གཙོ་ངོས།>> རྩོམ་རིག>>དཔྱད་རྩོམ།

རྡོ་རྗེ་ཚེ་རིང་། རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཞིབ་འཇུག སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༣ཚེས་༡༣ཉིན།

༄༅།། བོད་ཀྱི་དྲ་རྒྱའི་རྩོམ་རིག་གི་ཐོག་མའི་དཔྱད་གླེང་།

རྡོ་རྗེ་ཚེ་རིང་།
         [ནང་དོན་གནད་བསྡུས།] དཔྱད་རྩོམ་འདིའི་ནང་དུ་རྒྱལ་ནང་དྲ་རྒྱའི་རྩོམ་རིག་གི་ཞིབ་འཇུག་འབྲས་བུ་དང་བོད་ཀྱི་དྲ་རྒྱའི་རྩོམ་རིག་གི་དངོས་ཡོད་དཔྱད་གཞི་མང་དག་ལ་བརྟེན་ནས་དུས་རབས་འདིའི་ནང་གསར་དུ་ཐོན་པའི་རྩོམ་རིག་གི་ཁྱེའུ་གསར་པ་དྲ་རྒྱའི་རྩོམ་རིག་འདི་ཉིད་ཀྱི་གོ་དོན་དང་བྱུང་འཕེལ་སྐོར་ལ་དཔྱད་གླེང་རགས་ཙམ་བྱས་ཡོད།
          [བརྡ་ཆད་གཙོ་བོ།] དྲ་རྒྱ། རྩོམ་རིག བྱུང་འཕེལ།
          [ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] I29[ཡིག་ཚང་མཚོན་བྱང་།] A [རྩོམ་གྱི་གོ་རིམ་ཨང་སྒྲིག]1002 -946X(2011)03-068-15
          དང་པོ། དྲ་རྒྱའི་རྩོམ་རིག་གི་གོ་དོན།
          དྲ་རྒྱའི་ལག་རྩལ་འཕེལ་རྒྱས་དང་ཁྱབ་གདལ་ཟམ་མི་ཆད་པར་ཕྱིན་པ་དང་སྦྲགས་གྲངས་གཞི་ཅན་གྱི་སྨྱན་རྫས་(数字化媒介) ཀྱིས་དེང་རབས་ཀྱི་མིའི་འཚོ་བའི་ཁྲོད་དུ་གནས་བབས་ངེས་ཅན་བཟུང་བ་ནི་སྐྱེ་བོ་ཀུན་གྱི་བློ་ལས་འགོང་པ་ཞིག་ཡིན། དྲ་རྒྱའི་རྩོམ་རིག་ཅེས་པ་འདི་ཡང་ཕ་དྲ་རྒྱ་དང་མ་རྩོམ་རིག་གཉིས་འདུས་པ་ལས་གསར་དུ་བཙས་པའི་རྩོམ་རིག་གི་ཁྱིའུ་གསར་པ་ཞིག་ཡིན་ཞེས་བརྗོད་ཆོག རྩོམ་རིག་འདི་ནི་རང་རེ་བོད་ལ་དར་ནས་དུས་ཡུན་རིང་པོ་མ་འདས་པས་ན། བརྡ་ཆད་དམ་ཐ་སྙད་འདི་དེང་གི་ཆར་དེ་ཙམ་ཡོངས་ཁྱབ་མིན་པ་ཞིག་ཡིན་སྟབས་ཐོག་མར་ཐ་སྙད་འདིའི་གོ་དོན་ལ་གསལ་འགྲེལ་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་ཏུ་གྱུར་ཡོད།          དེ་ཡང་༡༩༦༩ལོའི་ཟླ་བ་༡༡ཚེས་༢༡ཉིན་གྱི་ཉིན་དགུང་ཨ་རིའི་ཚན་རིག་མཁས་པ་དྲུག་གིས་ཅ་ལིའི་ཧྥུ་ཉི་ཡ་སློབ་ཆེན་(加利福尼亚大学)གྱི་ལོའོ་ཧྲན་ཅི་ཡན་ལག་སློབ་གྲྭའི་རྩིས་འཁོར་ཚོད་ལྟ་ཁང་གི་རྩིས་འཁོར་གཅིག་དང་དེ་ནས་ལེ་དབར་སྟོང་གིས་ཆོད་པའི་སི་ཐན་ཧྥུ་(斯坦福)ཞིབ་འཇུག་ཁང་གི་གློག་ཀླད་གཅིག་བརྒྱུད་འབྲེལ་ལེགས་གྲུབ་བྱུང་བའི་རླབས་ཆེ་བའི་གསར་གཏོད་དེས་མིའི་རིགས་ཀྱི་སྤྱི་ཚོགས་ལ་དྲ་རྒྱ་ཁྱབ་གདལ་གཏོང་བའི་ལོ་རྒྱུས་ཀྱི་ལེའུ་གསར་རྐྱང་ཞིག་ཕྱེ། དེ་ནི་སྔར་མེད་པའི་དྲ་རྒྱའི་དུས་རབས་བསུ་བའི་སྐྱ་རེངས་ཤིག་དང་གོ་ལ་ཡོངས་ལ་དྲ་རྒྱའི་ཆ་འཕྲིན་དུས་རབས་ཉེ་བར་དབུ་ཚུགས་པའི་སྟ་གོན་ཞིག་ཅི་ལ་མིན།
          “འཛམ་གླིང་ཐོག་དྲ་རྒྱའི་རྩོམ་རིག་ཐོག་མ་ནི་ཨ་རི་དང་ཨའུ་གླིང་སོགས་སྦྲེལ་རེས་དྲ་རྒྱ་(互联网)དར་ཁྱབ་ཆེ་བའི་རྒྱལ་ཁབ་ཁག་ཏུ་དར་ཞིང་། ཐོག་མའི་མྱུ་གུ་འབུས་པའི་མཚོན་རྟགས་ནི་དུས་རབས་གོང་མའི་ལོ་རབས་བདུན་ཅུའི་སྐབས་ཀྱི་དྲ་ཐོག་གི་རྩོམ་འབྲི་དག་ཡིན།” (1)
          “སྤྱི་ལོ་༡༩༩༣ལོ་ནས་སྦྲེལ་རེས་དྲ་རྒྱ་དངོས་སུ་འཛམ་བུའི་ཁྱོན་ལ་སྒོ་ཕྱེ་”(2)བས་སྦྲེལ་རེས་དྲ་རྒྱ་དེ་ཐོག་མའི་སྟོབས་འབྱོར་ལྡན་པའི་རྒྱལ་ཁབ་ཁག་དང་། དམག་ཁུལ་ཁང་། ཚན་རིག་མཁས་དབང་ཉུང་ཤས་ཀྱིས་སྒེར་སྤྱོད་བྱེད་པའི་རྣམ་པ་ལས་རིམ་བཞིན་རྒྱ་ཆེ་བའི་མི་དམངས་ཀྱིས་ལོངས་སུ་སྤྱོད་པའི་ཕྱོགས་སུ་གཏད་པས། དྲ་རྒྱའི་རྩོམ་རིག་གོ་ལ་ཧྲིལ་པོར་དར་བའི་ཞིང་ས་གཤིན་པོ་ཞིག་གྲུབ།
          “༡༩༩༤ལོར་རང་རྒྱལ་གྱིས་ཁོངས་མིང་“(域名)”‘. cn’ ཞེས་པའི་ཐོག་ནས་རྒྱལ་སྤྱིའི་སྦྲེལ་རེས་དྲ་རྒྱའི་ནང་དུ་དངོས་སུ་ཞུགས་” (3)པས་ལོ་དེ་གར་ཧྥང་ཀྲའུ་ཙེ་སོགས་ཀྱིས་རྒྱལ་ནང་གི་རྒྱ་ཡིག་དྲ་རྒྱའི་རྩོམ་རིག་གི་དྲ་ཚིགས་དང་པོ་《ཡུས་སི་གསར་པ་》(新语丝)ཞེས་པ་དང་། ༡༩༩༥ལོར་རྒྱ་ཡིག་དྲ་རྒྱའི་སྙན་ངག་གི་དྲ་ཚིགས་དང་པོ་《གན་ལན་ཤིང》(橄榄树) ཞེས་པ་གསར་དུ་གཉེར། ༡༩༩༦ལོར་བུད་མེད་ཀྱི་རྒྱ་ཡིག་དྲ་རྒྱའི་རྩོམ་རིག་གི་དྲ་ཚིགས་དང་པོ་《ཧྭ་ཀྲའོ་》(花招)ཞེས་པ་གཉེར། དེ་རྗེས་རིམ་བཞིན་《དུག་ལོའི་སྡོང་འོག》(榕树下)ཟེར་བ་དང་། 《གསེར་གྱི་དཔེ་ཁང་》(黄金书屋)ཟེར་བ་སོགས་དྲ་རྒྱའི་རྩོམ་རིག་གི་དྲ་ཚིགས་མང་དག་ཅིག་གཉེར་བས་དྲ་རྒྱའི་རྩོམ་རིག་གི་བརྩམས་ཆོས་མང་དུ་ཐོན་པ་དང་སྦྲགས་རྩོམ་རིག་གི་གར་སྟེགས་སུ་གཡོ་འགུལ་ཡང་ཆེན་པོ་ཐེབས་ཏེ་རྩོམ་རིག་གི་ཐོག་ལ་མཁྱེན་རྒྱ་ཡངས་པའི་མཁས་པ་མང་པོ་ཞིག་གི་དོ་སྣང་བྱ་ཡུལ་དུ་གྱུར།
          རང་རེ་བོད་མི་རིགས་འདི་ཡང་དྲ་རྒྱའི་ཆ་འཕྲིན་གྱིས་གཙོ་བོ་བྱེད་པའི་དུས་རབས་ཉེར་གཅིག་པའི་ལམ་ཆེན་དུ་གོམ་ཁ་བསྒྱུར་རྗེས་རྒྱལ་ཁབ་ཀྱི་སྲིད་ཇུས་དང་། མཁས་པ་མང་པོའི་འཕྲིན་ལས་ལ་བསྟེན་ནས་བོད་ཡིག་གི་མཉེན་ཆས་མང་པོ་གསར་གཏོད་མཛད་པ་དང་། གཞུང་དང་སྒེར་གྱིས་བོད་ཡིག་གི་དྲ་ཚིགས་མི་ཉུང་བ་ཞིག་གསར་དུ་གཉེར་བ་མ་ཟད། བོད་ཡིག་གི་དྲ་རྒྱའི་རྩོམ་རིག་གི་དྲ་ཚིགས་ཀྱང་འགའ་ཤས་གཉེར་བས་ལོ་ངོ་ལྔ་ཙམ་གྱི་རིང་ལ་བོད་ཀྱི་རྩོམ་རིག་ལ་དགའ་བའི་མི་རྣམས་ཀྱིས་དྲ་རྒྱའི་རྩོམ་རིག་གི་བརྩམས་ཆོས་ཀྱང་འབོར་ཆེན་ཞིག་གསར་རྩོམ་མཛད། འོན་ཏེ། དེའི་ཐད་ཆེད་དུ་ངོ་སྤྲོད་ཞིབ་འཇུག་བྱས་པ་ཧ་ལམ་ཉིན་མོའི་སྐར་མ་དང་མཚུངས་མོད། རྒྱལ་ནང་གི་རྩོམ་རིག་རིག་གཞུང་གར་སྟེགས་སུ་དྲ་རྒྱའི་རྩོམ་རིག་ནི་ཧ་ཅང་འཁྲུག་ཆ་དོད་པའི་ཞིབ་འཇུག་བྱ་ཡུལ་ཞིག་ཏུ་གྱུར་ཡོད་པ་མ་ཟད། དེའི་ཐད་མཁས་པ་མང་པོས་ཞིབ་འཇུག་རྒྱ་ཆེ་ལ་གཏིང་ཟབ་པོ་མཛད་འདུག་པས། དེས་ད་གཟོད་རང་རེ་ལ་རིན་ཐང་ཆེ་བའི་དཔྱད་གཞི་མང་པོ་ཞིག་མཁོ་སྤྲོད་བྱས་ཡོད། སྐབས་འདིར་ཁོ་བོས་དཔྱད་གཞི་གཙོ་བོ་དག་ལ་དཔྱད་བསྡུར་བྱས་ཏེ་དྲ་རྒྱའི་རྩོམ་རིག་གི་གོ་དོན་སྐོར་རགས་ཙམ་གླེང་ན།
          “དྲ་རྒྱའི་རྩོམ་རིག་ཅེས་པའི་མིང་འདི་ཐོན་པ་ནས་ད་བར་དུས་ཚོད་རིང་པོ་འདས་མེད་ཀྱང་། དེས་འཕེལ་འགྱུར་གྱི་བརྒྱུད་རིམ་ཞིག་བརྒྱུད་ཡོད་”(4)ཅེས་གསུངས་པ་ལྟར། རྒྱལ་ནང་དུ་དྲ་རྒྱའི་རྩོམ་རིག་གི་ཞིབ་འཇུག་ཐོག་མར་དབུ་ཚུགས་པ་ནས་ད་བར་དེའི་གོ་དོན་ལ་ལྟ་བ་མི་འདྲ་བ་མང་དུ་བྱུང་བ་ལས་གཙོ་བོ་རིགས་གསུམ་དུ་དབྱེ་ཆོག་སྟེ།
          གཅིག “དྲ་རྒྱའི་ཐོག་ཏུ་ཡོད་པའི་རྩོམ་རིག་གི་བརྩམས་ཆོས་ཡོད་དོ་ཅོག་ལ་གོ་”(5)བ་དེ་ཡིན། དེ་ལ་ཡུས་ཡང་(于洋)སོགས་ཀྱིས་‘ཐོག་མའི་གོ་དོན་’ཞེས་བརྗོད་པ་དང་། རྒྱལ་ནང་གི་དྲ་རྒྱའི་རྩོམ་རིག་ཞིབ་འཇུག་མཁས་དབང་ཨའུ་ཡང་ཡའུ་ཆོན་(欧阳友权)གྱིས་སྒྲ་ཡངས་འཇུག་གི་གོ་དོན་ཞེས་བརྗོད། དེ་ལྟར་ན། དྲ་རྒྱའི་རྩོམ་རིག་དང་སྲོལ་རྒྱུན་གྱི་ཤོག་ཐོག་རྩོམ་རིག་ལ་ཁྱད་པར་མེད་པར་གྱུར་ཏེ། དྲ་ཐོག་ཏུ་རྒྱལ་ཁབ་ཕྱི་ནང་གི་གྲགས་ཅན་བརྩམས་ཆོས་མང་པོ་སྦྱར་ཡོད་པ་དག་ཀྱང་དྲ་རྒྱའི་རྩོམ་རིག་ཡིན་པར་ཐལ་འགྲོ་བའི་སྐྱོན་ཡོད་དོ། དེས་ན་ཁོ་བོས་སྐབས་འདིར་དྲ་རྒྱའི་རྩོམ་རིག་ཅེས་བརྗོད་པ་ལས་དྲ་ཐོག་རྩོམ་རིག་ཅེས་མི་འབོད་པ་ཡང་རྒྱུ་མཚན་དེར་ཐུག
          གཉིས། “དྲ་རྒྱའི་ཐོག་ཏུ་གསར་རྩོམ་བྱས་པ་དང་དྲ་རྒྱར་བརྟེན་ནས་ཁྱབ་སྤེལ་བྱས་པའི་རྩོམ་རིག་གི་བརྩམས་ཆོས་ལ་གོ་”(6)བ་དེ་ཡིན། དེ་ལ་ཡུས་ཡང་སོགས་ཀྱིས་གོ་དོན་གཉིས་པ་ཞེས་བརྗོད་པ་དང་། མཁས་དབང་ཨའུ་ཡང་ཡའུ་ཆོན་གྱིས་གོ་དོན་དངོས་ཞེས་དཔྱད་བརྗོད་མཛད་ཡོད། དེ་ནི་ཤིན་ཏུ་འཚམ་པ་ཞིག་ཏུ་མཐོང་སྟེ། དེས་གོང་གི་གོ་དོན་དང་བསྡུར་ན་དྲ་རྒྱའི་རྩོམ་རིག་ལ་ཁྱབ་སྤེལ་ཙམ་མ་ཟད་གསར་རྩོམ་བྱེད་ཐབས་དང་། རྩོམ་པ་པོའི་ཁྱད་ཆོས། ཀློག་པ་པོའི་དཔུང་ཁག་སོགས་ཀྱི་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་བདེན་ཁ་སྟེར་བ་དང་། “དེ་ནི་མིག་སྔར་སྐྱེ་བོ་མང་པོས་ཁས་ལེན་པའི་དྲ་རྒྱའི་རྩོམ་རིག་གི་གོ་དོན་དེ་ཡིན་”(7)ཞེས་གསུངས་པས་དྲ་རྒྱའི་རྩོམ་རིག་འདི་སྲོལ་རྒྱུན་གྱི་ཤོག་ཐོག་རྩོམ་རིག་དང་ངག་ཐོག་རྩོམ་རིག་ལས་ལོགས་སུ་རང་ཚུགས་ཐུབ་པའི་རྩོམ་རིག་གི་རྣམ་པ་གསར་པ་ཞིག་ཏུ་བསྒྲེང་ཡོད།
          གསུམ། “དྲ་རྒྱའི་སྦྲེལ་མཐུད་དང་། སྨྱན་མང་(多媒体) ལ་བརྟེན་ཞིང་གནས་པའི་རྩོམ་རིག་ལ་གོ་” (8)བ་དེ་ཡིན། དེ་ལ་ཡུས་ཡང་སོགས་ཀྱིས་གོ་དོན་གསུམ་པ་ཞེས་བརྗོད་པ་དང་། མཁས་དབང་ཨའུ་ཡང་ཡའུ་ཆོན་གྱིས་སྒྲ་དོག་འཇུག་གི་གོ་དོན་ཞེས་བརྗོད་ཡོད། གོ་དོན་དེས་དྲ་རྒྱའི་རྩོམ་རིག་གི་གསར་རྩོམ་དང་ཁྱབ་སྤེལ་ཐད་དམིགས་བསལ་གྱི་རེ་བ་བཏོན་ཡོད་པ་སྟེ། དྲ་རྒྱའི་རྩོམ་རིག་ཡིན་ཕྱིན་དྲ་རྒྱའི་ཁྲོད་གྲངས་གཞི་ཅན་གྱི་ཐོག་ནས་གནས་པའི་རིམ་འདས་ཡིག་རྐྱང་གི་སྦྲེལ་མཐུད་(超文本链接)(9)དང་སྨྱན་མང་གི་ཐབས་ལ་བརྟེན་ནས་གསར་རྩོམ་བྱས་པའི་བརྩམས་ཆོས་(10)སམ་ཆེད་བཟོས་གསར་རྩོམ་མཉེན་ཆས་ལ་བརྟེན་ནས་གསར་རྩོམ་བྱས་པའི་བརྩམས་ཆོས་(11)ལ་ངོས་བཟུང་བས་དྲ་རྒྱའི་རྩོམ་རིག་དང་དྲ་རྒྱའི་ལག་རྩལ་གྱི་དབར་ལ་འབྲལ་དུ་མེད་པའི་འབྲེལ་བ་ཞིག་ཆགས་ཡོད་པས་ཡིན། རྩོམ་རིག་གི་བརྩམས་ཆོས་དེ་དག་ཐོག་མའི་སྨྱན་རྫས་(媒介)སམ་དྲ་བ་དང་བྲལ་ན་གནས་ཐབས་ཡེ་ནས་མེད་དོ།
