱུ་སྣང་། དེས་མ་ཚད་ཀརྨ་པ་རོལ་པའི་རྡོ་རྗེ་གོང་མའི་ཕོ་བྲང་དུ་བྱང་ལམ་ནས་མར་ཕེབས་པའི་ཚེ།ལྷོ་ཕ་གི་ན་འབོ་གངས་དཀར་ཡོད་དེ་སྒྲུབ་གནས་ཁྱད་པར་དུ་འཕགས་པ་ཡིན་པས་རང་རེ་ཡར་འོངས་དུས་དེར་སྒོམ་དུ་འགྲོ་གསུངས་ནས་བསྔགས་བརྗོད་མཛད་ཅིང་། ཡར་ལམ་གནས་འདིར་ཞབས་ཀྱིས་བཅགས་དུས་ཀྱི་བཞུགས་ས་རེད་ཅེས་ཁང་རྙིང་གངས་ཆུ་ལ་ཁ་འཁོར་བ་ཞིག་ཡོད་པ་དང་། དེ་ནས་འོག་གི་ལུང་པ་ནང་བཞུར་བའི་གནས་ཆུ་གསལ་པོར་མཐོང་ཐུབ་པས་ཡོན་ཆབ་འབུལ་མི་དགོས་ཞེས་བཤད་སྲོལ་འདུག

 ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གསུམ་པ།༽
ཀརྨ་པའི་བཞུགས་ཁྲི།

ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གསུམ་པ།༽
ཞིག་པོ་གཉིས་མེད་རྡོ་རྗེའི་ཆིབས་གཡག་གི་རྗེས།

ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གསུམ་པ།༽
ཀརྨ་པ་རོལ་པའི་རྡོ་རྗེའི་བཞུགས་ཁྲི།

ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གསུམ་པ།༽
དུང་དཀར་རང་བྱོན།

ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གསུམ་པ།༽
གྲུབ་པའི་དབང་མོ་དགེ་བའི་སྒྲོལ་མའི་བྷ་གའི་རྗེས།

ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གསུམ་པ།༽
ཀརྨ་པའི་ཕྱག་རྗེས།

    ང་ཚོས་དེ་དག་རེ་རེ་བཞིན་མཇལ་ནས་སྤང་གཞོང་གི་འདབས་ལ་སླེབས་དུས། སྨུག་པ་ཆེན་པོ་ཞིག་ལངས་པས་ལམ་ཞབས་ཀྱི་གནས་ཆུའི་བཞུར་སྒྲ་དང་བྱ་དཀར་གྱི་སྐད་སྒྲ་ཐོས་པ་ཙམ་ལས་ཅི་ཡང་རིག་མི་ཐུབ། མཆོད་རྟེན་གྱི་འགྲམ་ལ་གནས་ཆུ་ཁ་ཞེས་གསལ་པོ་ཞིག་བྲིས་འདུག་པ་དེའི་ཕྱོགས་སུ་ལམ་ཞབས་ལ་བབ་སྟེ་གནས་ཆུའི་འགྲམ་དུ་སླེབས། གནས་ཆུ་ནི་དེ་ལས་སྔོ་སྐྱའི་མདོག་དང་ལྡན་པས་རྫ་ཆུ་བསིལ་མ་སིལ་ལེ་ལེར་འབབ་ཅེས་པའི་གླུ་ཚིག་དེ་དྲན་བྱུང་། འདི་ནའང་ཁ་ལག་སོགས་བཀྲུས་ཏེ་བཙོག་གྲིབ་གཅོད་དགོས་པས་དེ་རིང་ཉིན་གཅིག་ལ་ཁ་ལག་ཐེངས་གསུམ་བཀྲུས་པ་ནི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིག་དག་པའི་རྟེན་འབྲེལ་དུ་བརྩིས་ཡོད། དེ་ནས་ཤིང་ཟམ་ཞིག་བརྒལ་ཏེ་ཕར་རོལ་གྱི་རི་བོར་འཛེགས།ལམ་བར་དུ་གྲོ་བ་དང་སྟག་མ།ཤུག་པ།ཚེར་ནག་སོགས་ཤིང་རིགས་མང་པོ་རིག་རྒྱུ་སྣང་།རི་འགོར་བུད་དེ་རྒྱབ་ཀྱི་ལུང་པ་ཆུང་ཆུང་ནང་རྡོ་ཕ་བོང་གི་ཐོག་ལ་ཉི་ཟླ་དང་མིག རྐང་རྗེས་སོགས་གྲུབ་རྟགས་མང་པོ་མཇལ་རྒྱུ་ཡོད་མོད་གསལ་བཤད་ཀྱི་ཡི་གེ་མེད་པས་ཟིན་བྲིས་སུ་འགོད་ཐབས་མ་བྱུང་། རྡོ་ཕ་བོང་ཆེན་པོ་ཞིག་ཡོད་པ་དེ་ནི་རྡོ་རྗེ་ཕག་མོའི་སྒྲུབ་ཕུག་རེད་ཟེར། དེའི་ཐོག་ལ་ཕག་མོའི་གནས་སྒོ་ཞེས་མི་གཅིག་ཐར་བ་ཙམ་ཞིག་འདུག དེ་དག་མཇལ་ཚར་རྗེས་སླར་གནས་ཆུའི་འགྲམ་དུ་བབ་སྟེ་གཡས་སྐོར་འགྲོ་དུས་སྡིག་གྲིབ་དག་པའི་ཆུ་མིག་ཅེས་པ་དང་ཐུག  ཆུ་མིག་དེ་ཕར་ཚུར་དཀྲུགས་དཀྲུགས་ལན་དགུ་བྱས་རྗེས་ད་དུང་རང་གི་ངོ་གདོང་མཐོང་ཐུབ་ན་ཕྱི་མར་དམྱལ་བར་འགྲིམ་མི་དགོས་ཞེས་པ་ལྟར་ངས་ཀྱང་དེ་ལྟར་བྱས་ནས་བལྟས་དུས་ངོ་གདང་རབ་རབ་ཙམ་ལས་མི་མཐོང་བས་གྲོགས་པོས་ཕྱིར་ལས་ཁུངས་ནང་ལོག་རྗེས་དགེ་བ་མང་ཙམ་སྒྲུབས་མ་གཏོགས་ཞེས་བཤད་མ་ཐག་ཚང་མས་དགོད་ཤོར་སོང་། དེ་ནས་མུ་མཐུད་དེ་སོང་ན་རིམ་གྱིས་གྲུབ་རྟགས་དང་གནས་སྒོ་མང་པོ་མཇལ་རྒྱུ་འདུག་མོད། གསལ་བཤད་ཀྱི་ཡི་གེ་མེད་ལ་འགྲེལ་བཤད་རྒྱག་མཁན་མེད་པས་གསལ་པོ་ཞིག་གོ་མ་སོང་། གལ་སྲིད་གནས་ཡིག་དང་མི་རྒན་རྣམས་ཀྱི་ཞལ་རྒྱུན་ལྟར་ཚང་མ་ལ་གསལ་བཤད་ཀྱི་ཡི་གེ་བསྡུས་པ་ཙམ་ཞིག་ཡོད་ན་ཅི་མ་རུང་བསམས།

 ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གསུམ་པ།༽
ཟླ་བའི་རི་མོ།

ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གསུམ་པ།༽
སྡིག་གྲིབ་དག་པའི་ཆུ་མིག

