༄༅།། བོད་ཀྱི་རི་མོ་ལས་དོན་མཚོན་རིང་ལུགས་ཀྱི་ཁྱད་ཆོས་སྐོར་ལ་ཐོག་མར་དཔྱད་པ།

སྟག་ལྷ་ཚེ་བརྟན། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། 03-18


 སྟག་ལྷ་ཚེ་བརྟན།
སྔོན་འགྲོ།
          དེ་ཡང་གཞུང་ལུགས་གཏིང་ཟབ་ཅིང་རྣམ་པ་ཕུན་སུམ་ཚོགས་པའི་བོད་ཀྱི་མཛེས་རྩལ་གྲུབ་པའི་རྒྱུ་གཙོ་བོ་གཅིག་ནི་སྒྱུ་རྩལ་འདི་ཡིན་ལ། འདི་ལའང་བརྗོད་བྱ་དང་མཚོན་རྩལ་ཉམས་འགྱུར་གང་ཐད་ནས་འཛམ་གླིང་རི་མོའི་དོ་ར་རུ་གཞན་དང་ཐུན་མོང་མ་ཡིན་པའི་ཁྱད་ཡོན་དུ་མས་ཕྱུག་པས། གནས་འདིར་སློབ་སྦྱོང་དང་ཞིབ་འཇུག་གནང་མཁན་ཉིན་རེ་བཞིན་མང་དུ་འགྲོ་བཞིན་ཡོད་པ་ནི་དྲི་ཞིམ་ཚལ་ལ་བུང་བ་འདུ་བའི་ཟླ་རུ་གྱུར་ཅིང་མཆིས་ན། ཁ་བའི་ལྗོངས་ནས་འཚར་ལོངས་བྱུང་ཞིང་བཅུ་ཕྲག་རིག་པའི་ནུ་ཞོས་བསྐྱངས་པའི་གཞོན་སྐྱེས་སྒྱུ་རྩལ་ལ་འཇུག་པ་རྣམས་ཀྱིས་སྔོན་བྱོན་མཁས་པ་ཚོའི་དགོངས་འདུན་ལྟར་“གཞན་དག་རྗེས་སུ་འཛིན་པའི་”མཛད་བཟང་སྐྱོང་རྒྱུ་ནི་གཡོལ་དུ་མེད་པའི་འོས་འགན་ལགས་ཤིང་། གཞན་རྗེས་སུ་འཛིན་པ་ལ་ཐོག་མར་རང་ཉིད་གནས་འདིར་དཔྱིས་ཕྱིན་པ་ཞིག་དགོས་རྒྱུ་ནི་རྩ་་བའི་ཆ་རྐྱེན་ཡིན་ནོ། །
          དང་པོ།  བོད་ཀྱི་དོན་མཚོན་རི་མོ་སྤྱིའི་ཁྱད་ཆོས་སྐོར། 
          1.བོད་ཀྱི་རི་མོའི་གནས་བབས། སྤྱིར་བོད་ཀྱི་ཤེས་རིག་ནི་འདོད་པ་འཇོ་བའི་བ་དང་མཚུངས་པར་གང་ལ་ཅི་འདོད་པ་བཞིན་འབྱུང་བས་ན། རི་མོའི་སྒྱུ་རྩལ་འདི་ཡང་དེ་ལས་མི་འདས་ཤིང་། ཆོས་སྲིད་འབྱོར་གསུམ་གང་ལའང་བབས་དང་བསྟུན་པའི་དགེ་ཕན་བླ་ན་མེད་པ་བསྐྲུན་ནུས་པ་སྟེ། ཆོས་ལ་འཇུག་པ་ཚོར་སངས་རྒྱས་ཐོབ་པའི་ཐབས་ལམ་སྟོན་ཅིང་། སྲིད་ལ་མོས་པ་ཚོར་ཞི་རྒྱས་དབང་དྲག་གི་ཤེས་རབ་སྟེར། དཔལ་འབྱོར་ལ་རེ་བ་རྣམས་ལ་མཆོག་དང་ཐུན་མོང་གི་ཕུན་ཚོགས་སྐྱེད་པའི་ཕྱིར་ན་“གཞན་རྗེས་སུ་འཛིན་ཅིང་ཕན་འདོགས་པར་བྱེད་པའི་རིག་པ་གཉིས་ཀྱི་དང་པོ་ཞེས་བོད་ཀྱི་རིག་གནས་ལས་ཕུལ་དུ་བསྔགས་ཤིང་། མཛེས་རྩལ་གྱི་ནང་ཚན་དུའང་རི་མོའི་སྒྱུ་རྩལ་འདི་གཙོ་བོར་བགྲང་སྟེ་《བསྟན་བཅོས་བེེཌྰུར་གཡའ་སེལ་》 ལས་ལེའུ་ཉེས་བརྒྱ་པ་བཟོ་རིག་པའི་སྐབས་《རི་མོའི་མཚན་ཉིད་ཚངས་པའི་ཚད་ཡིག་》ལས་དྲངས་ཏེ་“ཚངས་པས་རྒྱལ་པོ་གཅེར་ཐུལ་ལ།  ། རི་ཡི་མཆོག་ནི་རི་རབ་ཡིན།  ། སྒོ་ང་ལས་སྐྱེས་རྣམས་ཀྱི་ནི།  ། གཙོ་བོ་ནམ་མཁའ་ལྡིང་ཡིན་ནོ།  ། མི་ཡི་གཙོ་བོས་ས་བདག་སྟེ།  ། དེ་བཞིན་རི་མོ་སྒྱུ་རྩལ་གཙོ། རྒྱལ་པོ་དེ་བཞིན་སྒྱུ་རྩལ་ཀུན།  ། རི་མོའི་ལས་ལ་ཡང་དག་བརྟེན།  ། ”སོགས་འབྱུང་ཞིང་། དགེ་རྒན་ཆེན་མོ་བསྟན་པ་རབ་བརྟན་གྱིས་གསུངས་པའི་རི་མོའི་ཐ་སྙད་ཐོག་མར་བྱུང་ལུགས་ཀྱི་གཏམ་རྒྱུད་དེ་ལས་ཀྱང་བོད་དུ་རི་མོའི་སྒྱུ་རྩལ་བྱུང་སྔ་བ་མ་ཟད། ཐོག་མར་ངལ་རྩོལ་མི་དམངས་ཀྱིས་གསར་གཏོད་བྱས་པ་ཞིག་ཡིན་ལ་རྒྱ་ཆེའི་མི་དམངས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཡོད། ད་ལྟའི་ཚེ་ན་འཛམ་གླིང་ཡུལ་གྲུ་ཁག་གི་ཤེས་རིག་རྣམས་ལོ་རྒྱུས་ཀྱི་གར་སྟེགས་གཅིག་ཏུ་འགྲེམས་པའི་བསྐལ་བཟང་ཤར་བ་དང་བསྟུན་ནས། ལེགས་ཆ་ཆེར་སྤེལ་དང་ཞན་ཆ་རྒྱང་དུ་དོར་བའི་ཆོས་ཉིད་མངོན་དུ་འགྱུར་བཞིན་ཡོད་པས་ན་ང་ཚོས་དུས་རབས་དང་མཐུན་པའི་བོད་ཀྱི་རི་མོ་སྒྱུ་རྩལ་གྱི་རིན་ཐང་གསར་པ་བསྐྲུན་དགོས་ཤིང་སྐྱོན་ཆ་དག་སེལ་དང་སྒྱུ་རྩལ་པའི་བློ་སྦྱོང་ཕྱོགས་ཡོངས་ནས་གོང་མཐོར་བཏང་སྟེ། བོད་ཀྱི་རི་མོའི་ལོ་རྒྱུས་བོད་ཀྱི་རི་མོའི་ལོ་རྒྱུས་རིན་ཐང་དངོས་ལ་མི་ཚོས་ཚན་རིག་དང་མཐུན་པའི་གདེང་འཇོག་བྱ་རྒྱུ་ནི་ཧ་ཅང་གལ་ཆེའོ། ། དེ་ཡང་བོད་རིགས་ནི་ཆོས་ལུགས་རིག་གནས་ཀྱི་ཤན་ཞུགས་གཏིང་ཟབ་ཅིང་ལོ་རྒྱུས་རིང་ཤོས་ཀྱི་མི་རིགས་ཤིག་ཡིན་པའི་དབང་གིས། གཟིགས་མཁན་རྣམས་ཀྱི་མཛེས་དཔྱོད་ཚད་གཞི་དང་བཟོ་བོ་རྣམས་ཀྱི་མཛེས་འཛིན་ལྟ་བ་གང་ཡང་ངེས་ཅན་གྱི་སྟེང་ནས་ཆོས་ལུགས་ཀྱི་མཚན་ཉིད་རིག་པ་དང་ཁ་བྲལ་ཐབས་མེད་པས། བོད་ཀྱི་རི་མོའི་ཁྲོད་ཆོས་ལུགས་བརྗོད་བྱས་གོ་གནས་གཙོ་བོ་བཟུང་ཡོད་པ་བདེན་ཡང་བརྗོད་བྱ་ཧྲིལ་པོའི་ཐད་ནས་བལྟས་ཚེ་ནང་དོན་རྒྱ་ཆེ་ཞིང་རྣམ་པ་ཕུན་སུམ་ཚོགས་པོ་ཡོད་པ་ནི་སྒྱུ་རྩལ་ལ་བློ་རྒྱ་ཡངས་པ་ཀུན་གྱིས་མཁྱེན་གསལ་རེད། འོན་ཀྱང་རིགས་གཞན་པའི་སྐྱེ་བོ་མང་དག་ཅིག་གི་སྣང་ངོར་བོད་ཀྱི་རི་མོ་ཞེས་གླེང་མ་ཐག་དེ་ནི་ཆོས་ལུགས་ཀྱི་བརྗོད་བྱ་གཅིག་པོ་འཛིན་པའི་རི་མོའི་རིགས་ཤིག་ཡིན་པར་འདོད་ཀྱི་ཡོད་པ་རེད། ཁུངས་མ་དག་པའི་ལྟ་སྟངས་འདིར་རྒྱུ་མཚན་རྩ་བ་ནས་མེད་པ་མ་ཡིན་དེ། ང་ཚོའི་སྒྱུ་རྩལ་པ་རྣམས་ཀྱི་བསམ་བློའི་འདུ་ཤེས་འཛིན་སྟངས་དང་སྒྱུ་རྩལ་ཐད་ཀྱི་བློ་སྦྱོང་། རི་མོའི་སློབ་གསོ་རྒྱུད་སྟངས་བཅས་ལ་བསམ་གཞིགས་བྱས་ཚེ་སྐྱོན་མང་པོ་ཞིག་རང་ཕྱོགས་སུ་ཡོད་པར་མཐོང་སྟ། ཀམཐོང་ཐོས་ཉུང་བའི་དབང་གིས་གསར་རྩོམ་ལ་འཇུག་པའི་བློ་སྟོབས་ཆུང་བའི་སྐྱོན། ཁརི་མོ་ལག་ལེན་དང་ཉམས་མྱོང་ཅི་ཡང་མེད་ཀྱང་རིག་པའི་གནས་བཅུ་ལ་མཁས་པའི་གྲགས་སྐམ་ལ་སྲེད་པའི་དབང་གིས་རི་མོའི་གཞུང་ལུགས་རྩོམ་པའི་སྐྱོན། གགཞུང་རྩོམ་པ་ལ་ཆོས་གཞུང་ནས་བསྟན་པའི་ཐིག་རྩའི་གཞུང་ལུགས་རྣམས་གཅིག་གིས་གཅིག་ལ་བཤུས་ཏེ་བརྒྱུད་པ་ཙམ་ལས་སོ་སོ་རང་ངོས་ནས་ཞིབ་འཇུག་བྱས་ཤིང་གཏན་ལ་ཕབ་པའི་ལྟ་བ་སྒེར་ཚུགས་ཐུབ་པ་ཉུང་བའི་སྐྱོན། ངརིག་གནས་ཆུ་ཚད་དང་ལག་རྩལ་དོ་མི་མཉམ་པའི་སྐྱོན། ཚུལ་འདི་སྲོལ་རྒྱུན་རི་མོ་བར་ཡོད་པ་མ་ཟད་དེང་དུས་སུ་མཛེས་རྩལ་སློབ་གླིང་སོགས་ནས་ཐོན་པའི་སྒྱུ་རྩལ་པར་བྱུང་སླ་བ་སྟེ། སོ་སོའི་མི་རིགས་ཀྱི་ལོ་རྒྱུས་དང་རིག་གནས་རྨང་གཞི་ཞན་པའི་དབང་གིས་བོད་ཀྱི་མཛེས་རྩལ་སྤེལ་བར་ཕན་ནུས་ཅི་ཡང་འདོན་ཐུབ་ཀྱི་མེད་པ་བཅས། གོང་གི་སྐྱོན་ཆ་འདི་དག་ལ་ངོས་ཟིན་ཟབ་མོ་མ་བྱས་ཚེ་བགྲང་བྱ་སྟོང་ཕྲག་མང་པོའི་ལོ་རྒྱུས་ལྡན་པའི་བོད་ཀྱི་རི་མོ་སྒྱུ་རྩལ་དེ་ཆོས་ལུགས་ཀྱི་རི་མོ་ཙམ་དུ་འགྱུར་ཉེན་ཆེ་ཞིང་། ད་ལྟའི་ཚེ་བོད་ཀྱི་རིག་གནས་སྣང་ཚུལ་ལ་རང་སྣང་གང་ཤར་གྱིས་དཔྱད་གཏམ་སྤེལ་མཁན་ཧ་ཅང་མང་བས་བོད་ཀྱི་ཤེས་ཡོན་པ་རྒན་གཞོན་རྣམས་དང་བོད་ཀྱི་ཤེས་རིག་ལ་དགའ་ཞེན་ཆེ་བའི་གཞན་རིགས་ཀྱི་དཔྱོད་ལྡན་སྐྱེ་བོ་ཚོས་ལོ་རྒྱུས་དངོས་ལ་ཤེས་རྟོགས་བྱས་ནས་“དངོས་ཐོག་བདེན་འཚོལ་”གནང་རྒྱུ་ནི་ཧ་ཅང་གལ་ཆེ་བར་སྙམ་མོ། ། 
          2.བོད་ཀྱི་དོན་མཚོན་རི་མོའི་བརྗོད་བྱའི་ཁྱབས་ཁོངས།
          རི་མོ་སྒྱུ་རྩལ་ནི་དབང་པོ་ལྔ་ལས་མིག་གི་སྒོ་མོ་བརྒྱུད་དེ་ཉམས་སུ་མྱོང་བྱར་གྲུབ་པའི་ཆ་ནས། མཛེས་མི་མཛེས་ནི་ཐོག་མའི་གནད་དོན་ཡིན་ལ་གནད་དོན་གཙོ་བོ་དེའང་ཡིན། དེ་ཡང་མཛེས་དཔྱོད་རིག་པའི་བསྟན་བཅོས་རྣམས་ལས་བསྟན་པ་བཞིན། མི་རྣམས་ཀྱིས་རི་མོའི་བརྩམས་ཆོས་ཤིག་ལ་མྱོང་རོལ་བྱེད་སྐབས་མཛེས་མི་མཛེས་ཀྱི་སྣང་བ་ཤར་བ་ནི་རི་མོའི་ལེགས་ཉེས་ཁོ་ནའི་དབང་གིས་མ་ཡིན་པར་གཟིགས་མཁན་གྱི་མཛེས་དཔྱོད་ཆུ་ཚད་དང་རིག་སྟོབས་ལ་རག་ལས་པར་བཤད། ཚུལ་འདིར་བོད་ཀྱི་མེས་པོ་ཚོའི་ངག་རྒྱུན་དུ་“རི་མོ་མཁས་པས་བྲིས་ཚུགས་ཉམས་ལ་བརྟགས།  ། བླུན་པོས་བཀྲག་དང་རྒྱན་ལ་བལྟ།  ། བྱིས་པས་རྩེ་ཤིང་མེ་ཏོག་ལ་བལྟ།  ། ”ཞེས་གསུངས་ཞིང་། 《ཚངས་པའི་ཚད་ཡིག》ལས་“རི་མོར་མཛེས་པ་མ་ཚང་ན།  ། ཚད་དག་གིས་ནི་ཅི་ཞིག་བྱ།  ། ”ཞེས་པ་སོགས་མང་དུ་འབྱུང་ལ། མར་ཁེ་སིས་“སྒྱུ་རྩལ་ལོངས་སུ་སྤྱོད་པར་འདོད་ན། སྒྱུ་རྩལ་གྱི་དཔྱོད་ཡོན་ལྡན་མཁན་ཞིག་ཡིན་དགོས་”ཞེས་པ་སོགས་རྒྱལ་ཁབ་ཕྱི་ནང་གི་མཁས་པ་རྣམས་ཀྱིས་མང་དུ་གསུངས་ཡོད། མཛེས་པ་ལའང་སྤྱི་ཚོགས་རིག་གནས་ཀྱི་དབང་གིས་བདེན་རྫུན་ལེགས་ཉེས་བཟང་ངན་སོགས་ནང་དོན་གྱི་ཆ་གཙོ་བོར་འཛིན་པ་ཞིག་དང་དབྱིབས་རྣམ་ཁ་དོག་སོགས་ཕྱི་ཚུལ་གྱི་མཛེས་པ་གཙོར་འཛིན་པ་ཞིག་བཅས་ཡོད་ལ། ཚུལ་འདི་ནི་མིའི་རིགས་འཕེལ་འགྱུར་གྱི་ལོ་རྒྱུས་དང་བསྟུན་ཏེ་བྱུང་ཞིང་། མི་རིགས་སོ་སོའི་ཐུན་མོང་མིན་པའི་ཆ་ཡོད་ཀྱང་ཆེ་ཕྱོགས་ནས་མཛེས་དཔྱོད་ཚད་གཞི་གྲུབ་པའི་རྒྱུ་ཐུན་མོང་ཅན་ཞིག་ཡིན་ནོ།  ། དེ་ཡང་སྐབས་འདིར་རི་མོའི་ཉམས་སྣང་ཐད་ཀྱི་དཔྱད་པ་རེ་ཞིག་བཞག་སྟེ། དོན་མཚོན་རྒྱུ་གཙོར་འཛིན་པའི་བོད་ཀྱི་རི་མོའི་བརྗོད་བྱའི་ཁྱབ་ཁོངས་དང་རིག་གནས་ཀྱི་རིན་ཐང་ལ་རགས་ཙམ་དཔྱད་པ་ལ། མཚོན་དོན་རྒྱ་ཆེ་ཞིང་རྣམ་པ་ཕུན་སུམ་ཚོགས་པོ་ཡོད་པ་སྟེ།  ཆབ་སྲིད་དང་ཆོས་ལུགས།  དམག་དོན། །  སྣོད་བཅུད།  