          གོང་གི་གོ་དོན་དག་ལས་ང་ཚོས་མཐོང་ཐུབ་པ་ནི་དྲ་རྒྱའི་རྩོམ་རིག་ཅེས་པ་འདི་དྲ་རྒྱའི་རྩོམ་རིག་གསར་རྩོམ་དང་ཁྱབ་སྤེལ་བྱེད་པའི་ལོ་ཟླ་རིང་མོའི་ཁྲོད་ཀྱི་ཁྱད་ཆོས་དང་ལག་ལེན་ལ་ཕྱོགས་བསྡོམས་བྱས་པའི་འབྲས་བུ་ཞིག་དང་། དྲ་རྒྱའི་ལག་རྩལ་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་དེའི་གོ་དོན་ལ་ཡང་འཕེལ་རྒྱས་བྱུང་བ་དེ་ཡིན་ལ། འཕེལ་རྒྱས་དེ་ཡང་ཐོག་མའི་ངོས་འཛིན་དང་རགས་པ་ཙམ་ནས་མཐར་ཆེད་སྤྱོད་ཐ་སྙད་ཅིག་ཏུ་གྱུར་བ་དང་། དེ་ཉིད་ཐོག་མ་མེད་པ་ནས་ཡོད་པ་དང་ཡོད་པ་ནས་ཞིབ་ཚགས་དང་གཏིང་ཟབ་ཅན་དུ་འཕེལ་རྒྱས་ཕྱིན་པ་དེ་ཡིན། འོན་ཀྱང་རང་རེས་གོ་དོན་དེ་དག་གི་རྗེས་སུ་འདམ་གསེས་དང་དབྱེ་ཞིབ་མེད་པར་གང་དྲན་གྱིས་གཡང་རྒྱུགས་བྱས་ན་དེ་ནི་ནོར་འཁྲུལ་ཤིན་ཏུ་ཆེ་བ་ཞིག་ཏུ་མཐོང་། དེས་ན། གཅིག་ནས་བོད་ཀྱི་དྲ་རྒྱའི་རྩོམ་རིག་གི་དངོས་ཡོད་གནས་བབས་ལ་གཞི་བཅོལ་དགོས་པ་དང་། གཉིས་ནས་བོད་ཀྱི་དྲ་རྒྱའི་རྩོམ་རིག་གི་གསར་རྩོམ་གྱི་ལག་ལེན་དང་བསྟུན་ནས་གནད་ལ་འཁེལ་བའི་གོ་དོན་ཞིག་འཇོག་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་མཐོང་། དེ་ལྟར་ནའང་རང་ཉིད་ཤེས་ཚད་དམན་པའི་རྐྱེན་གྱིས་དེའི་གོ་དོན་ཞིག་འཇོག་དཀའ་ལ་བཞག་ཀྱང་བཞད་གད་ཀྱི་རྒྱུ་རུ་འགྱུར་ཉེན་ཆེ་བས། སྐབས་འདིར་མཁས་དབང་ཨའུ་ཡང་ཡའུ་ཆོན་གྱིས་“དྲ་རྒྱའི་རྩོམ་རིག་ཅེས་པ་ནི་དྲ་དམངས་(网民)སམ་དྲ་རྒྱའི་རྩོམ་རིག་གི་རྩོམ་པ་པོས་གློག་ཀླད་ཀྱི་སྟེང་དུ་གསར་རྩོམ་བྱས་ཏེ་སྦྲེལ་རེས་དྲ་རྒྱ་བརྒྱུད་ནས་ཁྱབ་སྤེལ་དང་། དྲ་ཞུགས་མི་སྣས་དེར་རོལ་མྱོང་དང་མཉམ་ཞུགས་(参与)བྱེད་ཆོག་པའི་རྩོམ་རིག་གི་རྣམ་པ་གསར་པ་ཞིག་ཡིན་” (12)ཞེས་གསུངས་པ་འདིའི་རྗེས་སུ་འབྲངས་ན་འཚམ་པར་མཐོང་། གང་ལགས་ཤེ་ན། གོ་དོན་འདི་ནི་གཅིག་ནས་གོང་གི་གོ་དོན་གཉིས་པ་དང་འདྲ་བར་སྣང་ཡང་དེ་ལས་ཁ་གསལ་ལ་ཞིབ་ཚགས་པའི་ཁྱད་ཆོས་ལྡན་པས་དྲ་རྒྱའི་རྩོམ་རིག་གི་གཞུང་ལ་ཐོག་མར་འཇུག་པའི་རང་རེ་ཚོའི་བློ་དང་འཚམ་པ་སྟེ། གོ་དོན་འདི་ལས་དངོས་ཡོད་ཀྱི་འཚོ་བ་མཚོན་པའམ་དྲ་རྒྱའི་འཇིག་རྟེན་གྱི་བསམ་ཚོར་སོགས་གང་རུང་མཚོན་པའི་བརྩམས་ཆོས་དེ་ངེས་པར་དུ་གློག་ཀླད་དང་དྲ་རྒྱའི་ལག་རྩལ་ལ་བརྟེན་དགོས་པ་གང་ཞིག ཐོག་མར་དྲ་རྒྱའི་སྟེང་དུ་སྤེལ་བ་ཞིག་ཡིན་པས་གློག་དཔར་དུ་བཏབ་པའི་ཤོག་ཐོག་རྩོམ་རིག་དག་དྲ་རྒྱའི་རྩོམ་རིག་མིན་པ་བཀག་པ་ན་གོ་དོན་དང་པོ་དེ་ཞར་ལ་ཁེག་པ། དྲ་ཞུགས་མི་སྣས་དེར་རོལ་མྱོང་དང་མཉམ་ཞུགས་བྱེད་ཆོག་པས་གསར་རྩོམ་གྱི་ཁ་ཕྱོགས་གསལ་བ་དང་། རྩོམ་པ་པོ་དང་ཀློག་པ་པོའི་དབར་གྱི་འབྲེལ་བ་ཐག་ཇེ་ཉེར་སོང་ནས་སྟབས་བདེའི་ངང་ནས་བསམ་འཆར་བརྗེ་རེས་བྱེད་ཆོག་པ་མ་ཟད། གསར་རྩོམ་གྱི་ནང་དུ་མཉམ་དུ་ཞུགས་ཀྱང་ཆོག་པའི་དྲ་རྒྱའི་རྩོམ་རིག་གི་དམིགས་བསལ་ཁྱད་ཆོས་མངོན་ཐུབ་པ། གཉིས་ནས་མིག་སྔའི་རང་རེའི་དྲ་རྒྱའི་རྩོམ་རིག་གི་དངོས་ཡོད་གནས་བབས་དང་མཐུན་པ་སྟེ། ལོ་ཤས་རིང་རང་རེའི་དྲ་རྒྱའི་རྩོམ་པ་པོས་བརྩམས་ཆོས་འབོར་ཆེན་ཞིག་གསར་རྩོམ་བྱས་ཡོད་པ་དེ་དག་ཐུན་མོང་ལ་གོང་གི་ཆ་རྐྱེན་དེ་དག་ལེགས་པར་ཚང་ཡོད་ཁར། ད་ཕན་བོད་ཀྱི་དྲ་རྒྱའི་སྨྱན་མང་རྩོམ་རིག་གི་བརྩམས་ཆོས་མིང་དོན་མཚུངས་པ་ཞིག་མཐོང་ཡུལ་དུ་མི་སྣང་བ་དང་། རྒྱ་རིགས་དང་འདྲ་བར་“ཆེད་བཟོས་གསར་རྩོམ་མཉེན་ཆས་”ཞེས་པ་དེ་བས་མཐོང་རྒྱུ་ལྟ་ཅི་མིང་ཙམ་ཡང་མེད་པས་(དེའི་ཐད་ཀྱི་དགེ་སྐྱོན་སྐབས་བབ་ཀྱི་བརྗོད་བྱ་མིན་པས་རེ་ཞིག་བཏང་སྙོམས་སུ་བཞག་)གོང་གི་གོ་དོན་གསུམ་པ་དེ་འཇོག་ཐབས་མེད་པ་གསལ་པོར་མཐོང་ཐུབ་པ་བཅས་ཀྱིས་ཡིན།
          གཉིས་པ། རྒྱལ་ཕྱིའི་དྲ་རྒྱའི་རྩོམ་རིག་གི་བྱུང་འཕེལ་མདོར་བསྡུས།
          བྱ་དངོས་གང་ཞིག་ཡིན་ཡང་ཚང་མ་ཐོག་མ་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་འཕེལ་རྒྱས། མཐའ་མ་སྟོང་འགྲོ་བ་ནི་ལྡོག་ཏུ་མེད་པའི་ཆོས་ཉིད་ཅིག་རེད། དྲ་རྒྱའི་རྩོམ་རིག་འདི་ཡང་བྱ་དངོས་སམ་སྒྱུ་རྩལ་གྱི་རིགས་གཞན་དང་འདྲ་བར་རྒྱུ་རྐྱེན་ལེགས་པར་འཛོམས་པ་ལས་སྨིན་པའི་འབྲས་བུ་ཞིག་རེད།
          “དྲ་རྒྱའི་རྩོམ་རིག་དར་བའི་སྔོན་འགྲོའི་ཆ་རྐྱེན་གཉིས་ཡོད་པ་ནི་རྩིས་འཁོར་དང་སྦྲེལ་རེས་དྲ་རྒྱ་བརྒྱུད་གཏོང་དང་། རྒྱ་ཆེའི་དྲ་དམངས་ཀྱིས་ཧུར་བརྩོན་ཆེན་པོས་རྩོམ་རིག་གི་ལས་ལ་འཇུག་དགོས་པ་དེ་ཡིན་” (13)ཞིང་། ༡༩༦༩ལོའི་ཟླ་བ་༡༡ཚེས་༢༡ཉིན་གྱི་ཉིན་དགུང་ལ་ཨ་རིའི་ཚན་རིག་མཁས་པ་དྲུག་གིས་ཅ་ལིའི་ཧྥུ་ཉི་ཡ་སློབ་ཆེན་གྱི་ལོའོ་ཧྲན་ཅི་ཡན་ལག་སློབ་གྲྭའི་རྩིས་འཁོར་ཚོད་ལྟ་ཁང་གི་རྩིས་འཁོར་གཅིག་དང་དེ་ནས་ལེ་དབར་སྟོང་གིས་སི་ཐན་ཧྥུ་ཞིབ་འཇུག་ཁང་གི་གློག་ཀླད་གཅིག་བརྒྱུད་འབྲེལ་ལེགས་གྲུབ་བྱུང་བ་དེ་ནས་བཟུང་དྲ་རྒྱའི་རྩོམ་རིག་གི་ས་བོན་ཐོག་མ་དེ་མངོན་མེད་ངང་ནས་འཁྲུངས་པར་རྩིས་ཆོག “འཛམ་གླིང་ཐོག་དྲ་རྒྱའི་རྩོམ་རིག་ཐོག་མ་ནི་ཨ་རི་དང་། ཨའུ་གླིང་སོགས་སྦྲེལ་རེས་དྲ་རྒྱ་དར་ཁྱབ་ཆེ་བའི་རྒྱལ་ཁབ་ཁག་ཏུ་དར་ཞིང་། ཐོག་མའི་མྱུ་གུ་འབུས་པའི་མཚོན་རྟགས་ནི་དུས་རབས་གོང་མའི་ལོ་རབས་བདུན་ཅུའི་སྐབས་ཀྱི་དྲ་ཐོག་གི་རྩོམ་འབྲི་དག་ཡིན་”(14)ཞེས་གསུངས་པ་ལས་དྲ་རྒྱའི་རྩོམ་རིག་དེ་དུས་རབས་གོང་མའི་ལོ་རབས་བདུན་ཅུའི་སྐབས་སུ་གོ་ལའི་ཁྱོན་གྱི་རྒྱལ་ཁབ་འགའ་ཞིག་ཏུ་དར་བའི་རྨང་གཞི་ཚུགས་ཟིན་པ་ཤེས་རྟོགས་བྱེད་ཐུབ།
          “དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུའི་དུས་མཇུག་ཏུ་ཨ་རིའི་བརྩམས་སྒྲུང་མཁས་པ་འགའ་ཞིག་གིས་རིམ་འདས་ཡིག་རྐྱང་གི་ལག་རྩལ་དེ་བརྩམས་སྒྲུང་གསར་རྩོམ་བྱེད་པའི་ཁྲོད་དུ་ཐོག་མར་ཚོད་ལྟའི་རང་བཞིན་གྱིས་བེད་སྤྱོད་བྱེད་འགོ་ཚུགས་པས། དེས་བརྩམས་སྒྲུང་གསར་རྩོམ་ཐད་ལམ་བུ་གསར་པ་ཞིག་བཏོད་པ་དང་སྦྲེལ་རེས་དྲ་རྒྱའི་ཐོག་གི་རིམ་འདས་ཡིག་རྐྱང་དང་རིམ་འདས་སྦྲེལ་མཐུད་ཅེས་པའི་ཐ་སྙད་དེ་རྩོམ་རིག་ཐོག་བེད་སྤྱོད་བྱེད་འགོ་ཚུགས། ”(15) “ ༡༩༨༧ལོར་མེའི་ཁའར་ཇོ་ཝེ་སི་(Michael Joyce)ཞེས་པས་ཨ་རིའི་རྩིས་འཁོར་གྲོས་ཚོགས་ཀྱི་ཐེངས་དང་པོའི་རིམ་འདས་ཡིག་རྐྱང་ཚོགས་འདུའི་ཐོག་རིམ་འདས་ཡིག་རྐྱང་གི་བརྩམས་སྒྲུང་《ཕྱི་དྲོའི་གཏམ་རྒྱུད་》ཅེས་པ་སྤེལ་”(16)བས། དེས་ཕྱིས་ཀྱི་རིམ་འདས་ཡིག་རྐྱང་གི་བརྩམས་སྒྲུང་དང་དྲ་རྒྱའི་སྦྲེལ་མཐུད་ལ་རྨང་གཞི་བཟང་པོ་བཏིང་བ་དང་། དེའི་རྗེས་སུ་“ཨ་རིའི་གྲགས་ཅན་རྩོམ་པ་པོ་ཧྲེ་ཏུའུ་འར་མོ་སི་ལོ་ཧྥུ་(Stuart Moulthrop)ཞེས་པས་རིམ་འདས་ཡིག་རྐྱང་གི་བརྩམས་སྒྲུང་《རྒྱལ་ཁའི་ལྡུམ་ར་》ཞེས་པ་བརྩམས། ”(17) གང་ལྟར་《ཕྱི་དྲོའི་གཏམ་རྒྱུད་》ཅེས་པ་དེ་༡༩༩༠ལོར་ཤར་སྒོའི་མ་ལག་ཀུང་སི་ཞེས་པས་གཉེར་སྡེར་གྱི་ཐོག་ནས་འགྲེམས་སྤེལ་བྱས་པ་དང་“བརྩམས་སྒྲུང་དེའི་དྲ་ངོས་ཚང་མའི་མཇུག་ཏུ་སྣེ་མང་གདམ་གསེས་ཀྱི་སྦྲེལ་མཐུད་མཐེབ་གཅུས་ཡོད་ཅིང་། དེའི་ཐོག་ནས་བརྩམས་སྒྲུང་གི་བྱུང་རིམ་འཕེལ་རྒྱས་འགྲོ་བའི་ཁྲོད་ཀྱི་སྣེ་མང་གི་ལམ་བུ་གདམ་གསེས་བྱེད་ཆོག”(18)རིམ་འདས་ཡིག་རྐྱང་གི་བརྩམས་སྒྲུང་《རྒྱལ་ཁའི་ལྷུམ་ར་》ཞེས་པ་དེ་ཡང་ཤར་སྒོའི་མ་ལག་ཀུང་སི་ནས་གཉེར་སྡེར་དང་དྲ་རྒྱ་གཉིས་ཀའི་ཐོག་ནས་འགྲེམས་སྤེལ་བྱས་པས་རིམ་འདས་ཡིག་རྐྱང་གི་བརྩམས་སྒྲུང་དངོས་སུ་དྲ་རྒྱའི་ཐོག་ཏུ་སྦྲེལ་མཐུད་ལེགས་གྲུབ་བྱུང་བ་མ་ཟད། ཕྱིས་འབྱུང་གི་འཕེལ་རྒྱས་ལ་རྨང་གཞི་བཟང་པོ་ཞིག་བཏིང་ཡོད།
          “བརྩམས་སྒྲུང་སྔ་མ་དེས་ཕྱི་ངོས་ཀྱི་སྦྲེལ་མཐུད་བྱ་ཐབས་སྤྱད་པ་དང་ཕྱི་མ་དེས་ནང་ངོས་ཀྱི་འབྲེལ་མཐུད་བྱ་ཐབས་སྤྱད་ཡོད།” (19)གང་ལྟར་ཡང་བརྩམས་སྒྲུང་དེ་རིགས་“ཀློག་པ་པོས་ལྟ་ཀློག་བྱེད་པའི་བརྒྱུད་རིམ་ཁྲོད་སྦྲེལ་མཐུད་ཀྱི་གདམ་གསེས་མི་འདྲ་བར་བརྟེན་ནས་ལྟ་ཐེངས་དང་པོ་དང་གཉིས་པ། གསུམ་པ་སོགས་ལ་བྱུང་རིམ་མི་འདྲ་བ་དང་བསྟན་དོན་ཡང་མི་འདྲ་བ་འབྱུང་བ་ཡིན། ”དེ་ནི་དྲ་རྒྱའི་རྩོམ་རིག་གསར་རྩོམ་བྱེད་ཐབས་སམ་སྒྱུ་རྩལ་གྱི་མཚོན་སྟངས་ཐུན་མོང་མ་ཡིན་པ་ཞིག་ཡིན་པར་འདོད་ལ་བརྩམས་སྒྲུང་གི་སྒྱུ་རྩལ་མཚོན་ཐབས་ཐད་སྔ་ན་མེད་པའི་ཐོད་བརྒལ་ཞིག་ཀྱང་ཡིན་པར་འདོད། ལྷག་པར་དུ་“ ༡༩༩༠ལོའི་རྗེས་སུ་དྲ་རྒྱའི་རིམ་འདས་ཡིག་རྐྱང་གི་རྩོམ་འབྲི་དེ་དངོས་སུ་སློབ་གྲྭ་ཆེ་ཁག་གི་སློབ་ཚན་དུ་བཀོད་སྒྲིག་བྱས་ཤིང་། ཨ་རིའི་བརྩམས་སྒྲུང་མཁས་ཅན་ལོ་ཧྥུ་ཐེ་ཁུ་ཕོ་( Robert Coover)ཡིས་༡༩༩༢ལོར་པུ་ལང་(布朗)སློབ་གྲྭ་ཆེན་མོར་རིམ་འདས་ཡིག་རྐྱང་གི་རྩོམ་འབྲིའི་འཛིན་གྲྭ་བཙུགས་པ་དང་ཀྲེན་ཉི་ཐེ་མ་རུའེ་(Janet Murrdy)ཞེས་པས་མ་ཧྲེང་རང་བྱུང་སློབ་གླིང་དུ་སྣོལ་མའི་རང་བཞིན་དང་རིམ་འདས་རང་བཞིན་གྱི་བརྩམས་སྒྲུང་གསར་རྩོམ་བྱ་ཐབས་ཀྱི་སློབ་ཁྲིད་བྱས” (20)པ་ནས་བཟུང་རིམ་འདས་ཡིག་རྐྱང་གི་རྩོམ་ཐབས་གོང་འཕེལ་འགྲོ་བར་སྐུལ་འདེད་ཆེན་པོ་བཏང་ཡོད།
          ༡༩༩༣ལོར་སྦྲེལ་རེས་དྲ་རྒྱ་དེ་འཛམ་བུའི་ཁྱོན་ལ་དངོས་སུ་སྒོ་ཕྱེ་བས་དྲ་རྒྱའི་རྩོམ་རིག་དེ་རྒྱལ་ཁབ་འགའ་ཤས་སམ་གླིང་འགའ་ཤས་ཀྱི་རང་བཞིན་ལས་གོ་ལ་ཅན་དུ་གོམ་ཁ་བསྒྱུར་བའི་གལ་ཆེའི་ཆ་རྐྱེན་བསྐྲུན་པ་རེད། དེ་ནི་ཆ་འཕྲིན་གྱི་དུས་རབས་བསུ་བའི་སྐྱ་རེངས་ཤིག་དང་འཛམ་གླིང་དྲ་རྒྱའི་རྩོམ་རིག་གི་ལོ་རྒྱུས་ཐོག་ནས་བརྗོད་ན་ཤིན་ཏུ་གལ་འགངས་ཆེ་བའི་དོན་ཆེན་ཞིག་ཡིན་པར་ཁ་ཚོན་གཅོད་ཆོག
          “༡༩༩༧ལོའི་ཟླ་༤པར་“རྒྱལ་ཡོངས་ཀྱི་བརྩམས་སྒྲུང་”ཟེར་བའི་སྦྲེལ་རེས་དྲ་རྒྱའི་རྩོམ་འབྲིའི་ལས་འགུལ་ཞིག་ཁེ་ན་ཊ་(加拿大)རུ་གཉེར་འགོ་ཚུགས་ཤིང་། ཁེ་ན་ཊའི་རྒྱལ་ཡོངས་ཞིང་ཆེན་བཅུ་གཉིས་ཀྱི་རྩོམ་པ་པོའི་འཐུས་མི་བཅུ་གཉིས་ཀྱིས་《 རྒྱལ་ཁོངས་གྲོལ་བའི་གཏམ་རྒྱུད་》ཅེས་པའི་བརྩམས་སྒྲུང་རིང་གྲས་ཤིག་ཆུ་ཚོད་བཅུ་གཉིས་ནང་ཐུན་མོང་ཐོག་ནས་ལེགས་གྲུབ་བྱུང་” (21)བ་དང་། “རྣམ་པ་གསར་རྐྱང་གི་གསར་རྩོམ་བྱ་ཐབས་ཀྱི་ལམ་ནས་གྲུབ་པའི་བརྩམས་སྒྲུང་དེ་ལ་ཁེ་ན་ཊའི་ཀློག་པ་པོ་མང་པོའི་དགའ་བསུ་ཐོབ་ཡོད།” (22)དེའི་ཕྱིས་“དྲ་ཐོག་དཔེ་ཁང་ཆེན་མོ་ཡ་མ་ཤུན་ཀུང་སིས་ཨ་རིའི་གྲགས་ཅན་རྩོམ་པ་པོ་ཡོ་ཧན .ཨེ་ཕུ་ཏེ་ཁེ་(约翰.厄普代克) སོགས་གྲགས་ཅན་རྩོམ་པ་པོ་༤༥མཉམ་དུ་སྐོང་ཚོགས་བྱས་ཏེ་《གཏམ་རྒྱུད་ནི་ལྐོག་གསོད་ནས་འགོ་ཚུགས》ཞེས་པའི་མུ་འབྲེལ་གྱི་བརྩམས་སྒྲུང་གསར་རྩོམ་ལེགས་གྲུབ་བྱུང་བ་རེད།” (23)དེ་དག་གིས་དྲ་རྒྱའི་རྩོམ་རིག་དེ་གོ་ལའི་ཁྱོན་ལ་ཁྱབ་འགོ་ཚུགས་པ་དང་རྒྱལ་ཕྱིའི་དྲ་རྒྱའི་རྩོམ་རིག་གི་ཐོག་མའི་རྣམ་པ་ཡིན་པའི་མེ་གླིང་བྱང་མའི་དྲ་རྒྱའི་རྩོམ་རིག་དེ་དུས་རབས་གོང་མའི་ལོ་རབས་དགུ་བཅུའི་ནང་འབྲས་བུ་སྨིན་པའི་དུས་མཚམས་སུ་སླེབས་པ་མཚོན་པ་བཅས། གང་ལྟར་གོང་གི་བརྩམས་ཆོས་དེ་གཉིས་ནི་སྐབས་དེའི་དྲ་རྒྱའི་རྩོམ་རིག་གི་དཔེ་མཚོན་དུ་འཇོག་བཞིན་འདུག
          “རྒྱལ་ཕྱིའི་དྲ་རྒྱའི་རྩོམ་རིག་གི་ཁྲོད་ནས་གླེང་རིན་ཡོད་པ་ནི་ལྷོ་ཁོ་རི་ཡ་དང་ལྗར་པན་གྱི་དྲ་རྒྱའི་རྩོམ་རིག་རེད།” (24) “ལྷོ་ཁོ་རི་ཡའི་དྲ་རྒྱའི་རྩོམ་རིག་གི་ཚབ་མཚོན་བརྩམས་ཆོས་ནི་‘རང་ཉིད་ནི་རྩོམ་པ་པོ་ཞིག་མིན་ལ་རང་ཉིད་ཀྱིས་རྩོམ་འབྲི་མི་ཐུབ་’པར་འདོད་པའི་ཅིན་ཧའོ་གྲེ་(金浩植)ཡིས་བརྩམས་པའི་《བདག་གི་གཤིས་ཀ་གྱོང་བའི་མཛའ་མོ་》ཞེས་པ་དེ་ཡིན། ” བརྩམས་ཆོས་དེར་ལྷོ་ཁོ་རི་ཡའི་ཀློག་པ་པོའི་དགའ་བསུ་ཚད་མེད་ཐོབ་པ་མ་ཟད། ཕྱིའི་རྒྱལ་ཁབ་ཁག་ལ་ཡང་དེའི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པར་གྲགས། དེ་བཞིན་“༢༠༠༣ལོར་དགུང་ལོ་༡༧ལས་སོན་མེད་པའི་ཀྲུང་པེ་ཀྲེ་ཀྲོན་བུད་མེད་མཐོ་རིམ་སློབ་འབྲིང་གི་སློབ་མ་ཁེ་ཨེ་ཐའོ་(可爱淘)ཡིས་དྲ་རྒྱའི་བརྩམས་སྒྲུང་《གཞོན་པ་དེའི་རྫིག་ཉམས་》ཞེས་པ་སྤེལ་བ་དེ་ནི་རྩོམ་པ་པོ་སྒེར་གྱི་དྲ་ཚིགས་སུ་ཐོ་འགོད་བྱས་པའི་ཁོངས་མི་གྲངས་ས་ཡ་གསུམ་ལས་བརྒལ་བ་དང་བརྩམས་སྒྲུང་དེ་ཤོག་ཐོག་ནས་དཔར་དུ་བསྐྲུན་ནས་འགྲེམས་སྤེལ་བྱེད་པའི་བརྒྱུད་རིམ་ཁྲོད་དུས་ཐུང་ནང་དཔེ་དེབ་གྲངས་འབོར་ས་ཡ་གཉིས་བྲིན་ནས་སྐབས་ཤིག་རིང་ལྷོ་ཁོ་རི་ཡའི་དཔེ་ཚོང་བྱ་གཞག་ཁྲོད་བརྩམས་སྒྲུང་བྲིན་ཁ་རྒྱུག་ཤོས་སུ་གྱུར་” (25)ནས་བག་ཆགས་ཆེན་པོ་བཞག  དེ་རྗེས་ཁོང་གིས་《གཞོན་པ་དེའི་རྫིག་ཉམས་༢》ཞེས་པ་དང་《གཞོན་པའི་བསླུ་བྲིད་》《གཞོན་པའི་བསླུ་བྲིད་ཀྱི་དཔར་གཞི་མཐའ་མ་》ཞེས་པ་སོགས་བརྩམས་ནས་རྒྱ་ཆེའི་ཀློག་པ་པོའི་ཡིད་དབང་རབ་ཏུ་འཕྲོག་ཡོད་པ་དང་དེ་དག་བཞི་པོ་༢༠༠༤ལོའི་ལྷོ་ཁོ་རི་ཡའི་དྲ་རྒྱའི་བརྩམས་སྒྲུང་བང་རིམ་ནང་རིམ་པ་བཅུའི་གྲས་སུ་ཚུད། གཞན་ཡང་《ང་ནི་སྤྱང་གྲུང་ལྡན་པའི་བུད་མེད་སློབ་མ་ཞིག་མིན་》ཞེས་པ་དང་《Kissདུག་ཕོག་ནད་རྟགས་》ཞེས་པ་སོགས་ཀྱི་བརྩམས་ཆོས་ཕུལ་བྱུང་མང་དུ་ཐོན་ཡོད།
          ལྗར་པན་ལ་མཚོན་ན་“དྲ་རྒྱའི་རིག་གནས་འདི་སྤྱི་ཚོགས་དང་རིག་གནས་ཀྱི་སྣང་ཚུལ་ཞིག་གི་ཐོག་ནས་ཉི་མ་རེ་བཞིན་མ་འདས་པར་མི་རྣམས་ཀྱིས་དོ་ཁུར་ཆེས་ཆེར་བྱེད་ཡུལ་དུ་གྱུར་” (26)ལ་དྲ་རྒྱའི་རྩོམ་རིག་ཀྱང་ཧ་ཅང་དར་རྒྱས་ཆེ་བའི་རྒྱལ་ཁབ་ཅིག་ཡིན་པར་མཐོང་། ལྗར་པན་གྱི་དྲ་རྒྱའི་རྩོམ་པ་པོའི་ཁྲོད་ནས་གྲགས་ཆེ་ཤོས་ནི་དྲ་མིང་དུ་ཐན་ཁུ་ལན་དི་(田口蓝迪)དུ་འབོད་པ་དང་། མིང་དངོས་ལ་ཐན་ཁུ་ཧུའི་ཙེ་(田口惠子)ཞེས་པའི་བུད་མེད་ཅིག་ཡིན་ཞིང་། “ཁོང་ནི་༡༩༩༨ལོ་ནས་བཟུང་སྟེ་ལྗར་པན་དུ་བརྩམས་ཆོས་སྤེལ་མང་ཤོས་དང་ཀློག་པ་པོས་དགའ་བསུ་ཚད་མེད་ཞུ་བའི་དྲ་རྒྱའི་རྩོམ་པ་པོ་ཞིག་ཡིན། ” ཁོང་གི་དྲ་རྒྱའི་བརྩམས་སྒྲུང་དང་པོ་《བསྒར་ཁུང་》(插座) ཟེར་བར་ཀྲེ་མུ་བྱ་དགའི་(直木奖)མཚན་སྙན་ཐོབ་པ་དང་། དཔེ་སྐྲུན་བྱས་རྗེས་བྲིན་ཁ་རྒྱུག་ཤོས་ཀྱི་བརྩམས་སྒྲུང་དུ་གྱུར།” (27)དེ་བཞིན་ཁོང་གི་བརྩམས་ཆོས《གནམ་སྐུད་》(天线)ཟེར་བ་དང་《རི་མོ་སྒྲིག་པ་》 (拼图)ཞེས་པ་གཉིས་ཀྱང་དྲ་རྒྱའི་ཐོག་ཏུ་སྐད་གྲགས་ཆེན་པོ་ཡོད་པ་མ་ཟད། བརྩམས་སྒྲུང་དེ་གསུམ་ལ་ཁོང་གི་གྲགས་རྩོམ་རྣམ་གསུམ་དུ་འབོད། “ཐན་ཁུ་ལན་དེའི་བསམ་ཕོད་པ་དང་ཤོད་ཕོད་པ། ཡིད་དབང་འཕྲོག་པའི་རྩོམ་རྩལ་ལས་ཁོང་ནི་ལྗར་པན་གྱི་དྲ་རྒྱའི་རྩོམ་རིག་པ་དང་པོར་འཇོག་པ་དང་ཁོང་ལ་དྲ་རྒྱའི་རྒྱལ་པོ་ཞེས་པའི་མཚན་སྙན་ཐོབ་ཡོད།” (28) སྤྱི་ལོ་༢༠༠༣ལོར་ལྗར་པན་གྱི་བརྩམས་སྒྲུང་རྩོམ་མཁན་དང་ལག་ཐོག་ཁ་དཔར་གྱི་དྲ་ཚིགས་གཉེར་མཁན་ཧྲེ་ཐན་དབྱི་ལེང་(石田衣郎)གིས་ལག་ཐོག་ཁ་དཔར་གྱི་བརྩམས་སྒྲུང་《བརྩེ་དུང་ཟབ་མོ་》ཟེར་བ་སྤེལ་བས། སྐབས་ཤིག་རིང་ལྗར་པན་དུ་སྦིར་གྲགས་ཆེན་པོ་བྱུང་། གཞན་ཡང་༢༠༠༤ལོར་གླེང་སྟེགས་ཀྱི་བརྩམས་སྒྲུང་《གློག་སྐས་ཕོ་གཞོན་》ཞེས་པ་ཐོན་ཞིང་། དེས་དྲ་རྒྱའི་ཐོག་ཏུ་བག་ཆགས་བཟང་པོ་བཞག་པ་མ་ཟད། དེ་ཉིད་དཔེ་སྐྲུན་འགྲེམས་སྤེལ་བྱས་རྗེས་ཡ་མ་ཤུན་དྲ་ཐོག་དཔེ་ཁང་གི་བྲིན་ཁ་རྒྱུག་ཤོས་ཀྱི་དཔེ་དེབ་ཅིག་ཏུ་གྱུར། ༢༠༠༥ལོར་ཅའོ་ཐན་ཀོང་ཏེ་(角田光代)ཡིས་བརྩམས་པའི་ཀྲེ་མུ་བྱ་དགའ་ཐོབ་པའི་བརྩམས་ཆོས་《བར་སྣང་གི་སྐྱེད་ཚལ་》ཞེས་པ་སོགས་མང་དུ་ཐོན།
          གཞན་ཡང་དྲ་རྒྱའི་རྩོམ་རིག་འདི་རྣམ་པ་གསར་རྐྱང་ཞིག་གི་ཐོག་ནས་རྩོམ་རིག་གི་གར་སྟེགས་སུ་ཐོན་རྗེས་རྩོམ་རིག་མཁས་དབང་མང་པོས་བདག་མེད་བུ་ཕྲུག་བཞིན་མ་བསྐྱུར་བར་དེའི་ཐད་ཞིབ་འཇུག་གནང་བས་གྲུབ་འབྲས་ཀྱང་གང་ལེགས་ཤིག་ཐོབ་ཡོད། དཔེར་ན། “ནར་ཤུན་གྱི་《རིམ་འདས་ཡིག་རྐྱང་》(1965)དང་། ལོ་ལེར་གྱི་《སྣོལ་མའི་རང་བཞིན་གྱི་སྟོང་བསམ་མ་ལག་》(1986) མོའོ་ལེ་ཡི་《གྲངས་འཛིན་སྨྱན་རྫས་ཀྱི་མཛེས་རིག》(1997) སེ་ལོ་ཨེན་གྱི་《གྲངས་འཛིན་བརྩམས་སྒྲུང་》(2000)” (29) སོགས་ཞིབ་འཇུག་གི་དཔྱད་རྩོམ་མི་ཉུང་བ་ཞིག་ཐོན། དེའི་རྗེས་སུ་“བོར་ཐེ་ཡི་《རྩོམ་འབྲིའི་བར་སྟོང་》 (1991) ཞེས་པ་དང་། སེ་ནེ་ཏི་ཡི་《རིམ་འདས་ཡིག་རྐྱང—གློག་རྡུལ་གྱི་སྒྱུ་འཕྲུལ་ཕོ་བྲང་》(1996)  ཀེ་ཇི་ཡི་《ཡིག་རྐྱང་ནས་རིམ་འདས་ཡིག་རྐྱང་བར་》(1997) པུ་ལེན་སེ་ཡོ་ཏེ་ཡི་《མི་བཟོས་རིག་ལྡན་དང་རྩོམ་རིག་གསར་རྩོམ་》(2000) ལྟ་བུའི་ཆེད་རྩོམ་བཅུ་ལྷག་ཉིས་སྟོང་ལོའི་སྔོན་ནས་རྩོམ་སྒྲིག་བྱས་ཟིན་ཡོད།” (30)
          མདོར་ན་དྲ་རྒྱའི་རྩོམ་རིག་འདི་ཐོག་མར་མེ་གླིང་བྱང་མས་གཙོས་པའི་ཚན་རྩལ་འཕེལ་རྒྱས་མྱུར་བའི་ཕྱིའི་རྒྱལ་ཁབ་འགའ་ཞིག་ཏུ་དར་བ་དང་། ཕྱིས་སུ་ཡ་གླིང་གི་རྒྱལ་ཁབ་ཁག་ཏུ་དར་བ་མ་ཟད། གྲུབ་འབྲས་ཀྱང་གང་ལེགས་ཐོབ་ཡོད་པ་དེ་དག་གི་ཐོག་ནས་ཕྱིའི་རྒྱལ་ཁབ་ཏུ་རྩོམ་རིག་མཁས་དབང་ཚོས་དྲ་རྒྱའི་རྩོམ་རིག་ཞིབ་འཇུག་གི་བྱ་བར་མཐོང་ཆེན་བྱས་དང་བྱེད་བཞིན་ཡོད་པ་དང་རྨང་གཞིའི་ཞིབ་འཇུག་གི་དུས་ཚོད་ཀྱང་སྔ་པོ་ཡིན་པ་མཐོང་ཐུབ།