     ལམ་འགྲམ་ལ་གངས་དཀར་རི་བོའི་བཟོ་དབྱིབས་དང་ཧ་ཅང་འདྲ་བའི་རྡོ་ཟུར་གསུམ་མ་བྱིས་པ་ལོ་ལྔ་དྲུག་གི་མཐོ་ཚད་ཙམ་ཡོད་པ་ཞིག་སྣང་། དེ་སྐོར་བ་བརྒྱབ་ན་གངས་དཀར་རི་བོ་དངོས་སུ་སྐོར་བ་དང་འདྲ་བའི་ཕན་ནུས་ཆེ་ཞེས་པས་ངས་མགྱོགས་པོར་སྐོར་བ་ལན་གསུམ་བྱས་ཏེ་གསོལ་བ་དང་སྨོན་ལམ་ཡང་བཏབ་ཡོད། དེ་ནས་ཡར་སོང་ནས་ལམ་ཁར་མ་བུད་གོང་གི་ལམ་འགྲམ་ལ་ཀརྨ་པའི་ཕྱག་རྗེས་དང་བཞུགས་ཁྲི། ཐང་སྟོང་རྒྱལ་པོའི་གསང་རྡོར་གྱི་རྗེས་སོགས་མཇལ་རྗེས་ད་ཅི་མར་འོངས་སའི་སྤང་འདབས་ལ་བུད། དེ་ཡང་ང་ཚོ་ལ་མཚོན་ན་གྲུབ་རྟགས་འདྲ་མིན་སྣ་ཚོགས་ཡོད་པའི་རྡོ་འདི་ཚོ་ནི་འདོན་མ་ཚར་བའི་པོ་ཏི་ཡིན་ལ་དམ་པ་རྣམས་ཀྱི་སྐྱིད་སྡུག་བཀོད་པའི་རི་མོ་ཞིག་ཀྱང་ཡིན། མི་མང་པོ་ཞིག་གིས་མི་རིགས་ཤིག་གི་རིག་གནས་ཀྱི་རྟགས་མཚན་འདི་ཚོ་ལ་ཨུ་ཚུགས་ཀྱིས་ཁ་འགྲེལ་མིག་འགྲེལ་བྱས་མོད། བྱ་བ་ཚང་མ་ལག་མཐིལ་ནང་བཞག་པ་ལྟར་གསལ་ལྷང་ལྷང་དུ་བཀྲལ་ན་འཇིག་རྟེན་འདི་ནི་སྙིང་པོ་མེད་པའི་འཁོར་བ་ཞིག་ལ་འགྱུར་མི་འགྲོའམ།

 ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གསུམ་པ།༽
གངས་དཀར་རི་བོའི་དབྱིབས་དང་འདྲ་བའི་རྡོ་ཕ་བོང་།

     ངས་གངས་དཀར་རི་བོ་ལ་ཁ་འཁོར་ནས་དེ་ལྟར་བསམས་དུས། བྱ་སྤུ་ལྟ་བུའི་ཁ་བ་ལྷབ་ལྷུབ་ཏུ་བབ་བྱུང་། འདི་ནི་གངས་རིས་ང་ལ་གནང་བའི་དངོས་གྲུབ་ཡིན་ལ། ངས་གངས་རི་ལ་ཕུལ་བའི་དྲན་རྟེན་ཞིག་ཀྱང་ཡིན་ངེས། གྲོགས་པོས་རྟེན་འབྲེལ་བཟང་པོ་ཁ་བའི་བསུ་སྐྱེལ་རེད། ངེད་གཉིས་ཀྱིས་ཁ་བ་ནང་རྐང་རྗེས་འཇོག་དགོས་ཞེས་པས། ཕྱིར་ལོག་པའི་ལམ་བར་དུ་ཁ་བའི་མེ་ཏོག་སྒྲ་མེད་དྲི་མེད་ངང་སེམས་ནང་འབབ་ཀྱིན་ང་ཚོས་ཁ་བའི་འཇིག་རྟེན་ནང་གནས་མཇལ་གྱི་རྐང་རྗེས་བཞག་ཡོད། རྗེས་དྲན་གྱི་རི་མོ་བརྐོས་ཡོད།། 

 ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད། ༼གསུམ་པ།༽
གངས་དཀར་རི་བོ།

ཨ་ཕ་ཡིས་བསང་མཆོད་དུ་ལན་བརྒྱར་བསྒྲོན་པས།

མི་ཡུལ་དུ་འགྲོ་བའི་བུ་ཆུང་གིས་ཕྱི་ལྟ་བྱེད་བཞིན།

གསེར་མདོག་འབར་བའི་ཉི་གཞོན་དེ་སྒུག

ཨཱ།  མཁའ་དབྱིངས་མཐོན་པོར་འདེགས་པའི་འབོ་གངས་དཀར།

ཁྱེད་ཀྱི་གཟི་བྱིན་དང་སྒམ་བརླིང་མཐོང་བའི་ཉིན་ནས།

འཁོར་བའི་སྐྱིད་སྡུག་ནང་ངར་ཤུགས་ཞུམ་མ་མྱོང་།

 

ཨ་མ་ཡིས་ཞལ་འདོན་དུ་ལན་བརྒྱར་སྨོན་པས།

རང་ཡུལ་ལ་ལོག་པའི་བུ་མོ་ཡིས་འཛུམ་མདངས་ངོམ་བཞིན།

དངུལ་མདོག་འཚེར་བའི་ཟླ་གཞོན་དེ་བསུ།

ཨཱ།ཉི་ཟླ་ཕྲག་པས་འདེགས་པའི་འབོ་གངས་དཀར།

ཁྱེད་ལ་གཡུ་རལ་གྱི་རླུང་རྟ་དར་བའི་ཉིན་ནས།

རི་བོ་གང་ལ་ཡང་ཡིད་སྨོན་ཤོར་མ་མྱོང་།

 

ཕུ་ནུ་ཡིས་རྨི་ལམ་དུ་ལན་བརྒྱར་རྨིས་པས།

ཕྱི་རོལ་དུ་བགྲོད་པའི་ན་ཟླ་ཚོས་འཛོམས་གླུ་ལེན་བཞིན།

མཁའ་ལམ་འཚོལ་བའི་སྐར་ཁྱུ་དང་འདྲེས།

ཨཱ།ཐབས་ཤེས་ཆེན་པོས་འགྱིང་བའི་འབོ་གངས་དཀར།

ང་ཚོའི་ལུས་སེམས་ལ་ངལ་དུབ་ཆེ་བའི་དུས་སུ།

ཁྱེད་རང་ཅི་ནས་ཀྱང་སེམས་གཏིང་དུ་བཞུགས་རོགས།

  ཁ་བ་མུ་མཐུད་ནས་འབབ་བཞིན་འདུག ང་ཚོས་འཚེ་མེད་ལ་མོ་བརྒྱབ་ནས་འགྲོ་དུས་གློ་བུར་དུ་དེ་སྔོན་འབོ་གངས་དཀར་ལ་བྲིས་པའི་གོང་གི་གླུ་ཚིག་དེ་དྲན་ཏེ་ཐོལ་བྱུང་གི་གདངས་ནས་ལེན་སྐབས།དུས་རྒྱུན་གླུ་དབྱངས་ལ་དགའ་མོས་མེད་པའི་གྲོགས་པོས་ཀྱང་རྣ་བ་གཏད་དེ་ཉན་བཞིན་འདུག  ། 

  ༼ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད་ཅེས་པ་རེ་ཞིག་རྫོགས་སོ།། ལམ་བར་དུ་རོགས་རམ་གནང་མཁན་བོད་རིགས་སྤུན་ཟླ་ཚོ་དང་། ངའི་ཡིག་འབྲུར་དགའ་བའི་ཀློག་པ་པོ་རྣམས་ལ་ཐུགས་རྗེ་ཆེ་ཞུའོ།།༽

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1