ཀུན་སྤྱོད། དཔལ་འབྱོར། འཇིག་རྟེན་ལྟ་བ། རྒྱན་སྤྲོས། རྒྱལ་སྐྱོངས་སོགས་ཤེས་རིག་ལྡན་པའི་སྤྱི་ཚོགས་ཀུན་ལ་ཡོད་ངེས་པའི་ཆ་རྣམས་མ་ཚང་བ་མེད་ལ། ལྷག་པར་དུ་དོན་མཚོན་རིང་ལུགས་ཀྱི་ལམ་ནས་བལྟས་ཚེ་བོད་ཀྱི་རི་མོའི་བརྩམས་ཆོས་རྙིང་པ་དག་ནི་བོད་ཀྱི་རི་མོ་གོང་འཕེལ་དུ་འགྲོ་བའི་རྨང་གཞི་ཡིན་པ་མ་ཟད། བོད་ཀྱི་གདོད་མའི་སྒྱུ་རྩལ་གྱི་ལོ་རྒྱུས་ངོ་བོར་ཤེས་རྟོགས་དང་གདོད་མའི་རིག་གནས་སྣང་ཚུལ་ལ་ཞིབ་འཇུག་བྱེད་པར་དཔྱད་གཞིའི་རིན་ཐང་ཆེན་པོ་ལྡན་ཡོད། དེ་ཡང་བོད་ཀྱི་རིག་གནས་མ་ལག་ཧྲིལ་པོར་ཆོས་ལུགས་ཀྱི་ཤུགས་རྐྱེན་གཏིང་ཟབ་ཏུ་ཕྱིན་པར་བརྟེན་སྒྱུ་རྩལ་གྱི་རིན་ཐང་ཚད་གཞི་ལ་རྩ་བའི་ཆ་ནས་འགྱུར་ལྡོག་བྱུང་ཞིང་། འཛམ་གླིང་དུ་རིག་གནས་དར་སྔ་བའི་མི་རིགས་གཞན་དག་གི་སྒྱུ་རྩལ་དང་མི་འདྲ་བའི་ཁྱད་ཆོས་གཙོ་བོ་ཞིག་ཏུའང་གྱུར་ཡོད། ནུབ་ཕྱོགས་ཡོ་རོབ་ལ་མཚོན་ན་སྒྱུ་རྩལ་གྱི་བརྗོད་བྱ་དེ་སྤྱིའི་ཐད་ནས་མི་ཆོས་རིང་ལུགས་ནས་ལྷ་ཆོས་རིང་ལུགས་སུ་འཕེལ་འགྱུར་པའི་གོ་རིམ་ངེས་ཅན་ཞིག་བརྒྱུད་ཡོད་ཅིང་། རང་རྒྱལ་རྒྱ་མི་རིགས་ཀྱི་རི་མོའི་ལོ་རྒྱུས་ཀྱང་མི་ཆོས་རིང་ལུགས་ནས་ཆོས་ལུགས་བརྗོད་བྱ་དར་བའི་དུས་རིམ་ཞིག་བརྒྱུད་ཡོད་ལ། ཡང་བསྐྱར་མི་ཆོས་གཙོར་འཛིན་པའི་གོ་རིམ་ཡང་གོང་ལྟར་བྱུང་ཡོད། བོད་ཀྱི་རི་མོའི་འཕེལ་རིམ་ལ་ཕྱིར་དྲན་བྱས་ཚེ་གཡུང་དྲུང་བོན་གྱི་བསྟན་པ་རྒྱ་ཆེར་མ་དར་བའི་གོང་གི་གདོད་མའི་དུས་ཀྱི་བརྗོད་བྱ་ལ་རྡོ་ཆས་གསར་རྙིང་དུས་ཀྱི་ཁྱད་ཆོས་ལྡན་པས་འཛམ་གླིང་སྤྱི་ཡོངས་ཀྱི་རི་མོའི་འཕེལ་རིམ་དང་ཁྱད་པར་ཆེན་པོ་མི་སྣང་བ་མ་ཟད། བརྗོད་བྱའི་ཁྱབ་ཁོངས་ཀྱང་ཧ་ཅང་རྒྱ་ཆེ་བ་རེད། ཆོས་ལུགས་རྒྱ་ཆེར་དར་བ་དང་བསྟུན་ཏེ་རི་མོ་ཡང་རིག་གནས་སྣང་ཚུལ་གཞན་དག་དང་མཚུངས་པར་ནང་དོན་གྱི་ཆ་ནས་ཆོས་ལུགས་ཀྱི་ལྟ་གོམ་སྤྱོད་གསུམ་དང་འབྲེལ་བའི་རྣམ་པ་ཅན་དུ་གྱུར་པས་བོད་ཀྱི་རི་མོ་གསར་རྩོམ་གྱི་ལམ་ཆེན་དུ་སྐྱོད་པར་འགོག་རྐྱེན་ཆེན་པོ་ཆགས་ཡོད། ཉེ་ལམ་ལྷའི་སྐུ་བརྙན་མ་ཡིན་པའི་རི་མོའི་བརྩམས་ཆོས་རྣམས་རྒྱན་རིས་ཀྱི་ཁོངས་སུ་བགྲང་པའི་མ་དག་རྒྱུན་འབྱམས་ཀྱི་སྣང་ཚུལ་ཞིག་བོད་ཡོངས་ལ་ཁྱབ་འདུག་པས། སྣང་ཚུལ་འདིས་བོད་ཀྱི་དོན་ཚོན་རི་མོའི་བརྩས་ཆོས་རྙིང་པ་ཁག་གི་གཏིང་ཟབ་པའི་བརྗོད་བྱ་བསྒྲིབས་ཤིང་སྒྱུ་རྩལ་ཞིབ་འཇུག་དང་གསར་རྩོམ་ཐད་ཤུགས་རྐྱེན་ངན་པ་ཐེབས་ཡོད་པ་རེད། གནས་ཚུལ་དེ་དག་ལ་དམིགས་ཏེ་རྩོམ་ཐུང་འདིར་ཁོ་བོས་སྒྱུ་རྩལ་ལོ་རྒྱུས་རིག་པ་དང་མཛེས་དཔྱོད་རིག་པ་སོགས་ཀྱི་ཐབས་སྤྱད་དེ་བོད་ཀྱི་དོན་མཚོན་རི་མོའི་བརྗོད་བྱ་ལ་མི་ཆོས་རིང་ལུགས་ཀྱི་དབྱེ་ཞིབ་བྱེད་པ་ལ་ཕན་སྙམ་གྱི་དམིགས་འདུན་གསུམ་ཡོད་པ་སྟེ། བོད་ཀྱི་རི་མོར་མཚར་འཛིན་གྱི་བློ་ཙམ་ལས་དག་པར་མ་གོ་བ་རྣམས་ཀྱི་རྣམ་རྟོག་སེལ་ཐུབ་ན་སྙམ་པ་དང་གཅིག་ཆོས་གཞུང་གི་འབྲེལ་སྟངས་ཉིད་ལ་གོམས་པ་རྣམས་ལ་བྲོ་བ་གསར་པ་ཞིག་འདྲེན་ཐུབ་ན་སྙམ་པ་དང་གཉིས། བོད་ཀྱི་རི་མོ་འཛིན་སྐྱོང་སྤེལ་གསུམ་ལ་འཇུག་མཁན་གསར་སློབ་ཚོར་རི་མོ་གསར་རྩོམ་ཐད་སྐུལ་ཤུགས་ཕྲན་ཙམ་འདོན་ཐུབ་ན་སྙམ་པ་བཅས་ཀྱི་ཀུན་སློང་གཙང་མས་དཔྱོད་ཤེས་ཚོར་གྲོས་སུ་འདེབས་སོ།  ། 
          3. བོད་ཀྱི་དོན་མཚོན་རི་མོའི་བརྗོད་བྱའི་ཁྱད་ཆོས།
          བོད་ཀྱི་རི་མོ་ནི་བོད་ཡུལ་རང་ནས་བྱུང་བའི་སྲོལ་རྒྱུན་རི་མོའི་རྨང་གཞིའི་སྟེང་རིགས་གཞན་གྱི་ས་ནས་དར་བའི་རི་མོ་སྒྱུ་རྩལ་གྱི་ལེགས་ཆ་རྣམས་བསྡུས་ཤིང་བོད་ཀྱི་རིག་གནས་འདུ་ཤེས་དང་མཐུན་འདྲེས་བྱུང་བའི་རི་མོའི་རྣམ་པ་ཞིག་སྟེ། དེ་ནི་བོད་ཀྱི་རི་མོ་འཕེལ་འགྱུར་ལོ་རྒྱུས་ལས་བྱུང་བའི་འབྲས་བུ་ཞིག་དང་དེང་གི་ཆ་ལ་བོད་མི་རིགས་ཀྱི་ཐུན་མིན་ཆོས་ལྡན་པའི་རི་མོའི་རྣམ་པ་གཙོ་བོར་གྱུར་ཅིང་འཛམ་གླིང་ཤར་ཕྱོགས་སྒྱུ་རྩལ་འགྲུབ་པའི་གྲུབ་ཆ་གཙོ་བོ་གཅིག་ཏུའང་གྱུར་པ་རེད། ད་ལྟའི་སྒྱུ་རྩལ་དབྱེ་ཞིབ་རིག་པའི་ལམ་ནས་བལྟས་ཚེ། གདོད་མའི་དུས་ཀྱི་བྲག་ལྡེབས་རི་མོ་ལ་ཡང་དོན་མཚོན་རིང་ལུགས་ཀྱི་ནང་དོན་ལྡན་ཡོད་མོད། གདོད་མའི་དུས་ཀྱི་དོན་མཚོན་རིང་ལུགས་ཀྱི་སྣང་ཚུལ་དང་དེང་གི་དོན་མཚོན་རིང་ལུགས་ཀྱི་བརྗོད་བྱ་གཉིས་ལ་རྩ་བའི་ཁྱད་པར་ཡོད་པ་ནི་སྒྱུ་རྩལ་གྱིས་དུས་རབས་མཚོན་གྱི་ཡོད་པའི་དབང་གིས་ཡིན་ཡང་། བརྗོད་བྱའི་བཀོད་པ་བྱེད་སྟངས་ལ་ཐུན་མོང་གི་ཁྱད་ཆོས་ཤིག་ལྡན་པ་ནི་དོན་མཚོན་རྒྱུ་གཙོར་འཛིན་པ་དེ་ཡིན་ལ་སྣང་ཚུལ་འདི་ནི་བོད་ཀྱི་རིག་གནས་འདུ་ཤེས་དང་འབྲེལ་བ་ཤིན་ཏུ་དམ་པ་ཞིག་ཀྱང་རེད།  