          གསུམ་པ། རྒྱལ་ནང་གི་དྲ་རྒྱའི་རྩོམ་རིག་གི་བྱུང་འཕེལ་མདོར་བསྡུས།
          དྲ་རྒྱ་ཁྱབ་གདལ་དང་དྲ་རྒྱའི་ལག་རྩལ་འཕེལ་རྒྱས་ཟམ་མི་ཆད་པར་ཕྱིན་པ་དང་བསྟུན་ནས་རྒྱལ་ནང་གི་དྲ་རྒྱའི་རྩོམ་རིག་དར་བ་དང་འཕེལ་རྒྱས་ཀྱང་ཤིན་ཏུ་མྱུར་བ་མ་ཟད། དྲ་རྒྱའི་རྩོམ་རིག་གསར་རྩོམ་དང་། རོལ་མྱོང་། དཔར་སྐྲུན། ཞིབ་འཇུག་སོགས་ཕྱོགས་གང་ཅིར་གྲུབ་འབྲས་ལེགས་པོ་ཐོབ་ཡོད། འདིར་ཨའུ་ཡང་ཡའུ་ཆོན་གྱིས་གཙོ་སྒྲིག་གནང་བའི་《དྲ་རྒྱའི་རྩོམ་རིག་གི་བྱུང་འཕེལ་ལོ་རྒྱུས་》ཞེས་པ་དང་། མ་ཅིས་ཡིས་བརྩམས་གནང་བའི་《དྲ་རྒྱའི་རྩོམ་རིག་གི་ལོ་བཅུའི་ལོ་རྒྱུས་》ཞེས་པ་གཉིས་གཙོ་བོར་བཟུང་ནས་མཚམས་སྦྱོར་གྱི་ཚུལ་དུ་ཅུང་ཟད་གླེང་ན།
          རྒྱལ་ནང་གི་དྲ་རྒྱའི་རྩོམ་རིག་ནི་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་རང་རྒྱལ་གྱི་སློབ་མའི་ཤུགས་རྐྱེན་དང་རྒྱལ་ནང་གི་དྲ་རྒྱའི་ལག་རྩལ་འཕེལ་རྒྱས་འགྲོ་བ་གཉིས་དང་ཁ་བྲལ་ཐབས་མེད། རྒྱལ་ནང་དུ་དྲ་རྒྱའི་རྩོམ་རིག་དངོས་སུ་མ་དར་གོང་དུ་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་རང་རྒྱལ་གྱི་སློབ་མས་རྒྱ་ཡིག་ཐོག་ནས་དྲ་རྒྱའི་རྩོམ་རིག་གཉེར་འགོ་ཚུགས་པ་དེ་ནི“་སྤྱིར་ཨ་རིའི་དྲ་རྒྱའི་རིམ་འདས་ཡིག་རྐྱང་གི་བརྩམས་སྒྲུང་ཐོན་པ་དང་དུས་མཚུངས་པ་རེད།” དུས་སྐབས་དེ་ནི་རྒྱལ་ནང་གི་དྲ་རྒྱའི་རྩོམ་རིག་གི་ངོས་ནས་བརྗོད་ན་གལ་འགངས་ཧ་ཅང་ཆེ་བའི་དུས་སྐབས་ཤིག་དང་། རྒྱ་ཡིག་དྲ་རྒྱའི་རྩོམ་རིག་གི་ལོ་རྒྱུས་ཧྲིལ་པོའི་ངོས་ནས་གླེང་ན་མྱུ་གུ་འབུས་པའི་དུས་ཚོད་གལ་ཆེན་ཞིག་ཀྱང་རེད།
          “༡༩༩༡ལོའི་ཟླ་༤ཚེས་༥ཉིན་གོ་ལ་ཧྲིལ་པོའི་ཁྱོན་གྱི་རྒྱ་ཡིག་གི་གློག་རྡུལ་དུས་དེབ་ཐོག་མ་《ཧྭ་ཤ་རྩོམ་བཏུས་》ཞེས་པ་ཨ་རིར་སྤེལ་འགོ་བརྩམས་པ་དང་།” (31)དུས་དེབ་དེའི་སྟེང་དུ་“ཨ་རིར་སློབ་སྦྱོང་བྱེད་བཞིན་ཡོད་པའི་ཀྲུང་གོའི་ཕྱིར་སྡོད་སློབ་མའམ་རང་རྒྱལ་གྱི་དྲ་རྒྱའི་རྩོམ་པ་པོ་ཧྲའོ་ཅུན་གྱིས་《འབད་བརྩོན་དང་འདྲ་མཉམ་》ཞེས་པའི་བརྩམས་སྒྲུང་ཞིག་སྤེལ་བ་དེ་ནི་རྒྱ་ཡིག་གི་དྲ་རྒྱའི་རྩོམ་རིག་གི་བརྩམས་ཆོས་ཐོག་མའམ་བརྩམས་སྒྲུང་དང་པོ་དེ་ཡིན་” (32)པར་གྲགས། ལོ་དེ་གར་ཝང་ཤའོ་ཧྥེ་ཞེས་པས་ཕྱི་རྒྱལ་དུ་《རྒྱ་ཡིག་སྙན་ངག་འཕྲིན་གཏོང་དྲ་བ་》ཞེས་པ་གཉེར་བ་སོགས་དུས་དེ་ནས་བཟུང་གོ་ལའི་ཁྱོན་དུ་རྒྱ་ཡིག་གི་རྩོམ་རིག་དྲ་བ་མེད་པའི་ལོ་རྒྱུས་དེར་རྫོགས་ཤད་བཀོད་པ་དང་དུས་མཚུངས་ཕྱིར་སྡོད་ཀྲུང་གོའི་སློབ་མ་ཚོས་རང་གི་མེས་རྒྱལ་དང་ཕ་ཡུལ་སོགས་དྲན་པའི་དྲ་རྒྱའི་རྩོམ་རིག་གི་བརྩམས་ཆོས་མང་པོ་ཞིག་རྩོམ་འགོ་ཚུགས་ལ་རྒྱལ་ཁབ་གཞན་དུ་ཡོད་པའི་ཀྲུང་གོའི་ཕྱིར་སྡོད་སློབ་མ་མང་པོ་ཞིག་གིས་ཀྱང་དེ་ལྟ་བུའི་གློག་རྡུལ་དུས་དེབ་གཉེར་འགོ་ཚུགས་ཡོད། དཔེར་ན། ཨ་རིའི་《མིང་མེད་》དང་། ཁེ་ན་ཊའི་《རོང་ཆུ་དམར་པོ་》འཇར་མན་གྱི་《བདེན་གཏམ་》དབྱིན་ཇིའི་《ལི་སིའི་འཕྲིན་སྐྱེལ་》ལྗར་པན་གྱི་《བྱང་ཤར་རླུང་བུ་》ལྟ་བུ་མང་དུ་ཐོན་སྐད།
          ༡༩༩༣ལོར་སྦྲེལ་རེས་དྲ་རྒྱ་དེ་འཛམ་གླིང་ཁྱོན་ལ་སྒོ་ཕྱེ་བ་དེས་རྒྱལ་ཁབ་དང་མི་རིགས་མང་པོ་ཞིག་ལ་ཆ་འཕྲིན་གྱི་སྒོ་ཡངས་པོར་ཕྱེ་བ་དང་དྲ་རྒྱའི་རྩོམ་རིག་འདི་ཡང་འཛམ་གླིང་ཅན་དུ་འགྱུར་བའི་ཕྱི་ངོས་ཀྱི་ཆ་རྐྱེན་བསྐྲུན་ཡོད། རང་རྒྱལ་ཡང་༡༩༩༤ལོར་ཁོངས་མིང་“. cn ” ཟེར་བའི་ཐོག་ནས་རྒྱལ་སྤྱིའི་སྦྲེལ་རེས་དྲ་རྒྱའི་ནང་ཞུགས་པ་རེད། དེ་ནི་རང་རྒྱལ་ཆ་འཕྲིན་གྱི་དུས་རབས་ལ་གོམ་ཁ་བསྒྱུར་བའི་གལ་ཆེའི་གནད་དོན་ཞིག་དང་དེ་བས་རྒྱལ་ནང་དྲ་རྒྱའི་རྩོམ་རིག་གི་ངོས་ནས་བརྗོད་ན་ཤིན་ཏུ་གལ་འགངས་ཆེ་བའི་དོན་ཆེན་ཞིག་ཡིན། དེ་བས་“ ལོ་དེ་གའི་ཟླ་དང་པོར་ཧྥང་ཀྲའུ་ཙེ་དང་གུ་ཕིན་སོགས་ཀྱིས་རྒྱ་ཡིག་དྲ་རྒྱའི་རྩོམ་རིག་རྐྱང་པའི་གློག་རྡུལ་དུས་དེབ་《ཤིན་ཡུས་སི་》ཟེར་བ་གཉེར་བས་དེ་ལ་རྒྱ་ཆེའི་དྲ་དམངས་ཀྱི་བརྩེ་བ་ཟབ་མོ་ཐོབ། ” (33)
          “༡༩༩༥ལོའི་ཟླ་༣པར་ཧྲེ་ཡང་དང་ལུའུ་མིང་སོགས་ཀྱིས་རྒྱ་ཡིག་དྲ་རྒྱའི་སྙན་ངག་དུས་དེབ་《གན་ལན་ཧྲུའུ་》ཟེར་བ་གསར་དུ་གཉེར་བ་དེ་ནི་༡༩༩༧ལོའི་སྔོན་གྱི་དྲ་རྒྱའི་སྙན་ངག་སྤེལ་སའི་མིང་དོན་མཚུངས་པའི་དྲ་རྒྱའི་རྩོམ་རིག་གི་དུས་དེབ་ཅིག་ཡིན་པ་མ་ཟད། དེར་རྒྱལ་ནང་དང་ཐེའེ་ཝན། རྒྱལ་ཕྱི་སོགས་སུ་ཀློག་པ་པོ་མི་ཉུང་བ་ཞིག་ཡོད། དུས་མཚུངས་ལོ་དེའི་ལོ་མཇུག་ཏུ་བུད་མེད་ཀྱི་དྲ་རྒྱའི་རྩོམ་རིག་དུས་དེབ་ཐོག་མ་《ཧྭ་ཀྲའོ་》ཞེས་པ་བལྟམས་ཤིང་། དེ་དག་ནི་རྒྱ་ཡིག་གི་དྲ་རྒྱའི་རྩོམ་རིག་གི་ཐོག་མའི་རྣམ་པ་ཡིན།” (34) “དེ་བཞིན་༡༩༩༥ལོའི་ཟླ་༨པར་རྒྱལ་ནང་དྲ་རྒྱའི་རྩོམ་རིག་གི་མྱུ་གུར་བརྩི་བའི་ཧྲུལ་མུའུ་ཆིན་ཧྭ་གླེང་སྟེགས་སྐུ་བལྟམས་པ་དེ་ནི་སྐམ་ས་ཆེན་མོའི་སྦྲེལ་རེས་དྲ་རྒྱའི་ཐོག་གི་གླེང་སྟེགས་ཐོག་མ་དེ་ཡིན།”(35)
           “༡༩༩༦ལོའི་ཟླ་༦ཚེས་༡༨ཉིན་《ཀྲུང་གོའི་སྐབས་དོན་ཚགས་པར་》ཐོག་སྐུ་ཞབས་ཡང་ཀྲའོ་ཡི་རྩོམ་ཡིག་《ཐོབ་ཐང་དང་གཏམ་རྒྱུད་》 ཟེར་བ་སྤེལ་བས་དྲ་རྒྱའི་རྩོམ་རིག་དང་འབྲེལ་བའི་རྩོད་གླེང་ཞིག་ཐོན་པ་དེ་ཡང་གཙོ་བོ་དྲ་རྒྱའི་རྩོམ་རིག་འདི་ཇི་འདྲ་ཞིག་ཡིན་མིན་ཐད་ཀྱི་རྩོད་གླེང་དྲག་པོ་ཞིག་ཡིན། ” (36)དེ་ནི་རྒྱ་ཡིག་དྲ་རྒྱའི་རྩོམ་རིག་ལ་ཡོངས་ཁྱབ་རང་བཞིན་ལྡན་པའི་དཔྱད་གླེང་བྱས་པ་ཐོག་མ་དེ་ཡིན་པར་མཐོང་ལ་དེ་ལས་ཀྱང་གལ་ཆེ་བ་ཞིག་ནི་རྒྱ་ཡིག་གི་དྲ་རྒྱའི་རྩོམ་རིག་ལ་ཆེད་ལས་དཔྱད་བརྗོད་པའི་དོ་སྣང་ཐོབ་པ་དེ་རེད།
          “༡༩༩༧ལོའི་ཟླ་༡༢ཚེས་༢༥ཉིན་རྒྱལ་ཁོངས་ཨ་རི་ཡིན་པའི་ཀྲུང་གོ་བ་ཀྲུའུ་ཝེའི་ལན་གྱིས་གོ་ལ་ཡོངས་ཀྱི་རྒྱ་ཡིག་དྲ་རྒྱའི་རྩོམ་རིག་དྲ་རྒྱ་《རུང་ཧྲུའུ་ཤ་》ཟེར་བ་གཉེར་བ་དེ་ནི་རྒྱ་ཡིག་དྲ་རྒྱའི་རྩོམ་རིག་གི་རྒྱལ་སྒོ་ཆེན་མོ་དངོས་སུ་ཕྱེ་བའི་མཚོན་རྟགས་ཡིན་”(37) ལ་“༡༩༩༧ལོར་ཝང་དབྱི་ཀུང་སི་ནས་རིན་མེད་ངང་ནས་མི་སྒེར་གྱི་བར་སྟོང་མཁོ་སྤྲོད་བྱེད་འགོ་ཚུགས་པ་དང་། དེས་སྐམ་ས་ཆེན་མོའི་དྲ་རྒྱའི་རྩོམ་རིག་མྱུར་དུ་འཕེལ་རྒྱས་འགྲོ་འགོ་ཚུགས་པས་《དྲ་རྒྱའི་རྩོམ་རིག་གི་ལོ་བཅུའི་ལོ་རྒྱུས་》ཞེས་པའི་དེབ་ཆུང་དེས་ཀྱང་འདི་ནས་བརྩམ་པར་བྱའོ་” (38)ཞེས་ལོ་དེ་ནི་རྒྱལ་ནང་དྲ་རྒྱའི་རྩོམ་རིག་དངོས་སུ་དབུ་ཚུགས་པའི་དུས་ལ་ངོས་འཛིན་བྱས་དང་བྱེད་བཞིན་ཡོད་པ་གསལ་པོ་ཡིན། ལོ་དེ་ནས་རྒྱ་ཡིག་དྲ་རྒྱའི་རྩོམ་རིག་དེ་ཕྱི་ནང་གི་མཐུན་རྐྱེན་ལེགས་པར་འཛོམས་ནས་དངོས་སུ་འཕེལ་རྒྱས་ཀྱི་ལམ་དུ་ཞུགས་པ་དང་། སྤྱི་ལོ་༡༩༩༨ལོ་ནས་༢༠༠༣ལོ་བར་རྒྱལ་ནང་དྲ་རྒྱའི་རྩོམ་རིག་ལོ་རྒྱུས་ཐོག་ཤིན་ཏུ་གྲགས་ཆེ་བའི་རྩོམ་རིག་གི་རླབས་རྒྱུན་ལན་གསུམ་བྱུང་བར་སྨྲ། དེ་ཡང་༡༩༩༨ལོའི་ཟླ་༣པའི་ཚེས་༢༢ཉིན་ནས་ཟླ་༥པའི་ཚེས་༢༩བར་ཐེའེ་ཝན་ལེགས་གྲུབ་སློབ་ཆེན་ཆུ་བེད་ཞིབ་འཇུག་ཁང་གི་འབུམ་རམས་ཞིབ་འཇུག་སློབ་མ་ཚེའི་ཀྲེ་ཧེང་གིས་《སྙིང་ཉེ་བའི་ཐོག་མའི་ཐུག་འཕྲད་》ཅེས་པ་གླེང་སྟེགས་ཀྱི་ཐོག་ཏུ་གསར་རྩོམ་ལེགས་གྲུབ་བྱུང་ཞིང་། “བརྩམས་ཆོས་དེས་རྒྱ་རིགས་ཀྱི་དྲ་དམངས་ཁྲི་ཁྲག་འགའ་ལ་ཤུགས་རྐྱེན་བཟང་པོ་ཐེབས་ཡོད་པ་མ་ཟད། དེ་ནི་དུས་རབས་ཉི་ཤུ་པའི་དུས་མཇུག་གི་རྒྱ་ཡིག་དྲ་རྒྱའི་རྩོམ་རིག་གི་ངོ་མཚར་ཆེ་བའི་བརྩམས་ཆོས་ཤིག་ཡིན། ” (39)བརྩམས་ཆོས་དེའི་ཤུགས་ལས་རྒྱལ་ནང་གི་དྲ་དམངས་མང་པོ་ཞིག་གིས་དྲ་རྒྱའི་རྩོམ་རིག་ལ་དོ་སྣང་བྱེད་ཤུགས་ཆེར་ཕྱིན་པ་མ་ཟད། ལྷག་པར་དུ་ཕྱིས་སུ་རྒྱལ་ནང་དྲ་རྒྱའི་རྩོམ་རིག་གི་ཀ་བ་ལྟ་བུར་གྱུར་བའི་ཕུལ་བྱུང་རྩོམ་པ་པོ་ཤིང་ཡུས་སིན་དང་ཉིང་ཚེ་ཧྲིན། ལི་ཞུན་ཧོན། ཨན་ཉི་པའོ་པེ་སོགས་ཀྱིས་གཙོ་བོ་བྱས་པའི་རྒྱལ་ནང་དྲ་རྒྱའི་རྩོམ་རིག་གི་མི་རབས་དང་པོའི་རྩོམ་པ་པོ་དག་གསོ་སྐྱོང་བྱུང་ཡོད། “གལ་ཏེ་《སྙིང་ཉེ་བའི་ཐོག་མའི་ཐུག་འཕྲད་》ཅེས་པས་ཀྲུང་གོའི་ས་སྐྱེས་རྡོ་སྐྱེས་ཀྱི་དྲ་རྒྱའི་རྩོམ་རིག་ལ་ཤུགས་ཆེ་བའི་རྩོམ་རིག་གི་རླབས་རྒྱུན་ཞིག་འཕྱུར་ཡོད་ན་སྤྱི་ལོ་ཉིས་སྟོང་ལོའི་དྲ་རྒྱའི་རྩོམ་རིག་ལེགས་ཤོས་སུ་འབོད་པའི་ཅིན་ཧྭ་ཙེའི་བརྩམས་ཆོས་《ཝུའུ་ཁུང་གི་རྣམ་ཐར་》ཞེས་པ་དང་༢༠༠༡ལོར་མི་དམངས་རྩོམ་རིག་དཔེ་སྐྲུན་ཁང་གིས་ཐོག་མར་དཔར་དུ་བསྐྲུན་པའི་《རླུང་ཁྲོད་ཀྱི་མར་མེ་》ཞེས་པས་རླབས་རྒྱུན་གཉིས་པ་དེ་འཕྱུར་བར་རྩིས་ཆོག་”ལ་ཅིན་ཧྭ་ཙེ་གཙོ་བོར་གྱུར་བའི་ཧེ་ཡོན་ཝེ་དང་མོའོ་རུང་ཞོལ་ཚུན་སོགས་མི་རབས་གཉིས་པའི་རྩོམ་པ་པོ་དག་དྲ་རྒྱའི་རྩོམ་རིག་གི་གར་སྟེགས་སུ་ཐོན། དེ་ནས་མི་རིང་བར་ཤའོ་དིང་དང་ཀྲའོ་གན་ལུད། ཆིང་ཏའོ། ཏུང་ཧྥང་ཡོས་སོགས་ཀྱིས་གཙོས་པའི་མི་རབས་གསུམ་པའི་རྩོམ་པ་པོ་མང་དག་ཅིག་ཐོན་པ་དང་ཤའོ་དིང་གི་བརྩམས་ཆོས་《ཀྲུའུ་ཤན་》ཟེར་བ་དེ་དཔེ་མཚོན་གྱི་བརྩམས་ཆོས་སུ་འཇོག་བཞིན་འདུག སྤྱི་ལོ་༢༠༠༢ནས་༢༠༠༣བར་རྒྱལ་ནང་དྲ་རྒྱའི་རྩོམ་རིག་གར་སྟེགས་སུ་གྲགས་པ་ཤིན་ཏུ་ཆེ་བའི་བརྩམས་ཆོས་ཤིག་ཐོན་པ་ནི་མོའོ་རུང་ཞོལ་ཚུན་གྱིས་བརྩམས་པའི་《ཁྲེན་ཏུའུ་--དོ་ནུབ་ང་བརྗེད་པར་གནང་དང་》ཞེས་པ་དེ་ཡིན། བརྩམས་ཆོས་དེ་ནི་ནང་དོན་ཙམ་མ་ཟད་རྣམ་པའི་ཐད་ནས་ཀྱང་རིམ་འདས་ཡིག་རྐྱང་བརྩམས་སྒྲུང་གི་གསར་རྩོམ་བྱ་ཐབས་སྤྱད་ཡོད་པ་ཞིག་ཡིན་པས་ཀློག་པ་པོས་བྱུང་རིམ་འདེམས་སྟངས་མི་འདྲ་བའི་ཐོག་ནས་བརྩམས་ཆོས་དེར་མཇུག་འབྲས་ཀྱང་མི་འདྲ་བ་བཅུ་ཙམ་ཡོད་པར་སྨྲ། བརྩམས་ཆོས་དེས་རྒྱལ་ནང་དྲ་རྒྱའི་རྩོམ་རིག་ལོ་རྒྱུས་ཐོག་གནས་བབས་ངེས་ཅན་བཟུང་ཡོད་པ་མ་ཟད། དེ་ནི་རླབས་རྒྱུན་གསུམ་པའི་ཚབ་མཚོན་གྱི་བརྩམས་ཆོས་སུ་རྩི་བཞིན་ཡོད།
