གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༣ཚེས་༡༥ཉིན།

ཁོང་གིས་རྔ་བའི་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་དགོས་པ་སོགས་ཀྱི་གྲོས་འགོ་བཞི་བཏོན་འདུག


        སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་གཤེན་རྒྱལ་བསྟན་འཛིན་ལགས་ནི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཆུ་ཆེན་རྫོང་ཁྲོ་སྐྱབས་མཚོ་སྟེང་དགོན་པ་ནས་ཡིན་པ་དང་། ཁོང་གིས་རང་ཉིད་གཞི་རིམ་གྱི་འཐུས་མི་ཞིག་ཡིན་པའི་ཆ་ནས། ཐེངས་འདིའི་ཚོགས་ཆེན་ཐོག་གྲོས་འགོ་བཞི་བསྣམས་འདུག

        འཐུས་མི་གཤེན་རྒྱལ་བསྟན་འཛིན་ལགས་ནས་བསྣམས་པའི་གྲོས་འགོ་ཁག་བཞི་པོ་དེ་དག་གཤམ་གསལ་ལས། 
        1 ཞིང་བསྐྱུར་ནགས་འཛུགས་ཀྱི་ཁ་གསབ་རོགས་དངུལ་མང་དུ་གཏོང་རྒྱུ་དང་དེའི་སྤྲོད་ཡུན་རིང་དུ་གཏོང་དགོས་པ། དེའི་ཐད་ཁོང་གིས། དེ་ནི་ཞིང་འབྲོག་ཁུལ་དུ་ཞིང་བསྐྱུར་ནགས་འཛུགས་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་བྱ་ཐབས་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་རྣམས་ཀྱི་རེ་བ་ཆེན་པོ་བྱེད་ས་ཞིག་ཀྱང་ཡིན་ཞེས་གསུངས། 
        2 རྔ་བའི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ། དེའི་ཐད་ཁོང་གིས། རྔ་བ་ཁུལ་ནི་སི་ཁྲོན་ཞིང་ཆེན་གྱི་ཆུ་བོ་མང་པོའི་མགོ་ཁུངས་ཁུལ་ཡིན་པས། ང་ཚོས་དུས་ཡུན་རིང་པོའི་ནང་ཆུ་བོའི་སྟོད་རྒྱུད་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཐད་ལས་དོན་མང་པོ་བསྒྲུབས་ཡོད། འོན་ཀྱང་ལས་དོན་དེ་དག་སྒྲུབ་པའི་བརྒྱུད་རིམ་ཁྲོད་ད་དུང་སྐྱེ་ཁམས་གནད་དོན་མི་ཉུང་བ་ཞིག་ཐག་གཅོད་བྱེད་མ་ཐུབ་པར་ལུས་ཡོད། དཔེར་ན་ཆུ་བོའི་སྨད་རྒྱུད་ཁུལ་གྱི་མང་ཚོགས་ལ་དེའི་ཐད་ཀྱི་རོགས་དངུལ་གཏོང་ཤུགས་མི་འདང་བས། མཛོད་དགེ་སོགས་མཐོ་སྒང་ས་ཆ་མི་ཉུང་བ་ཞིག་ཏུ་རྩྭ་ཐང་བྱེ་སར་འགྱུར་བའི་སྐྱེ་ཁམས་གནད་དོན་ཐོན་བཞིན་ཡོད་པས། གོང་རིམ་ནས་དེའི་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས། 
        3 བོད་རིགས་དང་ཆའང་རིགས། དབྱིས་རིགས་བཅས་ཀྱི་རིག་གནས་ཐོན་ལས་བར་ཁྱམས་ལྟེ་གནས་ཀྱི་འཛུགས་སྐྱོང་ཇེ་མགྱོགས་སུ་གཏོང་དགོས་པ་དང་། ལྷག་པར་དུ་རྒྱལ་ཁབ་ཀྱི་བང་རིམ་ནས་གྲངས་ཉུང་མི་རིགས་ཀྱི་རིག་གནས་ལ་མཐོང་ཆེན་དང་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། 
        4 མཚོ་བོད་མཐོ་སྒང་གི་ནོར་གནག་སྤྱི་ལོ་2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་གྱི་བཀྲ་ཤིས་པའི་མཚོན་རྟགས་སུ་འོས་སྦྱོར་ཞུ་རྒྱུ་བཅས་སོ། །
        གཞན་ཡང་འཐུས་མི་གཤེན་རྒྱལ་བསྟན་འཛིན་ལགས་ནས། བདག་མེད་འཁྱམ་ཁྱིར་བདག་སྐྱོང་བྱ་རྒྱུའི་ཐད་བཅའ་ཁྲིམས་ཀྱི་གཏན་འབེབས་ཤིག་བཟོ་དགོས་པའི་སྐོར་གྱི་བསམ་འཆར་ཞིག་ཀྱང་བཏོན་འདུག དེའི་ཐད་ཁོང་གིས། དེ་འདྲའི་བསམ་འཆར་ཞིག་འདོན་དགོས་པའི་དམིགས་ཡུལ་གཙོ་བོ་ཡང་བདག་མེད་དུ་ལུས་པའི་ཁྱི་གང་སར་མཐོང་རྒྱུ་ཡོད་པ་དང་། འཁྱམ་ཁྱིའི་ཁྲིམས་འགལ་ཉོ་ཚོང་གནད་དོན་ཐོན་མང་བ། ཁྱིའི་འགོས་ནད་ཀྱིས་མིའི་རིགས་ཀྱི་བདེ་ཐང་ལ་གནོད་པ་སྐྱེལ་བ་སོགས་འཁྱམ་ཁྱི་བདག་མེད་དུ་ལུས་པས་སྤྱི་ཚོགས་བདེ་འཇགས་ཐད་གནོད་འཚེ་ཚབས་ཆེན་བཟོ་བཞིན་ཡོད། ཡིན་ནའང་མིག་སྔའི་ཆར་འཁྱམ་ཁྱིར་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་རྒྱལ་ཁབ་རིམ་པའི་བཅའ་ཁྲིམས་ཁ་གསལ་ཞིག་མེད་པས། དེའི་ཐད་ཀྱི་བསམ་འཆར་ཞིག་ཞོར་དུ་གླེང་བ་ཡིན་ཞེས་གསུངས་སོ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1