《བོད་ཀྱི་གདོད་མའི་དུས་ཀྱི་སྒྱུ་རྩལ》ཞེས་པ་ལས། “གནའ་བོའི་བོད་ཀྱི་སྔ་མོའི་དུས་ཀྱི་སྒྱུ་རྩལ་རིགས་དང་ཤེས་རིག་གཞན་གྱི་སྔ་མོའི་སྒྱུ་རྩལ་རིགས་གཉིས་བསྡུར་ཏེ་བལྟས་ཚེ། བོད་ཀྱི་སྒྱུ་རྩལ་ལ་མང་ཚོགས་ཅན་དང་སྤྱི་སྟངས་ཅན། བསམ་ཕྱོགས་ཅན་བཅས་གདོད་མའི་སྒྱུ་རྩལ་གྱི་དུས་རིམ་ཁྱད་ཆོས་ལྷག་པར་གསལ་ལ། སྒྱུ་རྩལ་གྱི་ནང་དོན་ཐད་ནས་དུས་སྐབས་དེའི་མཐོ་སྒང་མི་རིགས་ཀྱི་མཛེས་དཔྱོད་དགའ་ཕྱོགས་དང་མི་རིགས་གཤིས་རྒྱུད། བསམ་བློའི་ཁྱེར་ཕྱོགས་དང་འཚོ་བའི་གོམས་སྲོལ་སོགས་མངོན་གྱི་འདུག་”ཅེས་བསྟན་ཡོད། དེས་ན་བོད་ཀྱི་དོན་མཚོན་རི་མོའི་བརྩམས་ཆོས་སྔ་གྲས་དག་གི་བརྗོད་བྱ་ཡང་གོང་གི་ནང་དོན་དེ་དག་དང་འགལ་མི་སྲིད་པ་ནི་རིག་པས་གྲུབ་ལ། ལོ་རྒྱུས་སྟེང་བོད་རིགས་ནི་གབ་ཚིག་དང་དཔེ་མཚོན་འགོད་པ་ལ་དགའ་བའི་མི་རིགས་ཤིག་ཡིན་པར་མཐོང་སྟེ། བོད་ཀྱི་སྐད་ཆའི་ནང་གཏམ་དཔེ་མང་ཞིང་འཚོ་བའི་ཁྲོད་རྒྱན་རིས་མང་བ་དག་གིས་མཚོན་ནུས་པ་ཡིན། དེ་ཡང་བོད་ཀྱི་དོན་མཚོན་རི་མོའི་བརྩམས་ཆོས་ཁྲོད་བརྗོད་བྱ་གང་ཞིག་གསལ་སྟོན་ཡོང་ཆེད་བསྡུས་བརྗོད་དང་རབ་བཏགས། རྟོག་པ་འཆར་ཡན་བཅས་ཀྱི་མཚོན་ཐབས་སྤྱད་དེ་མཚོན་པར་བྱས་ཡོད་པ་ནི་སྒྱུ་རྩལ་གསར་རྩོམ་ཁོ་ནའི་བྱེད་ཐབས་ཤིག་མ་ཡིན་པར། བོད་ཀྱི་རིག་གནས་སྲོལ་རྒྱུན་དང་འབྲེལ་བ་དམ་པོ་ཡོད་པ་ཞིག་རེད། དེ་ཡང་དོན་མཚོན་རི་མོའི་བརྩམས་ཆོས་ཁྲོད་དུ་མི་སྣའི་གནས་ས་གཅིག་ཀྱང་དབང་ཐང་ཆེ་ཆུང་གི་དབང་གིས་གཟུགས་བོངས་ཆེ་ཆུང་སྣ་ཚོགས་སུ་བཀོད་པ་དང་། ཉི་ཟླ་གདན་དུ་གཏོང་བ། མི་རི་ལས་ཆེ་བ་དང་མི་མཁའ་ལ་འཕུར་བ་སོགས་རབ་བཏགས་ཉམས་ཅན་གྱིས་མཚོན་ཚུལ་ཧ་ཅང་མང་ལ། འབར་བཞིན་པའི་མེ་རིས་ཤེས་རབ་མཚོན་པ་དང་སྤྱན་མིག་གསུམ་པས་ཡེ་ཤེས་མཚོན་པ། ཉི་ཟླས་ཐབས་ཤེས་མཚོན་པ་དང་གཡུང་དྲུང་གིས་འགུལ་སྐྱོད་ནི་རྟག་བརྟན་མི་འགྱུར་བ་མཚོན་པ་སོགས་བརྗོད་ཀྱིས་མི་ལོངས་པ་མ་ཟད། དེ་དག་ལ་དུས་རབས་སོ་སོའི་ཁྱད་ཆོས་མི་འདྲ་བ་ལྡན་ཡོད། ཁ་དོག་རིགས་ཀྱི་དོན་མཚོན་ཁྱད་ཆོས་ཀྱང་ཧ་ཅང་ཕུན་སུམ་ཚོགས་པ་སྟེ། 《བཟོ་གནས་སྐྲ་རྩེའི་ཆུ་ཐིག》ལས་“དང་པོ་ཚོན་གྱི་ཕ་མ་བུ་ཚ་སོགས་ནི། ལི་མཐིང་སྤང་མཚལ་སྐག་བ་བླ།  ། རམས་བཅས་ཕ་བདུན་ཀ་རག་མ། །  ”ཞེས་དང་། “དེ་གཉིས་རེ་སྡེབ་སྦྱོར་བྱས་པ་ལས་བྱུང་བའི་ཚོན་གྱི་ཡན་ལག་ཐམས་ཅད་ནི་ཚོན་གྱི་བུ་ཚ་ཡིན་ནོ། ། ” ཞེས་འབྱུང་ལ། 《ལག་ལེན་ཞུན་ཐིག》ཏུའང་དགྲ་གྲོགས་དང་རྒྱལ་བློན་གཡོག་འཁོར་སོགས་དཔེ་མཚོན་ཧ་ཅང་མང་བ་མ་ཟད། ཚོན་གྱི་ཚུར་སྣང་གིས་རིག་གནས་སྣང་ཚུལ་གྱི་བརྗོད་བྱ་མང་པོ་སྟོན་གྱི་ཡོད་ལ། རིག་གནས་མི་འདྲ་བ་ལས་མཚོན་དོན་ཀྱང་མི་འདྲ་བ་འབྱུང་གི་ཡོད་པ་ནི་《ལག་ལེན་ཞུན་ཐིག》ལས་“མི་ རིགས་མི་འདྲ་བ་དང་རིག་གནས་མི་འདྲ་བར་མཚོན་བྱེད་དང་ཚོར་སྣང་གི་རང་བཞིན་རྦད་དེ་གཅིག་གྱུར་ཡིན་པའི་ངེས་པ་མེད་”ཅེས་བསྟན་ཡོད། བསྡུས་བརྗོད་དང་གབ་ཚིག་ཉམས་ཅན་ལའང་《རླུང་རྟ་》དང་ 《སྡོམ་བརྩོན་དམ་པ》སོགས་ལྟ་བུའི་དོན་མཚོན་རིང་ལུགས་ཀྱི་སྣང་ཚུལ་ཤུགས་ཆེར་གནས་ཡོད་པ་སྟེ། དེ་ཡང་《འཛམ་གླིང་ཆོས་ལུགས་ཆེན་པོ་གསུམ་དང་སྒྱུ་རྩལ་》ཞེས་པ་ལས་“རིག་གནས་ལོ་རྒྱུས་ཀྱི་ལམ་ནས་བལྟས་ཚེ། སྒྱུ་རྩལ་ནི་མི་རིགས་སོ་སོའི་རིག་གནས་སེམས་ཁམས་གཟུགས་ཅན་དུ་མངོན་པ་ཡིན་པའི་དབང་གིས། དེར་མི་རིགས་དེའི་ཐུན་མོང་མ་ཡིན་པའི་འཇིག་རྟེན་ལྟ་བ་དང་རིན་ཐང་ཚད་གཞི་མཛེས་དཔྱོད་ལྟ་སྟངས་བཅས་འདུས་ཡོད་”ཅེས་འབྱུང་། དེ་འདྲ་ཡིན་དུས་བོད་ཀྱི་རི་མོའི་དོན་མཚོན་རིང་ལུགས་ཀྱི་བརྗོད་བྱའི་ཁྱད་ཆོས་དང་ལོ་རྒྱུས་རྒྱབ་ལྗོངས་ཟུང་འབྲེལ་བྱས་ཚེ་བོད་ཀྱི་སྤྱི་ཚོགས་འཕེལ་རིམ་ཧྲིལ་པོ་དང་ཁྱད་པར་དུ་གནའ་བོའི་ལོ་རྒྱུས་ལ་ཤེས་རྟོགས་བྱེད་པར་ཕན་ནུས་འདོན་ཐུབ་ངེས་ཡིན། དེ་ཡང་བོད་ལ་ཆོས་ལུགས་རྒྱ་ཆེར་དར་བ་དང་བསྟུན་ནས་རི་མོ་སྒྱུ་་བརྩམས་ཆོས་ཆེས་མང་བའི་ས་ཆ་ཞིག་ཏུ་གྱུར་པ་རེད། ལོ་ངོ་སྟོང་ཕྲག་གསུམ་ལྷག་གི་ཆོས་ལུགས་ལོ་རྒྱུས་ལ་ཕྱིར་དྲན་བྱས་ཚེ་ཆོས་ལུགས་དེ་སྲིད་སྐྱོང་བའི་ལག་ཆ་ཞིག་ནས་རིམ་གྱིས་ཆོས་སྲིད་ཟུང་འབྲེལ་ཅན་དུ་གྱུར་ཅིང་། དེ་ཡང་རིམ་བཞིན་གྲུབ་མཐའི་བར་གྱི་ལ་རྒྱ་དེ་མི་རིགས་ཧྲིལ་པོའི་མདུན་ལམ་ལས་ཀྱང་གལ་ཆེ་བ་ལྟར་གྱུར་པས། རི་མོའི་བརྩམས་ཆོས་ཀྱི་བརྗོད་བྱ་ལའང་རང་རང་གི་གྲུབ་མཐར་མཐུན་པའི་འགྲེལ་སྣ་ཚོགས་བཀོད་དེ་མ་གཞིར་ཆོས་ལུགས་ཀྱི་དྲི་ཙམ་མེད་པའི་བརྩམས་ཆོས་མང་པོ་ཞིག་ཆོས་ལུགས་ཀྱི་དགོངས་དོན་ཅན་དུ་བསྒྱུར་ཅིང་། ཁ་ཅིག་གིས་བོད་ལ་མི་ཆོས་རིང་ལུགས་ཀྱི་རི་མོ་མེད་པར་འདོད་པའི་རྒྱུ་རྐྱེན་གཅིག་འདི་ནས་བྱུང་བ་རེད། 
          གཉིས་པ།  དོན་མཚོན་རི་མོའི་བརྩམས་ཆོས་འགའི་བརྗོད་བྱ་དབྱེ་ཞིབ། 
          1.འཇིག་རྟེན་ལྟ་བ་བརྗོད་བྱར་འཛིན་པའི་《རླུང་རྟ་》དེ་ཡང་འཛམ་གླིང་སྟེང་གི་མི་རིགས་གང་ཞིག་ཡིན་ཀྱང་། ཡུལ་དུས་གནས་སྟངས་ཀྱི་དབང་གིས་རང་རང་ཐུན་མོང་མ་ཡིན་པའི་ཚན་རིག་ལྟ་བ་རེའང་ཡོད་པ་ཡིན། བོད་མི་རིགས་ལ་མཚོན་ན་རྡོ་ཆས་དུས་རབས་ནས་བཟུང་ཤེས་རིག་གི་ཡལ་འདབ་རྒྱས་འགོ་བརྩམས་པ་ནི་བོད་ཡུལ་གྱི་ས་གནས་མང་པོ་ནས་རྙེད་པའི་དངོས་པོ་རྣམས་ནི་མ་གཞི་ནས་མཛེས་རྩལ་གྱི་ཐོན་དངོས་ཡིན་ལ། ལྷག་པར་དུ་དེ་དག་རི་མོའི་རིགས་ནི་སྐབས་དེའི་ལོ་རྒྱུས་དངོས་ལ་ཤེས་རྟོགས་བྱེད་པའི་བརྡ་རྟགས་གལ་ཆེན་འབའ་ཞིག་ཡིན། 
          《བོད་ཀྱི་གནས་བཤད་》ལས་“གནའ་དཔྱོད་རིག་པའི་དཔྱད་གཞི་ལས་བདེན་དཔང་བྱུང་བར། ལོ་ངོ་ཁྲི་ཕྲག་དུ་མའི་གོང་རོལ་གྱི་རྡོ་ཆས་རྙིང་མའི་མཇུག་ཙམ་ན་ནུབ་བོད་མཐོ་སྒང་དུ་མིའི་རིགས་འགུལ་སྐྱོད་བྱེད་ཀྱི་ཡོད་པ་དེས་བོད་ཀྱི་ལོ་རྒྱུས་ཀྱི་དབུ་བརྩམས་པ་རེད། ”ཅེས་འཁོད་ཡོད་ལ། ལྕགས་རིགས་སྤྱོད་པའི་དུས་རབས་ལ་ངོས་འཛིན་པའི་མངའ་རིས་རུ་ཐོག་གི་བྲག་ལྡེབས་རི་མོའི་ཁྲོད་སྟག་དང་ཁྱུང་སོགས་སེམས་ཅན་གྱི་གཟུགས་རིས་མཐོང་རྒྱུ་ཡོད་པ་མ་ཟད། ཉི་ཟླ་སྐར་གསུམ་དང་གཡུང་དྲུང་གི་རི་མོ་སོགས་ཀྱང་འབྱུང་ལ། མི་རྣམས་ཀྱི་ཚོགས་པའི་བྱ་འགུལ་མཚོན་པ་ནི་ཧ་ཅང་མང་ངོ་།  ། དེས་ན་ལོ་ངོ་སྟོང་ནས་ཁྲི་གཅིག་ཡར་སྔོན་གྱི་རྡོ་ཆས་གསར་མའི་དུས་ཙམ་ན་བོད་རྣམས་ཀྱི་རི་མོའི་མཚོན་རྩལ་ཚད་ངེས་ཅན་ཞིག་ཏུ་སླེབས་ཡོད་པ་ནི་རིག་པས་དཔྱད་ན་ཤེས་སོ།  ། (རླུང་རྟ་》ཞེས་པའི་བརྩམས་ཆོས་འདིའི་ངོ་གཞི་ཙམ་གྱི་རིགས་ལ་དབྱེ་ཚེ་རྡོ་ཆས་གསར་མའི་དུས་ཀྱི་བྲག་ལྡེབས་རི་མོའི་རིགས་དང་འདྲ་ས་མང་ཞིང་། བརྩམས་ཆོས་འདིའི་བརྗོད་དོན་ཐད་ས་ཆུ་མེ་རླུང་ནམ་མཁའ་སྟེ་འབྱུང་བ་ལྔའི་མཚོན་བྱ་སྲོག་ཆགས་ལྔའི་གཟུགས་སུ་བཀོད་པ་ནི་རླུང་རྟའི་སྐོར་གྱི་བཤད་སྟངས་རྣམས་ཁ་མཐུན།  དེ་ཡང་ 《སྒྱུ་རྩལ་དང་ཆོས་ལུགས་》ལས། “སྤྱི་ཚོགས་ཀྱི་སྣང་ ཚུལ་ག་འདྲ་ཞིག་ཡིན་ཀྱང་དེ་ནི་སྤྱི་ཚོགས་ཀྱི་དགོས་མཁོ་ངེས་ཅན་ཞིག་གི་རྨང་གཞིའི་སྟེང་བྱུང་བ་ཡིན་”ཞེས་པ་བཞིན། བོད་རྣམས་སྔ་མོའི་དུས་ཀྱི་བསམ་བློའི་འགུལ་སྐྱོད་རྣམས་རི་མོའི་ལམ་ནས་མཚོན་པ་ནི་ལུགས་དང་མཐུན་པ་ཞིག་རེད་ལ་སྣང་ཚུལ་འདི་ནི་མི་རིགས་གང་ཞིག་ཡིན་ཀྱང་ཡི་གེ་མ་བྱུང་གོང་གི་སྤྱི་ཚོགས་སུ་འབྱུང་སྲིད་པ་ཡིན། དེས་ན་རླུང་རྟའི་ནང་དོན་ནི་གདོད་མའི་བོད་ཀྱི་མེས་པོ་རྣམས་ཀྱིས་འཇིག་རྟེན་གྱི་གྲུབ་ལུགས་ལ་ངོས་འཛིན་བྱས་པའི་རིག་པ་རི་མོའི་ལམ་ནས་མཚོན་པ་ཞིག་སྟེ། རང་རེའི་མེས་པོ་རྣམས་ཀྱི་རང་བྱུང་གི་སྣང་ཚུལ་མི་མངོན་པའི་བྱེད་པོ་ཡོད་པར་འཛིན་པ་ནས་འཇིག་རྟེན་རྫས་ཀྱིས་གྲུབ་པར་ངོ་ཤེས་པའི་བར་གྱི་བརྒྱུད་རིམ་ནི་དུས་ཡུན་ཧ་ཅང་རིང་པོ་ཞིག་དང་འཇིག་རྟེན་ལྟ་ཚུལ་ཐད་ཀྱི་གྲུབ་འབྲས་རླབས་པོ་ཆེ་ཞིག་རེད། ལྟ་བ་འདི་གཅིག་གྱུར་མ་བྱུང་གོང་དུ་བོད་ཀྱི་མེས་པོ་རྣམས་འཇིག་རྟེན་ཁམས་སྤྱི་དང་འགྲོ་བ་མིའི་རིགས་རང་ཉིད་བཅས་ལ་ངོས་འཛིན་བྱེད་རིམ་མང་པོ་ཞིག་བརྒྱུད་ཡོད་པ་ནི་སྨྲ་མི་དགོས་པ་ཞིག་རེད།  དེ་ཡང་《ཞང་བོད་ལོ་རྒྱུས་ཏི་སིའི་འོད་》 “ཆེས་རྙིང་མའི་རི་མོ་དེ་ཚོ་ནི་ཡ་ཐོག་གི་མི་རྒྱུད་ཚོས་སྐྱེས་བུ་དང་དེ་འབྲེལ་གྱི་དངོས་པོ་རྣམས་ལ་རང་བཞིན་གྱི་ནུས་ཤུགས་ཇི་ལྟར་ཡོད་པའི་བརྡ་མཚོན་དུ་རི་མོ་དེ་རིགས་བཀོད་པ་ཞིག་ཡིན་པའང་ཤིན་ཏུ་ནས་ཀྱང་སྲིད་པ་ཡིན། ”ཞེས་འབྱུང་ལ།  《སྒྱུ་རྩལ་སྣང་ཚུལ་གྱི་བརྡ་མཚོན་》ཞེས་པ་ལས། “མིའི་རིགས་ཀྱི་གདོད་མའི་དུས་ཀྱི་རི་མོའི་འཕེལ་རིམ་ནི་བྱིས་པས་རི་མོ་འབྲི་བའི་གོ་རིམ་གསུམ་དང་ཆ་འདྲ་བར་བཤད་པ་སྟེ་མཚོན་དོན་ཅི་ཡང་མེད་པར་གང་བྱུང་དུ་འབྲི་བ་དང་དོན་མཚོན་པ་གཙོར་བྱེད་པ། དངོས་མཚོན་ལ་འཇུག་པ་བཅས་ཀྱི་གོ་རིམ་ཞིག་བརྒྱུད་ཡོད་”པར་འདོད། དེ་ལྟར་ན་《རླུང་རྟ》ནི་དུས་རིམ་བར་མ་དེའི་རིགས་སུ་གཏོགས་པས། རྡོ་ཆས་གསར་མའི་འགོ་དང་ཡང་ན་རྡོ་ཆས་རྙིང་མའི་མཇུག་ཙམ་གྱི་བགྲང་བྱ་སྟོང་ཕྲག་དུ་མའི་ནང་བོད་ཀྱི་མེས་པོ་རྣམས་ཀྱིས་ས་གཞིའི་ངོས་དང་བྲག་རིའི་ལྡེབས། འཚོ་བའི་ཉེར་སྤྱད་སོགས་ཀྱི་སྟེང་དུ་རིས་དབྱིབས་སྟབས་བདེ་སྣ་ཚོགས་བཀོད་པ་ནས་རིམ་བཞིན་གོང་འཕེལ་བྱུང་ཞིང་། རྡོ་ཆས་གསར་མའི་དཀྱིལ་ཙམ་ན་བརྗོད་བྱ་དང་མཚོན་རྩལ་གང་ཅིའི་ཐད་ཕུན་སུམ་ཚོགས་སུ་ཕྱིན་ཡོད་པ་ནི་གནའ་རྫས་དེ་དག་གི་དབྱིབས་རྣམ་ཁ་དོག་སོགས་ལས་ཤེས་ཐུབ་ལ། བོད་ཀྱི་དམངས་ཁྲོད་དུ་གྲགས་ཆེ་བའི་ངག་རྒྱུན་དང་ 《སྲིད་པ་ཆགས་གླུ》སོགས་ལས་ཀྱང་《རླུང་རྟ》ལས་བསྟན་པའི་ལྟ་བ་འདི་འཐུས་ཚང་དུ་མ་གྱུར་གོང་གི་དུས་ཡུན་རིང་པོའི་ནང་བོད་ཀྱི་མེས་པོ་རྣམས་འཇིག་རྟེན་ལ་ངོས་འཛིན་བྱེད་པའི་འཕེལ་རིམ་དང་། ཤེས་འདོད་ཀྱི་འདུན་པ་དྲག་པོ་དེ་མཐོང་ཐུབ། 《རླུང་རྟ》ལས་བསྟན་པའི་འཇིག་རྟེན་ཁམས་ནི་འབྱུང་ལྔས་གྲུབ་པར་འདོད་པའི་ལྟ་སྟངས་འདིས་རྗེས་སུ་གཡུང་དྲུང་བོན་གྱི་གཞུང་ལུགས་འཐུས་ཚང་དུ་འགྲུབ་པར་ནུས་པ་གལ་ཆེན་ཐོན་ཡོད་པའང་ཤེས་ཐུབ།  དེ་ཡང་《ཞང་བོད་གནའ་རབས་ལོ་རྒྱུས་ནོར་བུའི་མེ་ལོང་》ལས། བགྲང་བྱ་སུམ་སྟོང་བརྒྱད་བརྒྱ་བཞི་བཅུ་ཞེ་ལྔའི་གོང་ཙམ་ན་སྟོན་པ་གཤེན་རབ་མི་བོ་ཆེ་འཁྲུངས་ཤིང་གཡུང་དྲུང་བོན་གྱི་བསྟན་པའི་དབུ་བརྩམས་པར་བཤད། འདི་ནི་བོད་ཀྱི་ཤེས་རིག་ཚད་མཐོན་པོར་སླེབས་པའི་རྟགས་མཚན་ཞིག་ཡིན་ལ། བོད་མིའི་ཐུན་མོང་མ་ཡིན་པའི་འཇིག་རྟེན་ལ་ངོས་འཛིན་བྱེད་སྟངས་ཀྱི་ཚན་རིག་འཐུས་ཚང་དུ་གྲུབ་པའི་དུས་ཀྱང་རེད། 
          《བོད་ཀྱི་སློབ་གསོའི་མདུན་ལམ》ལས“གནའ་བོའི་བོན་ལུགས་ཀྱིས་གནའ་སྔ་མོའི་དུས་ཀྱི་རིག་གནས་ཕྱོགས་བསྒྲིགས་དང་དག་ཐེར་བྱས་ཏེ་འཐུས་ཚང་དུ་བསྒྱུར་བ་རེད། ”ཅེས་དང་། དགེ་རྒན་ཆེན་མོ་བསྟན་པ་རབ་བརྟན་གྱིས་“ལོ་རྒྱུས་རིང་ཤོས་དང་མི་རིགས་ཀྱི་བསམ་པའི་མཚོན་དོན་ཟབ་ཤོས། སྤྱོད་སྒོ་རྒྱ་ཆེ་ཤོསཡིན་པའི་དར་ལྕོག་གི་རླུང་རྟའི་རྒྱན་རིས་ལ་མཚོན་ན། དེ་ནི་གཡུང་དྲུང་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་ཁྲུངས་པ་དང་བོན་གྱི་བསྟན་པ་དར་བའི་རྗེས་སུ་རིམ་བཞིན་ཁྱབ་སྤེལ་དུ་སོང་ཞིང་། མ་མཐར་ཡང་ལོ་ངོ་སུམ་སྟོང་ལྷག་གི་ལོ་རྒྱུས་ལྡན་ཡོད། ”ཅེས《བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག་》(2001ལོའི་དེབ་དང་པོ་) ན་གསལ།  《བོད་ཀྱི་དམངས་སྲོལ་གཅེས་བཏུས་》ཞེས་པ་ལས་རླུང་རྟའི་རི་མོ་དེ་ནི་གཉའ་ཁྲི་བཙན་པོའིསྐབས་སུ་བོན་ཤེས་པ་ཅན་བཅུ་གཉིས་ལས་མགོན་ཤེས་ལྷ་བོན་གྱིས་སྲོལ་བཏོད་པར་ཁ་ཚོན་བཅད་འདུག་ལ། ཡང་རྩོམ་ཡིག་དེ་ཉིད་དུ་ཡར་འབྱུང་བའི་ནུས་ཤུགས་ཀྱི་མཚོན་བྱེད་སྲོག་ཆགས་ཀྱི་གཟུགས་སུ་བཀོད་པའི་ལུགས་འདི་ནི་ལོ་གྲངས་བཞི་སྟོང་གོང་གི་མི་ཚོའི་བསམ་ཕྱོགས་དང་ལྟ་ཕྱོགས་ཤིག་ཡིན་”ཞེས་བཤད་ཡོད། དེ་ལྟར་ན་བོད་རྒྱལ་ཐོག་མར་གྲགས་པའི་གཉའ་ཁྲི་བཙན་པོ་ནི《བོད་ཀྱི་ལོ་རྒྱུས་དོན་ཆེན་རེའུ་མིག》ལས་སྤྱི་ལོའི་སྔོན་གྱི་ལོ་126པར་ཁྲི་ལ་འཁོད། འགའ་ཞིག་ཏུ་སྤྱི་ལོའི་སྔོན་གྱི་414ལོ་ཡིན་ཟེར་བ་སོགས་བཤད་སྲོལ་མང་ཞེས་འབྱུང་བ་ལྟར་ན་ད་ལྟའི་བར་ལོ་ཉིས་སྟོང་བཞི་བརྒྱ་ཡས་མས་ལས་ཕྱིན་མེད་པས་ལོ་བཞི་སྟོང་གོང་ཞེས་པ་དང་འགལ་ལོ།  ། དེ་ཡང་《ཏི་སིའི་འོད་》ལས། “གནའ་བོའི་བོན་ལུགས་སུ་འབྱུང་བའི་ཁམས་ཀྱི་བྱེ་བྲག་སའི་མཚོན་རྟགས་སུ་སེང་གེ་དང་ཆུའི་མཚོན་རྟགས་སུ་འབྲུགམེའི་མཚོན་རྟགས་སུ་ཁྱུང་། རླུང་གི་མཚོན་རྟགས་སུ་སྟག་གི་གཟུགས་རྣམས་བཀོད་སྲོལ་བྱུང་ཞིང་། ཚུལ་དེ་དུས་རིམ་གོང་མ་ནས་བཟུང་བོན་ལུགས་ཀྱི་ཚོགས་འགའི་ཁོངས་སུ་ཆུད་ཅིང་། དུས་རིམ་བར་མ་དང་འོག་མའི་ནང་སྔར་རྒྱུན་མུ་མཐུད་ནས་དར་བ་མ་ཟད་བོད་མི་ཚོས་དེང་དུས་སུ་བེད་སྤྱོད་བྱེད་བཞིན་པའི་རླུང་རྟ་ཞེས་བྱ་བ་ཡིན། ”ཞེས་བསྟན་ཡོད། དེས་ན་གོང་གི་བཤད་ཚུལ་འདི་རྣམས་བསྡོམས་དེ་བལྟས་ཚེ་བརྩམས་ཆོས་འདི་བྱུང་སྟེ་མ་མཐར་ཡང་བགྲང་བྱ་བཞི་སྟོང་ཡས་མས་ཤིག་འདས་ཟིན་པས་བོད་ལུགས་དོན་མཚོན་རི་མོའི་བརྩམས་ཆོས་ཐོག་མའི་གྲས་ཡིན་པ་མ་ཟད། གདོད་མའི་དུས་ཀྱི་བོད་མིའི་འཇིག་རྟེན་ཤེས་རྟོགས་ཀྱི་ནུས་ཚུལ་དང་ཤེས་རིག་གི་སྣང་ཚུལ་ཧྲིལ་པོར་ཤེས་རྟོགས་བྱེད་པར་གཞལ་དུ་མེད་པའི་རིན་ཐང་ལྡན་པ་རེད། བརྩམས་ཆོས་འདིའི་མཚོན་དོན་ཐད་ནས་སེང་གེས་ས་མཚོན་ལ། འབྲུག་གིས་ཆུ་མཚོན། ཁྱུང་གིས་མེ་མཚོན། སྟག་གིས་རླུང་མཚོན། རྟས་ནམ་མཁའ་མཚོན་པ་སྟེ། རླུང་རྟའམ་ཀླུང་རྟ་ཞེས་པའི་ཐ་སྙད་བྱུང་སྟངས་དང་སེམས་ཅན་འདི་རྣམས་འབྱུང་བ་རེ་རེར་སྦྱོར་སྟངས་སོགས་ལ་མཁས་དབང་ནམ་མཁའི་ནོར་བུ་སོགས་ཀྱིས་མང་དུ་གསུངས་པས་འདིར་བསྐྱར་བཤད་བྱེད་དགོས་མེད་སྙམ། ཁྱུང་དང་གངས་སེང་སོགས་སེམས་ཅན་སྟོབས་ལྡན་དེ་དག་སྔ་མོའི་དུས་སུ་ཡོད་པར་གྲགས་མོད། དེང་དུས་སུ་མ་མཐོང་ཕྱིར་ན་མེད་པར་འདོད་མཁན་ཡང་མང་ངོ་།  ། གང་ལྟར་ངག་རྒྱུན་དང་དམངས་གླུ་ཆོས་ལུགས་ཀྱི་གཞུང་རྣམས་སུ་མང་དུ་འབྱུང་ངོ་། ། དེ་ཡང་ངག་རྒྱུན་དུ་“་དུག་སྦྲུལ་མགོ་ཡི་ནོར་བུ་དེ།  ། ལེན་ལ་ཁྱུང་གི་སྡེར་མོ་དགོས།  ། ”ཞེས་དང་“བྱ་རྒྱལ་ཁྱུང་གིས་གཤོག་པ་རྐྱང་ཚེ་ཉི་མའི་འོད་ཀྱང་སྒྲིབ་”འགྲོ་བ་སོགས་ཀྱི་ཤོད་སྲོལ་ཡོད་པ་མ་ཟད། འབྲུག་དང་གངས་སེང་གཉིས་ཀྱི་སྐོར་ལའང་ངག་རྒྱུན་དུ་“གངས་སེང་གཉིད་ལ་ཡུར་བའི་དུས་སུ་གཡུ་འབྲུག་གིས་ངར་སྐད་སྒྲོགས་པས། གངས་སེང་དཀར་མོ་ཤིན་ཏུ་ཁྲོས་ཏེ་མཆོངས་ཐེངས་གཅིག་གིས་གཡུ་འབྲུག་སྤྲིན་རིམ་ནས་ས་ལ་འཕེན་པར་བྱེད་དོ་”ཞེས་པའི་ཤོད་སྲོལ་ཀྱང་ཡོད། བཤད་ཚུལ་འདི་དག་གི་སྟེང་ནས་ཀྱང་སྔ་མོའི་དུས་སུ་མི་རྣམས་སྟག་སེང་ཁྱུང་འབྲུག་སོགས་སེམས་ཅན་སྟོབས་ལྡན་རྣམས་ལ་དགའ་མོས་བྱེད་སྲོལ་ཡོད་པ་ཤེས་ཐུབ། གཞན་དེང་དུས་སུ་གཏུམ་འབྲུག་ཞེས་འགྲོ་བ་མི་མ་བྱུང་གོང་གི་དུས་ཡུན་ཧ་ཅང་རིང་མོའི་ནང་འཇིག་རྟེན་ལ་དབང་བསྒྱུར་བར་གྲགས་པའི་སེམས་ཅན་ཆེན་པོ་དེའི་རིགས་སུ་འདབ་ཆགས་ཀྱི་མེས་པོ་”རུ་གྲགས་པའི་བྱ་ཆེན་པོ་ཞིག་ཡོད་ལ། དེར་འདབ་ཆགས་རིགས་ཀྱི་གཤོག་སྒྲོ་དང་མཇུག་སྒྲོ་ལྡན་ལ་ཤིན་ཏུ་རྣོ་བའི་སོ་དང་ལྟོ་འགྲོའི་རིགས་ཀྱི་སྡེར་མོ་ཡང་ཡོད་པ་སོགས་ཀྱི་ཆ་ནས། བྱ་དེ་ནི་གཏུམ་འབྲུག་ཆུང་བའི་རིགས་ལས་འཕེལ་འགྱུར་བྱུང་བ་ཞིག་ཡིན་པར་ངོས་འཛིན་པ་མ་ཟད། “གཏུམ་འབྲུག་གི་རིགས་རྣམས་ད་ལྟའི་དུས་སུའང་ཕལ་ཆེར་འདབ་ཆགས་ག་གེ་མོའི་རྣམ་པས་འཚོ་བཞིན་ཡོད་ངེས་ཡིན། ”ཞེས་《འཛམ་གླིང་ལོ་རྒྱུས་བསྡུས་གསལ་》དུ་བཤད་དོ།  ། དེ་ལྟར་ན་འདབ་ཆགས་ཀྱི་མེས་པོ་དེ་འཚོ་བའི་དུས་ནི་ལོ་ངོ་དུང་ཕྱུར་གཅིག་དང་ས་ཡ་ལྔའི་གོང་དུ་ཡིན་པར་བཤད་ལ་འཛམ་གླིང་ཁྱོན་དུ་དེའི་འགྱུར་རྡོ་དྲུག་ཙམ་རྙེད་སོན་བྱུང་ཡོད། 1994ལོ་དང་1996ལོ་བཅས་ལ་རང་རྒྱལ་ལེའོ་ཉིང་ཞིང་ཆེན་ནས་རྙེད་པའི་འདབ་ཆགས་ཀྱི་འགྱུར་རྡོ་ལའང་གོང་གི་བྱ་ཆེན་པོ་དེ་དང་གཞི་མཚུངས་པའི་ཁྱད་ཆོས་ཀྱང་ལྡན་པས་གོང་གི་གནས་ཚུལ་དེ་དང་ཟུར་གྱི་འབྲེལ་བ་ཞིག་ཡོད་ཀྱང་སྲིད་སྙམ་མོ།  །
          མདོར་ན། (1)འཇིག་རྟེན་གྱི་འབྱུང་ལྔའི་མཚོན་དོན་སེམས་ཅན་ལྔ་དག་གི་གཟུགས་སུ་བཀོད་དེ་བསྟན་པ་ནི་རང་ཅག་གི་མེས་པོ་གོང་མ་རྣམས་ཀྱིས་བགྲང་བྱ་སྟོང་ཕྲག་དུ་མའི་རིང་གི་སྤྱི་ཚོགས་ལག་ལེན་ཁྲོད་དུ་ཉམས་མྱོང་བསགས་པའི་འབྲས་བུ་ཞིག་སྟེ། སྔ་མོའི་དུས་སུ་འཇིག་རྟེན་གྱི་སྣང་ཚུལ་རྣམས་ལ་མི་མངོན་པའི་བྱེད་པོ་ཡོད་པར་འདོད་པ་ནས་རིམ་གྱིས་འདིར་སྣང་གི་དངོས་པོ་ཐམས་ཅད་རྫས་འདུས་པ་ལས་གྲུབ་པའི་ལྟ་ཚུལ་བྱུང་བ་ནི་དུས་ཡུན་ཐུང་ཐུང་ཙམ་ལ་གྲུབ་པ་ཞིག་མ་ཡིན་ནོ།  ། 
          (2)འདི་ནི་གདོད་མའི་དུས་ཀྱི་བོད་མི་རྣམས་ཀྱིས་འཇིག་རྟེན་ལ་ངོ་ཤེས་པའི་ཚན་རིག་གི་ལྟ་ཚུལ་ཡིན་ལ། ཁྱོན་ཡངས་པའི་མཐོ་སྒང་དུ་འཚོ་བའི་མེས་པོ་ཚོས་འཇིག་རྟེན་རྫས་གྲུབ་ལ་བསྟན་པའི་ཆེས་ཕུལ་ཏུ་བྱུང་བའི་ཚན་རིག་གི་ལམ་ཁ་ཐོག་མ་རེད། 