          “༢༠༠༤ལོའི་ཟླ་༤པའི་ཚེས་༡༤ནས་༡༦་བར་ཀྲུང་ནན་སློབ་ཆེན་རིག་གཞུང་སློབ་གླིང་གི་《རྩོམ་རིག་དཔྱད་གཏམ་》རྩོམ་སྒྲིག་པུའུ་དང་《རིག་རྩལ་གཞུང་ལུགས་ཞིབ་འཇུག》རྩོམ་སྒྲིག་ཁང་གཉིས་ཀྱིས་མཉམ་འབྲེལ་ཐོག་སྐབས་དང་པོའི་《དྲ་རྒྱའི་རྩོམ་རིག་དང་གྲངས་འཛིན་རིག་གནས》ཞེས་པའི་རྒྱལ་ཡོངས་རིག་གཞུང་གྲོས་ཚོགས་དེ་ཧུའུ་ནན་ཁྲང་ཧྲ་རུ་གཉེར་བ་རེད།” (40) དེ་ནི་རྒྱལ་ཡོངས་རང་བཞིན་གྱི་དྲ་རྒྱའི་རྩོམ་རིག་རིག་གཞུང་གྲོས་ཚོགས་ཐོག་མ་དེ་ཡིན་སྟབས་དྲ་རྒྱའི་རྩོམ་རིག་ལོ་རྒྱུས་ཐོག་གི་དོན་ཆེན་ཞིག་ཡིན། “༢༠༠༥ལོའི་ཟླ་༡༡པར་པེ་ཅིང་ཐེ་ཤོལ་ཚན་རྩལ་ཚད་ཡོད་ཀུང་སིས་གཙོ་གཉེར་བྱས་ནས་‘སྲོལ་རྒྱུན་གྱི་རྩོམ་འབྲི་དང་དྲ་རྒྱའི་རྩོམ་འབྲི་གཉིས་ལས་གང་ཞིག་ཡུན་རིང་པོར་གནས་ཐུབ་མིན་’ཐད་བགྲོ་གླེང་མཛད་ཡོད། བགྲོ་གླེང་ཚོགས་འདུ་དེ་ནི་པེ་ཅིང་དུ་ཚོགས་པ་དང་སྲོལ་རྒྱུན་གྱི་རྩོམ་པ་པོ་པེ་ཚུན། སྙན་ངག་པ་སུང་ལིན། དཔྱད་གཏམ་མཁས་པ་ཀྲུའུ་ཏ་ཁེ། འཁྲབ་ཁྲིད་པ་ཝང་ཁྲའོ་བཅས་དང་དྲ་རྒྱའི་རྩོམ་པ་པོ་མོའོ་རུང་ཞོལ་ཚུན། ཝེ་པེའི་ཧུད། ཀྲང་ཏེའེ། ཕུའུ་ཞའོ་ལུང་སོགས་བགྲེ་གླེང་ཚོགས་འདུའི་ནང་ཞུགས་ཡོད། ” (41)བགྲོ་གླེང་དེའི་ཐོག་ནས་རྒྱལ་ནང་རྩོམ་རིག་གི་གར་སྟེགས་སུ་དྲ་རྒྱའི་རྩོམ་རིག་གི་གནས་བབས་དང་ཤུགས་རྐྱེན་ལ་ཁས་ལེན་གང་འཚམ་བྱས་པ་མཐོང་ཐུབ། གཞན་“༢༠༠༥ལོ་ནི་འཆར་ཡན་བརྩམས་སྒྲུང་གི་ལོར་འབོད།” (42) ལོ་དེར་《ཀྲུའུ་ཤན་》གྱིས་གཙོས་པའི་《ཞོལ་ཧུའེ་》དང་《ཧུའུ་ཧྭ་ལིང་》《ཙི་ཁྲོན》སོགས་ཕུལ་བྱུང་གི་འཆར་ཡན་བརྩམས་ཆོས་མི་ཉུང་བ་ཞིག་ཐོན་ཡོད་པ་མ་ཟད། དཔར་དུ་བསྐྲུན་རྗེས་རྒྱ་ཆེའི་ཀློག་པ་པོའི་ཁྲོད་དུའང་བག་ཆགས་ངེས་ཅན་བཞག་ཡོད།
          ༢༠༠༦ལོའི་ཟླ་༡༢པར་ཀྲུང་གོའི་རིག་རྩལ་གཞུང་ལུགས་ཚོགས་པས་ཧྲང་ཧེའི་རུ་“སྣེ་མང་སྨྱན་རྫས་དུས་རབས་ཀྱི་རྩོམ་རིག་ཐོན་སྐྱེད་” སྐོར་གྱི་རིག་གཞུང་ཚོགས་འདུ་སྐོང་ཚོགས་བྱས་ཤིང་། སྐབས་དེར་དྲ་རྒྱའི་སྨྱན་རྫས་ཀྱིས་རྩོམ་རིག་ཐོན་སྐྱེད་ལ་ཐེབས་པའི་ཤུགས་རྐྱེན་ཐད་བགྲོ་གླེང་ཞིབ་འཇུག་མཛད་པ་མ་ཟད་“༢༠༠༦ལོ་ནི་པོད་ཁུག་ཧ་ཅང་དར་གསོ་ཆེ་བའི་ལོ་ཞིག་དང་ཀྲུང་གོའི་པོད་ཁུག་དང་པོར་འབོད་པའི་《ལའོ་ཤུད་ཀྱི་པོད་ཁུག》དཔར་སྐྲུན་འགྲེམས་སྤེལ་བྱས། ”(43) ལྷག་པར་དུ་“ལོ་དེར་མིའི་བློ་ལས་འགོང་པའི་སྙན་ངག་གསར་རྩོམ་ཐུབ་པའི་མཉེན་ཆས་‘ལེའི་ཧུའུ་ཤིང་’ཟེར་བ་གསར་དུ་བཏོད་ནས་གློག་ཀླད་ཀྱིས་སྙན་ངག་འབྲི་ཐུབ་པའི་ལྷ་སྒྲུང་བརྩམས།”(44) (དེའི་སྐོར་གྱི་དགེ་སྐྱོན་ལ་རྒྱལ་ནང་དུ་མཁས་དབང་ཚོས་ཞིབ་དཔྱད་མང་དུ་བྱས་ཡོད་ཀྱང་སྐབས་དོན་གྱི་གླེང་བྱ་གཙོ་བོ་མིན་པས་བཏང་སྙོམས་སུ་བཞག)
          “༢༠༠༧ལོའི་ཟླ་༤པའི་ཚེས་༦ཉིན་ཀྲུང་གོའི་སློབ་གྲྭའི་ནང་ཁོངས་ཀྱི་རྩོམ་རིག་མཉམ་འབྲེལ་ཚོགས་པ་དང་ཀྲུང་གོའི་དྲ་རྒྱའི་རྩོམ་རིག་མཉམ་འབྲེལ་འཐུས་ཚོགས། ཧུང་ཤའུ་ཐན་ཤང་དྲ་ཚིགས། ཀྲུང་གོའི་པོད་ཁུག་དྲ་བ་སོགས་རྩོམ་རིག་དྲ་ཚིགས་བཅུ་དྲུག་གིས་ཐུན་མོང་ཐོག་༢༠༠༦ལོ་ནས་༢༠༠༧ལོ་བར་གྱི་‘དྲ་རྒྱའི་རྩོམ་རིག་གི་དུས་ཆེན་’དེ་པེ་ཅིང་དུ་གཉེར་ནས་སྔོན་ཐོན་གྱི་མི་སྒེར་དང་དྲ་ཚིགས་ཁག་ལ་བྱ་དགའ་གནང་བ་མ་ཟད། དྲ་རྒྱའི་རྩོམ་རིག་འཕེལ་རྒྱས་སྐོར་ལ་ཞིབ་འཇུག་དང་དྲ་རྒྱའི་བརྩམས་ཆོས་དཔར་སྐྲུན་གྱི་དཔར་དབང་སོགས་ལ་གྲོས་མོལ་གནང་ཡོད། ” (45) ལོ་དེའི་“ཟླ་༡༠པའི་ཚེས་༢༦ཉིན་”ཀྲུང་གོའི་དྲ་རྒྱའི་རིག་གནས་འཕེལ་རྒྱས་ཀྱི་མཐོ་རིམ་བགྲོ་གླེང་འདུ་ཚོགས་དེ་པེ་ཅིང་དུ་སྐོང་ཚོགས་བྱས། ”(46) སྔ་རྗེས་སུ་སྤེལ་བའི་རིག་གཞུང་འདུ་ཚོགས་དེ་དག་གིས་དྲ་རྒྱའི་རྩོམ་རིག་འཕེལ་རྒྱས་ལ་གླེང་ཕྱོགས་ཀྱི་རྒྱབ་སྐྱོར་དང་གཞུང་ལུགས་ཀྱི་རྒྱབ་རྟེན་བྱས་པ་ནི་དྲ་རྒྱའི་རྩོམ་རིག་འཕེལ་རྒྱས་ཀྱི་ངོས་ནས་བརྗོད་ན་ཤིན་ཏུ་གཙིགས་ཆེ་བའི་མཐུན་རྐྱེན་འབའ་ཞིག་རེད།
          “སྤྱི་ལོ་༢༠༠༨ལོའི་ཟླ༧པར་ཀྲུང་གོའི་སྦྲེལ་རེས་དྲ་རྒྱའི་ཆ་འཕྲིན་ལྟེ་གནས་ཀྱིས་ཁྱབ་བསྒྲགས་བྱས་པའི་《སྐབས་༢༢པའི་ཀྲུང་གོའི་སྦྲེལ་རེས་དྲ་རྒྱའི་འཕེལ་རྒྱས་སྙན་ཞུ》ལྟར་ན། ༢༠༠༨ལོའི་ཟླ་༦་པའི་ཟླ་སྨད་བར་ཀྲུང་གོའི་དྲ་དམངས་མི་འབོར་དུང་ཕྱུར་གཉིས་དང་བྱེ་བ་ལྔ་ས་ཡ་གསུམ་ཟིན་ཡོད་པ་དང་། དྲ་དམངས་ཀྱི་གཞི་ཁྱོན་དེ་འཛམ་གླིང་ཐོག་ཨང་དང་པོར་སླེབས་ཡོད་”(47)པ། “པེ་ཐུ་བཤེར་འཚོལ་ཁུལ་ནས་བཤེར་འཚོལ་ཐུབ་པའི་དྲ་རྒྱའི་རྩོམ་རིག་གི་དྲ་ངོས་13300000དང་། བརྩམས་སྒྲུང་དང་འབྲེལ་བའི་དྲ་ངོས་100000000 སྙན་ངག་དང་འབྲེལ་བའི་དྲ་ངོས་43000000 ལྷུག་རྩོམ་དང་འབྲེལ་བའི་དྲ་ངོས33900000 གློག་བརྙན་དང་འབྲེལ་བའི་དྲ་ངོས་87200000 འཁྲབ་གཞུང་དང་འབྲེལ་བའི་དྲ་ངོས་26900000བཤེར་འཚོལ་ཐུབ་པ། ” (48) ༡༩༩༩ལོའི་ཟླ་༡༡ནས་༢༠༠༨ལོའི་ཟླ་༨པ་བར་དྲ་རྒྱའི་བརྩམས་སྒྲུང་དེབ་ཁྱོན་242དང་༡༩༩༨ལོ་ནས་༢༠༠༨ལོ་བར་སྙན་ངག་ཕྱོགས་སྒྲིག་གི་སྙན་དེབ་ཁྱོན་19 ༢༠༠༡ལོའི་ཟླ་༡ནས་༢༠༠༨ལོའི་ཟླ༤པ་བར་ལྷུག་རྩོམ་ཕྱོགས་སྒྲིག་གི་དེབ་26 ༡༩༩༨ལོ་ནས་༢༠༠༨ལོ་བར་གྲགས་ཆེ་བའི་དྲ་རྒྱའི་རྩོམ་རིག་གི་ཞིབ་འཇུག་དཔེ་དེབ་48བཅས་དཔར་སྐྲུན་འགྲེམས་སྤེལ་བྱས་ཡོད་པ། ༡༩༩༧ལོ་ནས་༢༠༠༨ལོ་བར་དྲ་རྒྱའི་རྩོམ་རིག་ཞིབ་འཇུག་ཚོགས་པ་དང་ཨའུ་ཡང་ཡའུ་ཆོན་དང་ཧོང་མིང་ཧྥིན། མ་ལིའི་ཡིས་གཙོས་པའི་མི་སྒེར་གྱིས་རིག་གཞུང་དུས་དེབ་ཁག་ཏུ་དྲ་རྒྱའི་རྩོམ་རིག་དང་འབྲེལ་བའི་ཕུལ་བྱུང་དཔྱད་རྩོམ་གྲངས296སྤེལ་བ་དང་། འབུམ་རམས་པའི་སློབ་གནས་ཞུ་བའི་དཔྱད་རྩོམ་6 རབ་འབྱམས་པའི་སློབ་གནས་ཞུ་བའི་དཔྱད་རྩོམ་གྲངས་86བཅས་ཡོད། (གོང་གི་དཔར་སྐྲུན་དང་འབྲེལ་བའི་གྲངས་ཚད་དག《དྲ་རྒྱའི་རྩོམ་རིག་གི་བྱུང་འཕེལ་ལོ་རྒྱུས》སུ་བརྩམས་ཆོས་ཀྱི་མིང་དང་རྩོམ་པ་པོ། དཔེ་སྐྲུན་ཁང་། དཔེ་སྐྲུན་གྱི་དུས་ཚོད་བཅས་གསལ་བར་བཀོད་ཡོད་) མདོར་ན། རྒྱལ་ནང་དུ་དྲ་རྒྱའི་རྩོམ་རིག་ཐོན་པ་ནས་ད་བར་དྲ་རྒྱའི་རྩོམ་རིག་གི་རྩོམ་པ་པོ་དང་དྲ་རྒྱ་གཉེར་མཁན། རྒྱ་ཆེའི་དྲ་དམངས། རྒྱལ་ནང་རྩོམ་རིག་མཁས་དབང་སོགས་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་རྒྱལ་ནང་དྲ་རྒྱའི་རྩོམ་རིག་གི་བྱ་གཞག་ལ་གྲུབ་འབྲས་ལེགས་པོ་ཐོབ་ཡོད།
          བཞི་པ། བོད་ཀྱི་དྲ་རྒྱའི་རྩོམ་རིག་གི་འབྱུང་རྐྱེན་སྐོར།
          གངས་རི་ར་བའི་ལྗོངས་སུ་དུས་རབས་ཉེར་གཅིག་པའི་ལོ་རྒྱུས་ཀྱི་ཤོག་ལྷེ་གསར་པ་ཕྱེ་བ་ནས་ཅང་མ་འདས་པར་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ཀྱི་རྩོམ་རིག་གར་སྟེགས་སུ་རྩོམ་རིག་གི་ཁྱེའུ་གསར་པ་འཁྲུངས་པ་ནི་དྲ་རྒྱའི་རྩོམ་རིག་རེད། རྩོམ་རིག་གི་རྣམ་པ་དེ་ནི་གློ་བུར་དང་སྟེས་དབང་གིས་བྱུང་བ་ཞིག་མ་ཡིན་པར་ཕྱི་ནང་གི་མཐུན་རྐྱེན་ལེགས་པར་འཛོམས་ནས་འཁྲུངས་པ་དང་འཕེལ་རྒྱས་འགྲོ་བཞིན་པ་ནི་བསྙོན་དུ་མེད་པ་ཞིག་ལགས། འོན་ཏེ་དངོས་པོའི་གནས་ལུགས་ནི་མཐའ་མེད་པ་གཏིང་ཟབ་པའི་ཚད་དེ། རང་སྣང་གི་བློས་ཇི་བཞིན་དུ་དཔོག་དཀའ་བའི་ཚོད་དུ་གདའ་བས་འདིར་ཕྱི་ནང་གི་རྐྱེན་གཙོ་བོ་འགའ་འཆད་པར་བྱ།
          ཀ ཕྱི་རྐྱེན།
          ༡ དྲ་རྒྱའི་ཆ་འཕྲིན་དུས་རབས་ཀྱི་ཤུགས་རྐྱེན།
          དྲ་རྒྱའི་རྩོམ་རིག་ནི་དྲ་རྒྱ་དང་ཁ་བྲལ་དུ་མེད་ལ་དྲ་རྒྱའི་ལག་རྩལ་དང་དྲ་རྒྱ་ཁྱབ་གདལ་འགྲོ་བ་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན། དྲ་རྒྱ་ཞེས་པ་ནི་དངོས་ཁམས་(49)དང་གཏན་ཚིགས་(50)ཀྱི་ཐོག་ནས་ཕན་ཚུན་སྦྲེལ་མཐུད་བྱས་པའི་རྩིས་འཁོར་གྱི་ཚོགས་པ་ལས་གྲུབ་” (51) པས་ན་རྩིས་འཁོར་ནི་དྲ་རྒྱ་གྲུབ་པའི་དངོས་པོའི་མཐུན་རྐྱེན་གཙོ་བོ་དེ་ཡིན། འོན་ཀྱང་རྩིས་འཁོར་ཡོད་པ་ཙམ་གྱིས་དྲ་རྒྱ་གྲུབ་མི་ཐུབ་པ་ནི་ཀུན་གྱིས་གསལ་པོར་རྟོགས་ངེས། དེས་ན་དབྱིན་ཐེ་དྲ་རྒྱའམ་སྦྲེལ་རེས་དྲ་རྒྱ་ནི་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུའི་ནང་གཞི་ནས་ཐོན་པ་ཞིག་རེད། “སྦྲེལ་རེས་དྲ་རྒྱའི་འབྱུང་ཁུངས་ནི་ཨ་ཕའ་དྲ་རྒྱ་(ARPANET)ཞེས་པ་དེ་ཡིན་ཞིང་། དེ་ནི་༡༩༥༨ལོར་ཨ་རིའི་ཙུང་ཐུང་ཨད་སིན་ཧའོ་ལེའར་(艾森豪威尔)གྱིས་ཐོག་མར་གྲོས་འགོ་བཏོན་པ་དང་། ཨ་རིའི་རྒྱལ་སྲུང་པུའུ་རུ་མཐོ་རིམ་ཞིབ་འཇུག་གི་འཆར་འགོད་ལྟར་ཞིབ་འཇུག་བྱེད་འགོ་ཚུགས་ཏེ་༡༩༦༩ལོར་ཨ་ཕའ་དྲ་རྒྱའི་ཞིབ་འཇུག་དངོས་སུ་ལེགས་གྲུབ་བྱུང་བ་རེད། ” (52) དྲ་རྒྱ་དེ་ནི་ཐོག་མར་ཨ་རིའི་དམག་དོན་ཐོག་སྤྱོད་པ་ཞིག་ཡིན་པར་མཐོང་ཞིང་། ཕྱིས་སུ་“ ༡༩༨༩ ལོར་ཨ་ཕའ་དྲ་རྒྱ་དེ་དམག་དོན་དང་དམངས་སྤྱོད་གཉིས་སུ་དབྱེ་བ་ལས་དམངས་སྤྱོད་ཀྱི་ཁོངས་དེར་དབྱིན་ཐེ་དྲ་རྒྱ་( Internet) ཞེས་བཏགས། ” (53) དེ་ནས་བཟུང་སྦྲེལ་རེས་དྲ་རྒྱ་དེ་ཐོག་མར་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་འཕེལ་རྒྱས་འགྲོ་འགོ་ཚུགས་པ་དང་། སྤྱི་ལོ་༡༩༩༣ལོར་དངོས་སུ་འཛམ་གླིང་ཁྱོན་ལ་སྒོ་ཕྱེ་ནས་དྲ་རྒྱའི་ཆ་འཕྲིན་གྱི་དུས་རབས་བསུ་བའི་དབུ་ཁྱུད་བྲིས། ༡༩༩༤ལོར་རང་རྒྱལ་ཡང་སྦྲེལ་རེས་དྲ་རྒྱའི་ནང་ཞུགས་ནས་དེའི་ཐད་མཐོང་ཆེན་བྱས། “ ༡༩༩༨ལོའི་ཟླ་༥པར་མཉམ་འབྲེལ་རྒྱལ་ཚོགས་གསར་འགྱུར་ཨུ་ཡོན་ལྷན་ཁང་གིས་སྦྲེལ་རེས་དྲ་རྒྱ་དེ་དངོས་སུ་‘སྨྱན་རྫས་བཞི་པར་’ (54) འགྱུར་བའི་ཁྱབ་བསྒྲགས་གནང་” (55) བ་རེད། དེ་ནི་སྤྱིར་བཏང་གི་སྣང་ཚུལ་ཞིག་ཡེ་ནས་མ་ཡིན་པར་དྲ་རྒྱའི་ཆ་འཕྲིན་གྱི་དུས་རབས་ཤིག་དབུ་ཚུགས་པའི་དུང་སྒྲ་ཞིག་དང་མིའི་རིགས་དེ་སྨྱན་རྫས་ཀྱི་དུས་རབས་གསར་པ་ཞིག་ཏུ་བསྐྱོད་འགོ་ཚུགས་པའི་མཚོན་རྟགས་གལ་ཆེན་ཞིག་རེད།
          དེ་བཞིན་རྒྱལ་ནང་གི་དྲ་རྒྱའི་རྩོམ་རིག་ཞིབ་འཇུག་གི་མཁས་དབང་བོའོ་ཏིང་གོ་(柏定国)ཡིས། “སྦྲེལ་རེས་དྲ་རྒྱ་དར་འཕེལ་བྱུང་བ་ནི་དུས་རབས་༢༠པའི་དུས་མཇུག་གི་སྤྱི་ཚོགས་དང་རིག་གནས། རྩོམ་རིག་ཐད་ཀྱི་གལ་ཆེའི་དོན་རྐྱེན་ཞིག་དང་གོ་ལ་ཅན་གྱི་དོན་རྐྱེན་ཞིག་རེད་”(56)ཅེས་གསུངས་ཡོད་ལ། ཨ་རིའི་ཝེའི་རུན་ཀུང་སིའི་(微软公司)སྤྱི་ཁྱབ་བེའར་ཀེའི་ཚེ་(比尔.盖茨)ནས། “སྦྲེལ་རེས་དྲ་རྒྱས་མིའི་རིགས་ཀྱི་སྤྱི་ཚོགས་འཚོ་བར་ངོ་བོའི་རང་བཞིན་གྱི་ཤུགས་རྐྱེན་ཐེབས་པ་དང་། དེ་ནི་མི་རྣམས་ཀྱི་རྒྱུན་གཏན་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་འགྲོ་འོང་གི་ཐབས་ལམ་གསར་པ་ཞིག་དང་འཚོ་བའི་བར་སྟོང་ཞིག་ཏུ་འགྱུར་ངེས་པ་མ་ཟད། དེས་འཛམ་གླིང་ཡོངས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ངེས་ཡིན་”(52)ཞེས་དུས་རབས་གསར་པ་འདིའི་རྒྱལ་པོར་གྱུར་པའི་དྲ་རྒྱའི་ཆ་འཕྲིན་གྱི་ནུས་པར་ཚད་མཐོའི་གདེང་འཇོག་བྱས་ཡོད།
          རྒྱལ་ནང་གི་དྲ་རྒྱའི་རྩོམ་རིག་ཞིབ་འཇུག་མཁས་དབང་མ་ལིས་ནས། “སྦྲེལ་རེས་དྲ་རྒྱའི་ལོ་རྒྱུས་ནི་ཤིན་ཏུ་དུས་ཐུང་ཡིན་ཡང་དེའི་འཕེལ་རྒྱས་ཀྱི་མྱུར་ཚད་དང་བེད་སྤྱོད་ཀྱི་གཞི་ཁྱོན། ཤུགས་རྐྱེན་གྱི་ཟབ་ཚད་ནི་མིའི་རིགས་ཀྱི་ལོ་ངོ་སྟོང་གི་ལོ་རྒྱུས་འཕེལ་འགྱུར་ཁྲོད་སྔ་ན་བྱུང་མྱོང་མེད་པ་ཞིག་དང་ལོ་རྒྱུས་ཐོག་གི་ལག་རྩལ་གང་གིས་ཀྱང་དོ་ཟླ་བྲལ་བ་ཞིག་རེད་”(58) ཅེས་གསུངས་པ་ལྟར་དུས་ཐུང་གི་ལོ་ངོ་དེ་དག་ནང་འཛམ་གླིང་གི་རྒྱལ་ཁབ་དང་མི་རིགས་མང་པོ་ཞིག་སྔ་ས་ནས་དྲ་རྒྱའི་ཆ་འཕྲིན་གྱི་ལམ་དུ་ཆས་ཟིན་པ་མ་ཟད། སྤྱི་ཚོགས་ཀྱི་འཚོ་བའི་ཁྱབ་ཁོངས་གང་སར་མངོན་མེད་ངང་ཁྱབ་ཡོད་པ་ནི་ཀུན་གྱིས་མཁྱེན་གསལ་རེད། དེ་ལྟར་ཟློག་ཐབས་བྲལ་བའི་དྲ་རྒྱའི་ཆ་འཕྲིན་གྱི་རྦ་རླབས་དྲག་པོ་དེས་སྔར་གྱི་ཤེས་དཔལ་མང་དག་ཅིག་ལ་ཉེན་བརྡ་བཏང་བས་རླབས་རྒྱུན་དེའི་མདུན་དུ་རང་རེ་གངས་ཅན་པ་ཙམ་མ་ཟད་འཛམ་གླིང་ཤེས་དཔལ་གྱི་བདག་པོ་མང་དག་ཅིག་གིས་སླར་ཡང་ཤེས་དཔལ་གང་དེའི་རྒྱུན་འཛིན་དང་འཕེལ་རྒྱས་སྐོར་ལ་བསམ་གཞིག་དང་འདང་རྒྱག་རེ་མི་བྱེད་ཐབས་མེད་བྱུང་།
          ༢ དཔལ་འབྱོར་སྒྲིག་གཞིའི་ཤུགས་རྐྱེན།
          སྤྱིར་དཔལ་འབྱོར་དང་ཆབ་སྲིད། རིག་གནས་སོགས་ནི་ལོགས་སུ་དགར་བའི་རིག་ཚན་རྐྱང་པ་རེ་ཡིན་མོད། དེ་དག་ཕན་ཚུན་དབར་འབྲེལ་བ་དམ་ཟབ་ཡོད་དེ། ཆབ་སྲིད་དང་དཔལ་འབྱོར་དབང་གིས་སྤྱི་ཚོགས་གང་དེའི་རིག་གནས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ངེས་ལ་དཔལ་འབྱོར་དང་རིག་གནས་དབང་གིས་སྤྱི་ཚོགས་གང་དེའི་ཆབ་སྲིད་ལ་ཤུགས་རྐྱེན་ཐེབས་ངེས་ཡིན་པས། དཔལ་འབྱོར་གྱི་སྒྲིག་གཞི་འཕོ་འགྱུར་ཕྱིན་པའི་དབང་གིས་རིག་གནས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་པའང་སྨོས་མེད་ལགས།
          “དུས་རབས་༢༠པའི་ལོ་རབས་༩༠པར་སླེབས་རྗེས་རང་རྒྱལ་གྱི་དཔལ་འབྱོར་སྒྲིག་གཞི་དེ་འཆར་ཅན་གྱི་དཔལ་འབྱོར་སྒྲིག་གཞི་ནས་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞིར་གོམ་པ་སྤོ་བའི་གལ་ཆེའི་དུས་མཚམས་སུ་སླེབས་པ་དེས་རང་རྒྱལ་གྱི་རྩོམ་རིག་ཀྱང་ཁྲོམ་རའི་དཔལ་འབྱོར་གྱི་རྦ་རླབས་དྲག་པོའི་ཁྲོད་ནས་མི་རིང་བར་བསམ་བློའི་རིག་གནས་ཀྱི་ལྟེ་བ་ནས་སྤྱི་ཚོགས་ཀྱི་གྲུ་ཟུར་དུ་གྱར་ཞིང་མཁས་དབང་གི་རྩོམ་རིག་དག་ཀྱང་རྩོམ་རིག་གི་ལྟེ་བ་ནས་རིག་གནས་ཀྱི་གྲུ་ཟུར་དུ་གྱར་དགོས་བྱུང་”(59)བས། རྒྱལ་ནང་གི་རྩོམ་པ་པོ་འགའ་ཞིག་ཀྱང་སྨྱུ་གུ་བཞག་ནས་ཚོང་ལས་ཀྱི་ལས་སུ་ཞུགས་པར་གྲགས། དེ་བཞིན་དྲ་རྒྱའི་རྩོམ་རིག་གི་ཞིབ་འཇུག་མཁས་དབང་མ་ལིས་ནས་ཀྱང་“དུས་རབས་༢༠པའི་ལོ་རབས་༩༠པའི་ཚུན་ནས་ཁྲོམ་རའི་དཔལ་འབྱོར་གྱིས་ཀྲུང་གོའི་སྤྱི་ཚོགས་ལ་རྒྱ་ཆེ་ཞིང་གཏིང་ཟབ་པའི་ཤུགས་རྐྱེན་ཐེབས་ཡོད་པ་དང་། དེ་ལྟ་བུའི་སྤྱི་ཚོགས་ཀྱི་དཔལ་འབྱོར་སྒྲིག་གཞིས་རིག་གནས་ཀྱི་རྣམ་པར་ཡང་འགྱུར་བ་ཤུགས་ཆེན་བྱུང་བས་སྔར་གྱི་རྩོམ་པ་པོ་མཁས་དབང་ཚོའི་གནས་བབས་ལ་བར་ཆད་བྱུང་ནས་དམངས་ཁྲོད་ནས་ཐོན་པ་དང་དམངས་ཁྲོད་ཀྱིས་ལོངས་སུ་སྤྱོད་པའི་རིག་གནས་པའི་དཔུང་ཁག་ཅིག་མྱུར་དུ་ཐོན་ཡོད་”(60)ཅེས་གསུངས་པ་དེ་ནི་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་གཞིས་ཀྲུང་གོའི་སྤྱི་ཚོགས་རིག་གནས་ཀྱི་མགྲིན་ཚབ་ཏུ་གྱུར་བའི་རྩོམ་པ་པོའི་དཔུང་ཁག་ལ་འགྱུར་བ་བྱུང་བ་དང་མི་དམངས་རང་བཞིན་གྱི་རིག་གནས་གསར་པ་ཞིག་ཐོན་པ་དེར་དམིགས་ནས་གསུངས་པ་ཞིག་ཡིན། རིག་གནས་གསར་པ་དེའི་དཔུང་ཁག་ནི་དྲ་རྒྱའི་རྩོམ་པ་པོའི་དཔུང་ཁག་ལ་བརྗོད་པ་དང་དམངས་ཀྱི་ལོངས་སུ་སྤྱོད་པའི་རིག་གནས་ནི་དྲ་རྒྱའི་རྩོམ་རིག་གིས་གཙོས་པའི་ཉེར་སྤྱོད་(快餐文化)རིག་གནས་ཤུགས་ཆེན་དར་བ་དེར་གོ་བ་ཡིན་ཞིང་། “ཉེར་སྤྱོད་རིག་གནས་དེ་དག་གིས་རྒྱ་ཆེ་བའི་ཀློག་པ་པོའི་ཁྲོམ་ར་དེ་མྱུར་དུ་བཟུང་”(61)བ་རེད། ཁྱད་པར་དུ་རླབས་རྒྱུན་དེས་མི་མང་པོར་གོ་ལ་ཧྲིལ་པོའི་རྩོམ་རིག་འཇིག་ཉེན་གྱི་བློ་དོགས་བྱུང་བ་མ་ཟད། རིག་གཞུང་གི་སྟེང་དུའང་དེའི་ཐད་ལ་གླེང་བརྗོད་མང་དུ་བྱུང་ཡོད། ཨ་རིའི་ཏ་ཧྥུ་སློབ་ཆེན་གྱི་འབུམ་རམས་པ། གྲགས་ཅན་གྱི་རྩོམ་རིག་དཔྱད་བརྗོད་པ་མི་ལིར་(Miller) གྱིས་དྲ་རྒྱའི་ཆ་འཕྲིན་གྱི་དུས་རབས་ཀྱི་ནང་དུ་《རྩོམ་རིག་སྟོངས་བ་རེད་དམ་》(文学死了吗)ཞེས་པའི་གྲགས་རྩོམ་ཞིག་བཀོད་པ་དེ་ནི་སྐབས་དེའི་མཚོན་རྟགས་གཙོ་བོ་ཞིག་རེད།
          ༣ རྒྱལ་ནང་དྲ་རྒྱའི་རྩོམ་རིག་གི་ཤུགས་རྐྱེན།
          དྲ་རྒྱའི་རྩོམ་རིག་འདི་རང་རེ་དང་ཐག་ཤིན་ཏུ་རིང་བའི་གནད་དོན་ཞིག་མ་ཡིན་པར་ང་ཚོ་དང་འདྲིས་ཤིང་ཡོང་བའི་དངོས་པོ་ཞིག་རེད། འོན་ཀྱང་ཀུན་གྱིས་མཁྱེན་གསལ་ལྟར་རྒྱལ་ནང་གི་དྲ་རྒྱའི་ལག་རྩལ་དང་ཆ་འཕྲིན་འདི་རང་རིགས་དང་བསྡུར་ན་འཕེལ་རྒྱས་མགྱོགས་ཤིང་སྔ་བ་ཡིན། སྤྱིར་བོད་དུ་དམངས་ཀྱིས་ལོངས་སུ་སྤྱོད་པའི་དྲ་ཁང་དར་བའི་དུས་ནི་སྤྱི་ལོ་ཉིས་སྟོང་ལོའི་གཡས་གཡོན་ཙམ་རེད། དེའི་སྐབས་སུ་དྲ་རྒྱའི་ནང་དུ་བོད་ཡིག་གི་ལག་རྩལ་ཡོངས་སུ་མངོན་འགྱུར་ཐུབ་མེད་པས་བོད་རིགས་ཀྱི་ཤེས་ཡོན་ཅན་མང་པོ་ཞིག་གིས་རྒྱ་ཡིག་གི་ལམ་ནས་ཐོག་མར་དྲ་རྒྱ་དང་དྲ་རྒྱའི་ཆ་འཕྲིན་ལ་འབྲེལ་གཏུག་བྱས་ཡོད། བརྒྱུད་རིམ་དེའི་ཁྲོད་དུ་བོད་རིགས་ཤེས་ཡོན་ཅན་མི་ཉུང་བ་ཞིག་གིས་དྲ་རྒྱའི་ཐོག་ཏུ་རྒྱ་ཡིག་གི་ལམ་ནས་གླེང་མོལ་བྱེད་པ་དང་། རྒྱ་ཡིག་བརྒྱུད་ནས་ཆ་འཕྲིན་རྒྱུས་ལོན་བྱེད་པ་ཡིན། སྐབས་དེའི་དྲ་རྒྱའི་ཐོག་གི་རྒྱ་ཡིག་པོད་ཁུག་ལ་ལྟོས་ནས་ཤིན་ལང་(新浪)དང་ཐང་ཤུན་(腾讯) སོགས་སུ་རང་གི་པོད་ཁུག་གཉེར་བ་དང་། རྒྱ་ཡིག་གི་ལམ་ནས་རང་གི་རྩོམ་ཐུང་རེ་སྤེལ་ནས་དྲ་རྒྱའི་རྩོམ་རིག་གི་རང་དབང་གི་རང་བཞིན་དང་མཉམ་སྦྱོར་གྱི་རང་བཞིན་སོགས་ལ་ཐོག་མའི་མྱོང་རོལ་བྱས་ཡོད། ལྷག་པར་དུ་རྩོམ་རིག་ལ་དགའ་བའི་ན་གཞོན་ཤེས་ཡོན་ཅན་གྱིས་རྒྱ་ཡིག་གི་དྲ་རྒྱའི་རྩོམ་རིག་ལ་དོ་སྣང་དང་རོལ་མྱོང་བྱས་པ་མ་ཟད། སྐབས་དེའི་དུས་ནས་དྲ་ཐོག་ཏུ་སྐྱོད་མཁན་གྱི་གཞོན་སྐྱེས་མང་པོའི་སེམས་ཁོང་དུ་མི་རིགས་རང་ཉིད་ཀྱི་སྐད་ཡིག་གི་དྲ་རྒྱའི་རྩོམ་རིག་ཁོར་ཡུག་ཅིག་ཡོད་ན་ཅི་མ་རུང་སྙམ་པའི་འདུན་པ་ཞིག་མངོན་མེད་དུ་གནས་ཡོད་པ་དེས་ཕྱིས་འབྱུང་བོད་ཀྱི་དྲ་རྒྱའི་རྩོམ་རིག་གི་རྩོམ་པ་པོ་དང་ཀློག་པ་པོའི་དཔུང་ཁག་གྲུབ་པར་ས་བོན་བཏབ་ཡོད།
          ཁ ནང་རྐྱེན། 
          ༡ བོད་ཡིག་གི་ཆ་འཕྲིན་ལག་རྩལ་མྱུར་དུ་འཕེལ་རྒྱས་ཕྱིན་པ།
          དྲ་རྒྱའི་རྩོམ་རིག་གི་ངོས་ནས་བརྗོད་ན་དྲ་རྒྱ་ནི་དེའི་ཁ་བྲལ་དུ་མེད་པའི་གཙོ་བོའི་ཆ་རྐྱེན་ཞིག་ཡིན་ཞིང་། དྲ་རྒྱའི་རྩོམ་རིག་གང་ཞིག་ཡིན་ཡང་དྲ་རྒྱ་དང་ཤ་རུས་བཞིན་འདྲེས་ཡོད་པས་ཡིག་རིགས་གང་གི་དྲ་རྒྱའི་རྩོམ་རིག་དེ་ཆ་འཕྲིན་གྱི་ལག་རྩལ་ལ་མ་བརྟེན་པ་མེད་ན་བོད་ཀྱི་དྲ་རྒྱའི་རྩོམ་རིག་འདི་ཡང་དེ་ལས་མ་འདས། “ཆ་འཕྲིན་ལག་རྩལ་ནི་རྩིས་འཁོར་དང་དེང་རབས་གློག་འཕྲིན་གྱིས་གཙོ་བོ་བྱས་པའི་ཆ་འཕྲིན་གཏོང་ལེན་དང་ལས་སྣོན། བེད་སྤྱོད་སོགས་ཀྱི་ལག་རྩལ་གྱི་སྤྱི་མིང་ཞིག་ཡིན་” (62)པ་དང་རྩིས་འཁོར་ཚན་རྩལ་འཕེལ་རྒྱས་ཟམ་མི་ཆད་པར་ཕྱིན་པ་དང་བསྟུན་ནས་རྩིས་འཁོར་འདི་ཐོག་མའི་རྩིས་རྒྱག་གཙོ་བོར་བྱེད་པའི་ལག་ཆ་ཞིག་ནས་ཆ་འཕྲིན་སྐྱེལ་འདྲེན་གྱི་ཕྱོགས་སུ་འཕེལ་རྒྱས་ཕྱིན་ཡོད་ལ། མི་རྣམས་ཀྱི་རྒྱུན་གཏན་སློབ་སྦྱོང་དང་འཚོ་བ། ལས་དོན་སོགས་དང་ཁ་བྲལ་ཐབས་མེད་པའི་ལག་ཆ་ཞིག་ཏུ་འཕེལ་རྒྱས་འགྲོ་བཞིན་ཡོད་” (63) པས། ཆ་འཕྲིན་ལག་རྩལ་འཕེལ་རྒྱས་གཏོང་རྒྱུ་ནི་མི་རིགས་ཤིག་སླར་ཡང་ཤེས་དཔལ་གྱི་ཕྱོགས་སུ་བསྐྱོད་པའི་གལ་ཆེའི་ལམ་བུ་ཞིག་ཏུ་གྱུར་ཡོད། དེ་བས་བོད་ཡིག་འདི་ནི་ལོ་རྒྱུས་ཡུན་རིང་ཞིང་མཚར་སྡུག་འོད་སྟོང་འབར་བའི་བོད་ཀྱི་ཤེས་རིག་གི་བླ་སྲོག་ལྟ་བུར་གྱུར་ཡོད་ལ་མི་རིགས་རང་གི་མི་དམངས་ཚོས་ཡོངས་ཁྱབ་ཏུ་སྤྱོད་པའི་ཡིག་རིགས་ཤིག་དང་འཛམ་གླིང་མི་རིགས་ཁག་གིས་བོད་ཀྱི་རིག་གནས་ལ་ཤེས་རྟོགས་དང་ཞིབ་འཇུག་ཟབ་མོ་བྱེད་པའི་གལ་ཆེའི་ལག་ཆ་ཞིག་ཏུ་གྱུར་ཡོད། དུས་མཚུངས་“བོད་སྐད་ཡིག་གི་ལས་དོན་ལེགས་པོ་བསྒྲུབ་རྒྱུ་ནི་བོད་སྐད་ཡིག་གི་དེང་རབས་ཅན་དང་ཆ་འཕྲིན་ཅན། བོད་ཁུལ་དུ་ཏང་གི་ལམ་ཕྱོགས་དང་སྲིད་ཇུས། ཚན་རིག་ཤེས་བྱ་སོགས་ཁྱབ་གདལ་གཏོང་བ། བོད་མི་རིགས་ཁྱོན་ཡོངས་ཀྱི་བྱང་ཚད་མཐོར་འདེགས་དང་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་ཡོང་བ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པར་དོན་སྙིང་ཆེན་པོ་ལྡན་པ། རྒྱལ་ཁབ་ཀྱི་བདག་དབང་ལ་སྲུང་སྐྱོང་དང་ཁ་འཕྲལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་གལ་ཆེའི་ཆབ་སྲིད་ཀྱི་གནད་དོན་ཞིག་ཡིན་”(64)པས་ཏང་དང་རྒྱལ་ཁབ་ཀྱིས་ཐོག་མཐའ་བར་གསུམ་དུ་བོད་ཡིག་ཆ་འཕྲིན་ལག་རྩལ་གསར་གཏོད་ལ་མཐོང་ཆེན་བྱས་ཏེ་སློབ་གྲྭ་ཆེ་ཁག་གིས་གཙོ་བོ་བྱས་པའི་ཞིབ་འཇུག་གི་དཔུང་ཁག་བཙུགས་ཡོད།
          “རྒྱལ་ནང་དུ་བོད་ཡིག་ཆ་འཕྲིན་གྱི་ཞིབ་འཇུག་ལས་དོན་ནི་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་ནས་དབུ་ཚུགས་པ་དང་ཆེས་ཐོག་མའི་ཞིབ་འཇུག་འབྲས་བུ་ནི་ཀྲང་ལན་ཧྲེང་(张连生)གིས་རྩིས་འཁོར་ལམ་ནས་བོད་ཡིག་ཚིག་གྲུབ་ཀྱི་རིམ་སྒྲིག་ལས་དོན་ལེགས་གྲུབ་བྱུང་བ་དེ་ཡིན་”(65)པར་གྲགས་ཤིང་། དེའི་སྐབས་སུ་བོད་ཡིག་གི་བཀོལ་སྤྱོད་མ་ལག་དངོས་སུ་ཐོན་མེད། “༡༩༨༨ལོའི་ཟླ་༨པར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་མཁའ་འགྲུལ་པུའུ་ནས་བོད་ཡིག་བཀོལ་སྤྱོད་དང་ལའ་ཟེར་རྩོམ་སྒྲིག་གི་རིམ་སྒྲིག་དཔར་འདེབས་མ་ལག་《ཧོ་ཀོང་བོད་ཡིག་མ་ལག་》 (华光藏文系统)གསར་དུ་བཏོད་”(66)ནས་བོད་ཡིག་གི་རྩིས་འཁོར་མ་ལག་མེད་པའི་ལོ་རྒྱུས་དེར་རྫོགས་ཤད་བཀོད། དེ་རྗེས་“༡༩༩༠ལོར་ཀྲུང་གོའི་རྩིས་འཁོར་མཉེན་ཆས་དང་ལག་རྩལ་ཞབས་ཞུའི་སྤྱི་ཁྱབ་ཀུང་སི་དང་། མི་རིགས་དཔེ་སྐྲུན་ཁང་། པེ་ཅིང་སློབ་ཆེན་རྩིས་འཁོར་ཞིབ་འཇུག་ཁང་། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ལྟེ་གནས་བཅས་ཀྱིས་ཧོ་ཀོང་མ་ལག་གི་རྨང་གཞིའི་སྟེང་པེ་ཏ་ཧྥང་ཀྲེན་(北大方正)བོད་ཡིག་དཔར་སྒྲིག་མ་ལག་གསར་དུ་བཏོད་” (67)པ་དེ་ནི་དེང་གི་ཆར་ཡང་དཔར་སྐྲུན་ཚན་པ་ཁག་གི་ནང་ཡོངས་ཁྱབ་ཏུ་སྤྱོད་བཞིན་ཡོད།
          འོན་ཏེ་དེ་དག་སྔར་བཞིན་ཐོག་མའི་ཞིབ་འཇུག་གི་བྱ་རིམ་ཁྲོད་དུ་ལུས་པས་རྒྱལ་ཁབ་ཀྱི་ཚད་གཞི་དང་རྒྱལ་སྤྱིའི་ཚད་གཞི་ཅན་གྱི་ཨང་སྒྲིག་ཡིག་བཏགས་ཚོགས་སྤྱི་(编码字符集)གཏན་འཁེལ་ཡོང་ཆེད། “རྒྱལ་ཁབ་དམངས་ཨུད་དང་ལག་རྩལ་ལྟ་བཤེར་ཅུད་ཀྱི་མཛུབ་སྟོན་འོག་དང་། ཆ་འཕྲིན་ཚད་ལྡན་དོ་དམ་ཨུ་ཡོན་ལྷན་ཁང་དང་ཆ་འཕྲིན་ཐོན་སྐྱེད་པུའུ་གློག་རྡུལ་ཚད་ལྡན་ཞིབ་འཇུག་ཁང་གི་རྒྱབ་སྐྱོར་འོག་༡༩༩༣ལོ་ནས་འགོ་བཙུགས་ཏེ་བོད་ལྗོངས་སུ་བོད་ཡིག་ཆ་འཕྲིན་ཚད་ལྡན་ཅན་གྱི་ལས་དོན་གཉེར་འགོ་ཚུགས།” (68) དེ་ལྟར་རྒྱ་ཆེའི་ཞིབ་འཇུག་པ་རྣམས་ཀྱི་ཐུན་མོང་འབད་བརྩོན་འོག་ལོ་ཤས་ལས་མ་འགོར་བར་རྒྱལ་ཁབ་རིམ་པའི་ཚད་གཞི་ཅན་གྱི་རྣམ་གྲངས་གསུམ་ལེགས་གྲུབ་བྱུང་བ་དང་“༡༩༩༧ལོའི་ཟླ་༧པར་སྐབས་༣༣པའི་WGI ཚོགས་འདུའི་ཐོག་བོད་ཡིག་ཨང་སྒྲིག་རྒྱལ་སྤྱིའི་ཚད་གཞིར་དངོས་སུ་ཚད་ལོན་ཏེ། རང་རྒྱལ་གྱི་ISO/IEC10646རྒྱལ་སྤྱིའི་ཚད་ལྡན་གྱི་གྲངས་ཉུང་མི་རིགས་ཀྱི་ཡིག་རིགས་དང་པོར་གྱུར་བ་རེད། ” (69) དེ་ནི་བོད་ཡིག་ཆ་འཕྲིན་གྱི་བྱ་གཞག་ངོས་ནས་བརྗོད་ན་རླབས་ཆེ་བའི་གྲུབ་འབྲས་ཤིག་ཡིན་ཀྱང་“བོད་ཡིག་རང་ངོས་ཀྱི་རྒྱུ་རྐྱེན་ནམ་ཞིབ་འཇུག་ལག་རྩལ་གྱི་རྒྱུ་རྐྱེན་གྱིས་རྒྱལ་སྤྱིའི་རང་བཞིན་གྱི་བོད་ཡིག་མཉེན་ཆས་མ་ལག་ལས་དོན་ལ་སྐུལ་འདེད་ཤུགས་ཆེ་ཐེབས་མེད་” (70)སྟབས་སླར་ཡང་དེའི་ཐད་ཞིབ་འཇུག་གཏིང་ཟབ་བྱ་དགོས་བྱུང་བ་དང་། སློབ་གྲྭ་ཆེ་ཁག་གིས་གཙོ་བོ་བྱས་པའི་བོད་ཡིག་གི་མཉེན་ཆས་གསར་པ་མང་དུ་ཐོན་འགོ་ཚུགས། དཔེར་ན། ༢༠༠༠ལོར་ནུབ་བྱང་མི་རིགས་སློབ་ཆེན་གྱིས་“དོན་ཡོད་བོད་ཡིག་སྒྲིག་གཅོད་མཉེན་ཆས་” གསར་དུ་བཏོད་པ་དང་། ༢༠༠༦ལོར་བོད་ལྗོངས་སློབ་ཆེན་གྱིས་“གངས་སྤྱན་བོད་ཡིག་ནང་འཇུག་མ་ལག་གསར་དུ་བཏོད་པ། གཞན་ཡང་སམ་བྷོ་ཊ་དང་པཎྜི་ཏ། ཙོང་ཁ། ཨ་མདོ། སྨོན་ལམ། ཧི་མ་ལ་ཡ་སོགས་མཉེན་ཆས་གསར་པ་མང་དུ་བཏོད་ནས་ཕྱོགས་གང་ས་ནས་འཕེལ་རྒྱས་དང་འཐུས་ཚང་དུ་གཏོང་བར་འབད་བརྩོན་བྱས་ཡོད། དོན་ཡོད་དང་པཎྜི་ཏ། ཧི་མ་ལ་ཡ་སོགས་དྲ་རྒྱའི་ཐོག་ཏུ་སྤྱོད་བཞིན་ཡོད་ལ། ཁྱད་པར་ཧི་མ་ལ་ཡ་དེ་རྒྱལ་སྤྱིའི་ཚད་གཞི་ཅན་གྱི་ལག་རྩལ་དུ་གྱུར་ནས་༢༠༠༧ལོའི་ཟླ་༡པོའི་ཚེས་༣༠ཉིན་ཁྲོམ་བསྒྲགས་བྱས་པའི་Windows vistapརྒྱུད་ཁོངས་ནང་དུ་བཀོད་སྒྲིག་བྱས་པའི་བོད་ཡིག་གཏག་ཆས་རིགས་ཤིག་ཡིན་ཞིང་དབྱིན་ཡིག་དང་རྒྱ་ཡིག་གིས་ལས་ཐུབ་པའི་བྱ་རིམ་ཚང་མ་བོད་ཡིག་གི་ཐོག་ནས་གཉེར་ཐུབ་པའི་ཁྱད་ཆོས་ལྡན་པས་ན། དེ་ནི་བོད་ཡིག་དྲ་རྒྱའི་ཆ་འཕྲིན་ཐོག་གི་ལམ་ཚད་རྡོ་རིང་ཞིག་ཡིན་ཞེས་བརྗོད་ཆོག
          ༢ བོད་ཡིག་གི་དྲ་རྒྱ་མང་དུ་ཐོན་པ་དང་རྒྱ་ཆེའི་དྲ་དམངས་ཀྱིས་རྩོམ་རིག་གི་བྱ་འགུལ་མང་དུ་སྤེལ་བ།
          བོད་ཡིག་གི་ཆ་འཕྲིན་ལག་རྩལ་དེ་དག་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ཁྲོད་དུ་ལག་རྩལ་དེ་དག་རྨང་གཞིར་བྱས་ཏེ་སྦྲེལ་རེས་དྲ་རྒྱའི་ཐོག་ཏུ་བོད་ཡིག་གི་དྲ་རྒྱ་མང་དུ་ཐོན་འགོ་ཚུགས། དེ་ཡང་“སྤྱི་ལོ་༡༩༩༩ལོའི་ཟླ་༡༢པའི་ཚེས་༢༠ཉིན་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེ་མོ་ཧུང་ཀྲེ་(洪志)ཡི་འགོ་ཁྲིད་འོག་འཛམ་གླིང་ཐོག་གི་བོད་ཡིག་དྲ་ཚིགས་དང་པོ་《གངས་ལྗོངས་དྲ་བ་》ཞེས་པ་ལན་གྲུའུ་རུ་ལེགས་གྲུབ་བྱུང་བ་དང་། ༢༠༠༠ལོའི་ཟླ་བ་དང་པོའི་ཚེས་༡ཉིན་དངོས་སུ་སྒོ་ཕྱེ་”(71)བས་འཛམ་བུའི་ཁྱོན་ལ་བོད་ཡིག་གི་དྲ་ཚིགས་མེད་པའི་ལོ་རྒྱུས་ཡོངས་སུ་མཇུག་སྒྲིལ་བ་རེད། ༢༠༠༡ལོའི་ཟླ་༩པའི་ཚེས་༡༣ཉིན་“ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས”ཀྱི་བོད་ཡིག་དྲ་ཚིགས་སྒོ་ཕྱེ། སྤྱི་ལོ་༢༠༠༤ལོའི་ཟླ་༨པའི་ཚེས་༢༧ཉིན་《བོད་ལྗོངས་སློབ་ཆེན་སློབ་མའི་དྲ་བ་》ཡི་སྟེང་དུ་བཀོད་པའི་འབུམ་པ་རྒྱལ་གྱི་རང་མོས་སྙན་ངག་《སེམས་འགྱུ་》” (72)ཞེས་པ་དེ་ནི་ད་བར་མཐོང་རྒྱུ་ཡོད་པའི་བོད་ཡིག་དྲ་རྒྱའི་རྩོམ་རིག་གི་བརྩམས་ཆོས་ཐོག་མ་དེ་ཡིན་པར་མཐོང་ཞིང་། ཀློག་པ་པོ་༢༨༧༣ གྱིས་ལྟ་ཀློག་བྱས་ཡོད། ༢༠༠༤ལོའི་ཟླ་༢པའི་ཚེས་༢༠ཉིན་《བོད་མིའི་རིག་གནས་དྲ་ཚིགས་》 སྒོ་ཕྱེ། དེ་བཞིན་《སྦྲང་ཆར》དང་《ཟླ་ཟེར་》《གངས་ལྗོངས་རིག་གནས་》《པོ་ཏ་ལ་》《བོད་ཀྱི་རྩོམ་རིག་སྒྱུ་རྩལ་》《བོད་བརྒྱུད་ནང་བསྟན་》སོགས་དུས་དེབ་ཁག་གིས་ཀྱང་སྔ་ཕྱིར་རང་རང་གི་དྲ་ཚིགས་གཉེར་བ་དང་དུས་མཚུངས་བོད་ཡིག་གི་དྲ་ཚིགས་གཞན་ཡང་མང་དུ་ཐོན་ཡོད། དེ་དག་ནི་བོད་ཡིག་གི་དྲ་རྒྱའི་ལོ་རྒྱུས་ངོས་སུ་དབུ་འཁྱུད་དང་འདྲ་བའི་ལེའུ་ཞིག་རེད།
          འཛམ་གླིང་གི་བོད་ཡིག་དྲ་ཚིགས་དང་པོ་《གངས་ལྗོངས་དྲ་བ་》 ཞེས་པ་དེ་ནི་བོད་ཡིག་འདི་ཉིད་དྲ་རྒྱའི་ནང་དུ་ཐོག་མར་འཇུག་པའི་སྣེ་ཁྲིད་པ་ལྟ་བུ་ཞིག་ཡིན་པ་དང་། དེའི་ནང་དུ་བོད་ཀྱི་ཆོས་ལུགས་དང་རིག་གནས། དམངས་སྲོལ་སོགས་ཀྱི་ནང་དོན་འགའ་ཞིག་སྤེལ་ཡོད་མོད། རྩོམ་རིག་སྐོར་གྱི་ལེ་ཚན་མི་སྣང་ལ་ད་བར་ཡང་ཐོག་མའི་ངོས་དེ་གར་ལུས་འདུག་པར་མཐོང་། 《ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་》ཞེས་པའི་བོད་ཡིག་དྲ་ཚིགས་སུ་ཆེད་དུ་རྩོམ་རིག་སྐོར་གྱི་ལེ་ཚན་ཞིག་བཀོད་སྒྲིག་བྱས་ཡོད་ཀྱང་ཐོག་མའི་བརྩམས་ཆོས་དེ་དག་ནི་གནའ་ཉེ་དེང་གསུམ་གྱི་ཤོག་ཐོག་རྩོམ་རིག་ཤ་སྟག་ཡིན། ༢༠༠༥ལོའི་ལོ་སྟོད་དུ་《ཀྲུང་གོའི་བོད་ཀྱི་ཆ་འཕྲིན་ལྟེ་གནས་》ཀྱིས་《བོད་ཀྱི་དེང་རབས་རྩོམ་པ་པོའི་དགའ་ཚལ་》ཞེས་པའི་དྲ་ཚིགས་གསར་དུ་གཉེར་བ་དང་དེའི་ནང་དུ་སྐྱབས་ཆེན་བདེ་གྲོལ་དང་མདའ་བཙན་པོ། མཚོ་བུ་དགའ་བདེ། འབའ་སེང་སྨྱོན། ཁྲི་སེམས་དཔའ། བདེ་སྐྱིད་སྒྲོལ་མ། དཔལ་མོ། འབྲོང་ཕྲུག་ལྷ་ཆེན་རྒྱལ་སོགས་བོད་ཀྱི་དེང་རབས་རྩོམ་པ་པོ་ཁག་གཅིག་མཚམས་སྦྱོར་བྱས་པ་དང་སྦྲགས་བརྩམས་ཆོས་གྲངས་༡༢་སྤེལ་ཡོད་པ་ལས་གཟུངས་ཕྱུག་སྐྱིད་ཀྱི《དབྱངས་ཅན་མ་》ཞེས་པ་དང་དཔལ་མོའི་《ན་ཟུག་དེ་》 ཞེས་པ་གཉིས་ཕུད། དེ་བྱིངས་བརྩམས་ཆོས་རྣམས་དྲ་རྒྱའི་ཐོག་ཏུ་ཐོག་མར་སྤེལ་བ་ཤ་སྟག་ཡིན། དེ་བཞིན་༢༠༠༤ལོའི་ཟླ་༢པའི་ཚེས་༢༠ཉིན་དངོས་སུ་སྒོ་ཕྱེ་བའི་《བོད་མིའི་རིག་གནས་དྲ་ཚིགས་》སུའང་རྩོམ་རིག་གི་ལེ་ཚན་བཀོད་སྒྲིག་བྱས་ཡོད་ཀྱང་བརྩམས་ཆོས་ཚང་མ་སྔར་གྱི་རྩོམ་པ་པོའི་བརྩམས་ཆོས་གྲགས་ཅན་ཤ་སྟག་ཡིན་པས་དེ་དག་ནི་བོད་ཀྱི་དྲ་རྒྱའི་རྩོམ་རིག་གི་ཐོག་མའི་མྱུ་གུ་འབུས་པའི་རྣམ་པ་ཡིན་ཞེས་བཤད་ཆོག
          སྤྱི་ལོ་༢༠༠༥ལོའི་ལོ་སྟོད་དུ་འཛམ་བུའི་ཁྱོན་ལ་བོད་ཡིག་གི་པོད་ཁུག་དང་པོ་《བོད་ཡིག་ཟིན་བྲིས་》ཞེས་པ་ཐོན་པ་དང་དེ་ནས་མི་རིང་བར་《མཆོད་མེའི་པོད་ཁུག》ཅེས་པ་ཐོན། དེ་དག་ནི་གོང་གི་དྲ་རྒྱ་དག་གི་གྲུབ་འབྲས་བཟང་པོའི་འོག་ཐོན་པ་ཞིག་དང་བོད་ཀྱི་དྲ་རྒྱའི་རྩོམ་རིག་དངོས་སུ་དར་བའི་རྒྱུ་བཟང་པོ་ཞིག་ཏུ་གྱུར་ཡོད། གང་ལགས་ཤེ་ན། པོད་ཁུག་གིས་དྲ་རྒྱའི་རྩོམ་རིག་སྤྱིའི་ལོ་རྒྱུས་ཐོག་གནས་བབས་ངེས་ཅན་བཟུང་ཡོད་ལ་རང་རེའི་ངོས་ནས་བརྗོད་ནའང་བོད་ཡིག་པོད་ཁུག་ཐོན་རྗེས་རྒྱ་ཆེའི་བོད་རིགས་དྲ་དམངས་ཚོས་ཕ་སྐད་ཀྱི་ལམ་ནས་རང་རང་གི་པོད་ཁུག་གཉེར་བ་དང་རྩོམ་རིག་གསར་རྩོམ་གྱི་ལས་ལ་སྤྲོ་བས་གཞོལ་བ་མ་ཟད། བོད་ཀྱི་གྲགས་ཅན་སྙན་ངག་པ་ལྗང་བུ་དང་ཁྲི་སེམས་དཔའ། འབར་རྡེའུ་སོགས་རྩོམ་པ་པོ་མང་པོ་ཞིག་གིས་ཀྱང་པོད་ཁུག་གཉེར་འགོ་ཚུགས་པས་ཡིན།
          སྤྱི་ལོ་༢༠༠༥ལོའི་ཟླ་༡༠ཚེས་༡༤ཉིན་བོད་ཀྱི་དྲ་རྒྱའི་རྩོམ་རིག་གི་གལ་ཆེའི་གྲུབ་ཆར་གྱུར་པའི་《གངས་ལྗོངས་གཞོན་ནུའི་གླེང་སྟེགས་》ཞེས་པའི་དྲ་ཚིགས་ཐོན་པ་དང་། སྤྱི་ལོ་༢༠༠༥ལོའི་ཟླ་༡༢པའི་ཚེས་༢ཉིན་སླར་ཡང་རང་རེའི་དྲ་རྒྱའི་རྩོམ་རིག་གི་གྲུབ་ཆ་《མཆོད་མེའི་རྩོམ་རིག་དྲ་བ་》ཞེས་དྲ་ཚིགས་རྩོམ་རིག་གི་དཔེ་མཚོན་དྲ་རྒྱ་དངོས་སུ་ཕྱེ་བས། དེར་བོད་ཀྱི་དྲ་དམངས་མང་པོའི་དགའ་བསུ་ཚད་མེད་ཐོབ་པ་མ་ཟད་《གངས་ལྗོངས་གཞོན་ནུའི་གླེང་སྟེགས་》གཅིག་པུར་ཡང་ད་བར་(2009/10/23བར་)དྲ་དམངས་༨༠༧༡ཙམ་གྱིས་ཐོ་འགོད་བྱས་ཡོད། དེ་དག་གི་རྗེས་སུ་《ཧི་གཟུགས་ཟིན་བྲིས་》དང་《སེང་རྡོར་དྲ་བ་》《ན་གཞོན་གསར་པ་》《དགེ་འདུན་ཆོས་འཕེལ་དྲ་བ་》སོགས་མང་དུ་ཐོན་པ་དང་རྩོམ་རིག་ལ་དགའ་བའི་དྲ་དམངས་སྐོར་ཞིག་གིས་རྩོམ་རིག་གསར་རྩོམ་གྱི་བྱ་བར་གཞོལ་ཏེ་དྲ་རྒྱའི་རྩོམ་རིག་གི་བརྩམས་ཆོས་དབྱར་གྱི་ཤ་མོ་བརྡོལ་བ་ཇི་བཞིན་གྲངས་ཀྱིས་མི་ལང་བ་བརྩམས་པས་བོད་ཀྱི་དྲ་རྒྱའི་རྩོམ་རིག་གི་བྱ་བ་དེ་དེ་བས་འཁྲུག་ཆ་དོད་ཅིང་ཕུན་སུམ་ཚོགས་པར་གྱུར་ཡོད།
          མདོར་ན། ཕྱི་ནང་གི་རྒྱུ་རྐྱེན་གཙོ་བོ་དེ་དག་གིས་བོད་དུ་དུས་རབས་རང་བཞིན་དང་མང་ཚོགས་རང་བཞིན་ལྡན་པའི་རྩོམ་རིག་གི་རྣམ་པ་གསར་པ་འདི་ཉིད་ཐོན་པར་འདོད་དོ། །
          མཆན་འགྲེལ་དང་ལུང་འདྲེན་དཔྱད་ཡིག
          (1)(2)(7)(8)(12)(13)(14)(16)(17)(21)(22)(23)(24)(25)(29)(30)(31)(39)(40)(41)(45)《网络文学概论》欧阳友权 主编 北京大学出版社2008年1月第一次出版P20 P19 P3 P3 P4 P20 P20 P20 P20 P20 P21 P20 P27 P27 P47 P47 P21 P32P39 P39 P39
          (3)(55)(61)《网络文学学理形态》欧阳友权 著 中央文献出版社2008年二月第一次出版 P3 P56 P34
          (4)(5)(6)《文学网景》于洋 汤爱丽 李俊 著 中央编译出版社2004年1月第一次出版P8 P9 P10
          (9)ལར་དྲ་རྒྱའི་རྩོམ་རིག་ཡོད་དོ་ཅོག་རིམ་འདས་ཡིག་རྐྱང་གི་ཐོག་ནས་གནས་ཡོད། འོན་ཏེ་སྐབས་འདིར་དྲ་རྒྱའི་རིམ་འདས་སྦྲེལ་མཐུད་ཀྱི་ཐབས་མང་དུ་སྤྱད་ནས་བརྩམས་ཆོས་གང་དེ་ཕྱོགས་མང་པོ་ནས་བལྟ་ཀློག་བྱེད་ཆོག་པ་དང་མཇུག་འབྲས་ཀྱང་མི་འདྲ་བ་འཐོན་རྒྱུ་ཡོད་པའི་བརྩམས་ཆོས་ཀྱི་རིགས་ལ་གོ་བ་ཡིན།
          (10)སྨྱན་མང་བརྩམས་ཆོས་ཞེས་པ་ནི་ཡི་གེ་དང་སྒྲ། དཔར་རིས་སོགས་སྨྱན་རྫས་སྣེ་མང་གཅིག་ཏུ་སྒྲིལ་བའི་བརྩམས་ཆོས་ལ་གོ་ཞིང་སྤྱིར་དུས་རྒྱུན་གྱི་གློག་ཀླད་སློབ་ཁྲིད་འཆར་ཟིན་(课件)དང་འདྲ་བ་ཡིན།
          (11)ཆེད་བཟོས་གསར་རྩོམ་མཉེན་ཆས་ཞེས་པ་ནི་ཆེད་དུ་རྩོམ་རིག་གསར་རྩོམ་བྱེད་པའི་མཉེན་ཆས་ཤིག་ཡིན་ཞིང་རྒྱལ་ནང་དུ་དེའི་ཚབ་མཚོན་ནི་ལེའེ་ཧུའུ་ཤིང་(猎户星)ཟེར་བ་དེ་ཡིན་ཞིང་། དེས་བརྩམས་པའི་བརྩམས་ཆོས་ཀྱང་ཨའུ་ཡང་ཡའུ་ཆོན་གྱིས་གཙོ་སྒྲིག་བྱས་པའི་《དྲ་རྒྱའི་རྩོམ་རིག་སྤྱི་བཤད་》ཀྱི་ཤོག་ངོས་༡༥༢ནང་དུ་《 མིང་མེད་》ཅེས་པའི་བརྩམས་ཆོས་ཤིག་དཔེ་མཚོན་དུ་དྲངས་ཡོད།          (15)(18)(19)(20)(26)(27)(28)(35)(38)(58)(59)(60)《网络文学10年史》马季 著 中国工人出版社2008年1月第一次出版P118 P118 P119 P119 P124 P125 P125 P1 P2 P5 P2 P2          (32)(33)(34)(36)(37)(42)(43)(44)(46)(47)(48)《网络文学发展史》欧阳友权 主编 中国广播电视出版社2008年12月第一次出版  P351 P354 P353 P354 P354 P374 P378 P379 P382 P2 P3 
          (49)དངོས་ཁམས་ཞེས་པ་ནི་ཁ་དཔར་གྱི་སྐུད་སྣེ་དང་སྲུང་སྐར་སོགས་གློག་འཕྲིན་གྱི་སྨྱན་རྫས་དག་ལ་གོ
          (50)གཏན་ཚིགས་ནི་རྩིས་འཁོར་གྱིས་དྲ་རྒྱར་མཉེན་ཆས་ཀྱི་ཚོད་འཛིན་ཐེབས་ཀྱི་ཡོད་པས་མཉེན་ཆས་ལ་བརྟེན་ནས་འགུལ་སྐྱོད་བྱེད་པ་ལ་གོ 
          (51)(52)《网络传播与社会文化》欧阳友权 主编 高等教育出版社2005年5月第一次出版P3  P3
          (53)(56)(57)《网络传播与文学》柏定国 著 中国文史出版社2008年3月第一次出版P4 P23 P23 
          (54)སྨྱན་རྫས་བཞི་པ་ཞེས་པ་ནི་མིའི་རིགས་ཀྱིས་ཆ་འཕྲིན་སྨྱན་རྫས་གསར་གཏོད་བྱེད་པའི་ལོ་རྒྱུས་ནང་ཐོག་མར་ཚགས་དཔར་དང་། དེ་རྗེས་རྒྱང་བསྒྲགས། བརྙན་འཕྲིན་བཅས་ཐོན་པ་དང་ད་ཆ་སྦྲེལ་རེས་དྲ་རྒྱ་ཐོན་པས་དེར་སྨྱན་རྫས་བཞི་པ་ཞེས་བརྗོད། གཞན་“སྨྱན་རྫས་E”ཡང་ཟེར།
          (62)(63)(64)(65)(66)(67)(68)(69)(70)《藏文信息处理研究的现状与展望》尼玛更参(硕士学位论文)2007-6-21电子版P2 P2 P3 P8 P9 P10 P7 P7 P7
          (71)《人民日报》网络版 2009年12月24 
          (72) http://xz6.2000y.net/mb/I/ReandNews/asp? NewsID=219477 (2010/1/10ཉིན་བཤེར)

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1