          (3)ལྟ་ཚུལ་འདི་རི་མོར་བཀོད་པ་ནི་གཡུང་དྲུང་བོན་བསྟན་མ་བྱུང་གོང་ཙམ་གྱི་དུས་ཤིག་ཅེས་ཀྱང་ཡིན་ངེས་ཤིང་གཤེན་བསྟན་རྒྱ་ཆེར་དར་བར་བསྟུན་ནས་ལྟ་ཚུལ་འདིར་གོང་འཕེལ་ཆེན་པོ་བྱུང་སྟེ་གསོ་བ་རིག་པ་དང་གནམ་རིག་སྐར་རྩིས་ཚད་མ་རིག་པ་སོགས་ཀྱི་རིག་གཞུང་འཐུས་ཚང་དུ་འགྲོ་བར་ཕན་ནུས་ཆེན་པོ་ཐོན་ཡོད་པ་མ་ཟད། བོད་ཀྱི་རིག་གནས་འདུ་ཤེས་འགྲུབ་པའི་རྩ་བའི་གཞུང་ལུགས་སུ་གྱུར་ཅིང་། གཤེན་བསྟན་རིག་གནས་རྒྱ་ཆེར་དར་བ་ཡང་ཚན་རིག་གི་ལྟ་བ་འདི་འདྲ་ཡོད་པའི་དབང་གིས་ཡིན་ལ། བོད་མིའི་འཇིག་རྟེན་ལྟ་བའི་ཐུན་མོང་དུ་གྱུར་པའི་རྨང་གཞི་ཡང་རིག་པ་འདིར་ཁ་བྲལ་ཐབས་མེད་པ་ཡིན། ལོ་ངོ་སྟོང་ཕྲག་དུ་མའི་ནང་བོད་ཀྱི་སྤྱི་ཚོགས་ལོ་རྒྱུས་ལ་འགྱུར་ལྡོག་ཅི་འདྲ་བྱུང་ཡང་ཤེས་རིག་གི་རྩ་བའི་འདུ་ཤེས་ལ་གྱུར་པའི་འབྱུང་ལྔའི་གོ་རྟོགས་སམ་འཇིག་རྟེན་ལྟ་བ་འདི་ད་ལྟའི་བར་གནས་ཡོད། ལར་གདོད་མའི་དུས་ཀྱི་《རླུང་རྟ་》ནི་ཤེས་རིག་རྒྱུད་སྤེལ་གྱི་ཆེད་དུ་གསར་གཏོད་བྱས་ཤིང་། ད་ལྟའི་《རླུང་རྟ་》ནི་སྲོལ་རྒྱུན་དར་སྤེལ་དང་སྨོན་འདུན་མཚོན་བྱེད་ཅིག་ཏུ་གྱུར་ཡོད་ཀྱང་། བརྗོད་བྱའི་ཁྱད་ཆོས་ལ་རྩ་བའི་ཆ་ནས་འགྱུར་ལྡོག་ཆེན་པོ་རང་མེད་དོ།  ། དེ་ཡང་སྣོད་བཅུད་གང་ཡང་འབྱུང་ལྔའི་འདུས་བྱས་སུ་གྲུབ་པས་ན་འབྱུང་བ་མཐུན་གནས་ཡོང་རྒྱུ་ནི་འཇིག་རྟེན་ཀུན་ལ་སྨན་པའི་རྒྱུ་གཙོ་བོ་དེ་ཡིན་ལ་འབྱུང་བ་འཁྲུག་པར་གྱུར་ཚེ་སྣོད་བཅུད་གང་ལའང་འཚེ་བ་ཆེན་པོ་ཡོང་ངེས་པའི་གནས་ལུགས་འདི་སྔ་མོ་ནས་རྟོགས་ཡོད་པའི་དབང་གིས་ད་གཟོད་བོད་མི་རྣམས་ལ་ཞི་བདེར་དགའ་བའི་གཤིས་ཀ་འདི་བྱུང་བ་རེད་དོ།  ། 
          2. དམག་དོན་བརྗོད་བྱར་འཛིན་པའི་《མི་མཐུན་གཡུལ་རྒྱལ་》 དེ་ཡང་དམག་འཁྲུག་ནི་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་འགྱུར་ལོ་རྒྱུས་ཁྲོད་ཀྱི་བརྗོད་བྱ་གལ་ཆེན་ཞིག་ཡིན་ལ། དེར་ལོ་རྒྱུས་ཡུན་རིང་ཞིང་འགྲོ་བ་མིའི་སྤྱི་ཚོགས་གོང་འཕེལ་ལ་བསམ་བློའི་ཆ་ནས་སྐུལ་ཤུགས་ཆེན་པོ་ཐོན་ཡོད། མི་རྣམས་ལག་ཆ་བེད་སྤྱོད་ཤེས་པ་ནས་ཐོན་སྐྱེད་ནུས་ཤུགས་རིམ་གྱིས་གོང་མཐོར་ཕྱིན་ཅིང་མཐར་གྲལ་རིམ་སྤྱི་ཚོགས་ཀྱི་རྣམ་པ་ཤར་བའི་བར། འཚོ་གནས་ཀྱི་ཆེད་དུ་དང་ཐོག་ལག་ཆ་སྤྱད་དེ་རི་དྭགས་རྔོན་པ་ནས་རིམ་གྱིས་མི་དང་མིའི་བར་འཐབ་རྩོད་བྱུང་བ་ནི་ལོ་རྒྱུས་ཀྱི་ཆོས་ཉིད་ཅིག་ཏུ་གྲུབ། སྤྱི་ལོའི་སྔོན་གྱི་བགྲང་བྱ2300ཙམ་ན་ཧོང་ཏེ་དང་(皇帝 )ཡན་ཏེ་(炎帝 )དམག་བརྒྱབ་པས་ཧོང་ཏེ་རྒྱལ་ཅིང་ཧྭ་ཤ་(华夏)མི་རིགས་གཅིག་གྱུར་བྱས་ཞེས་པའི་ཤོད་སྲོལ་དེས་རང་རྒྱལ་རྒྱ་མི་རིགས་ཀྱི་དམག་འཁྲུག་གི་ལོ་རྒྱུས་བསྟན་ཅིང་།  སྤྱི་ལོའི་སྔོན་གྱི་ལོ་1792ཙམ་ན་ད་ལྟའི་དབྱི་ལང་(伊朗) གི་རྒྱལ་ས་པ་ཀི་ཏའི་ལྷོར་གནས་པའི་པ་པེ་ལོན་ཏུ་རྒྱལ་རབས་དྲུག་པ་སྟེ་ཧན་མོ་ལ་པེ་(汉谟拉比)རྒྱལ་སར་བཀོད་ཅིང་འཛམ་གླིང་སྟེང་ཆེས་སྔ་བའི་ཁྲིམས་གཞུང་བཟོས་ཤིང་།  ཁྲིམས་གཞུང་དེའི་ཁྱད་ཆོས་གཙོ་བོ་ནི་ “དགྲ་ལ་དགྲ་ལན་རྩོད་དགོས་པའི་གནས་ལུགས་” བསྟན་པ་རེད། དེས་ན་རང་རེའི་བོད་ལའང་གཉའ་ཁྲི་བཙན་པོ་མ་བྱུང་གོང་གི་དུས་ཡུན་རིང་མོའི་ནང་རྒྱལ་ཕྲན་བཅུ་གཉིས་དང་སིལ་མ་བཞི་བཅུ་སོགས་རྒྱལ་རབས་མང་པོ་ཞིག་བྱུང་ཡོད་ལ། ལྷག་པར་དུ་དབང་མཛད་བཅུ་སོགས་ཀྱི་ལོ་རྒྱུས་སུ་མཚོན་ཆའི་རིགས་མང་པོ་ཐོན་ཡོད་པ་དང་། དབང་མཛད་རེ་རེའི་ཁྱད་ཆོས་ཀྱང་གཙོ་བོ་མཚོན་ཆ་དང་མཁར་གྱི་སྟེང་ནས་བརྗོད་ཀྱི་ཡོད་པས་བོད་ཀྱི་དམག་འཁྲུག་གི་ལོ་རྒྱུས་ཀྱང་གྲལ་རིམ་སྤྱི་ཚོགས་ཀྱི་སྟོད་ཙམ་དུ་ཁེལ་བ་ནི་རིག་པས་དཔྱད་ན་ཤེས་སོ།  ། བོད་ཀྱི་མེས་པོ་རྣམས་ཀྱིས་དུས་ཡུན་རིང་པོའི་དམག་འཁྲུག་གི་ཉམས་མྱོང་བསགས་པའི་འབྲས་བུར་《མི་མཐུན་གཡུལ་རྒྱལ་》ཞེས་པའི་བརྩམས་ཆོས་གྲགས་ཅན་འདི་ལྟ་བུ་བྱུང་བའང་ལུགས་དང་མཐུན་པ་ཞིག་རེད། གཞན་དུ་ན་ཡི་གེ་མ་བྱུང་གོང་དུ་མི་རྣམས་ཀྱིས་བསམ་ཚུལ་རྣམས་རི་མོར་བཅོལ་བ་འདི་ནི་འཛམ་གླིང་མི་རིགས་སྤྱིའི་ཁྱད་ཆོས་ཤིག་ཀྱང་རེད། དེ་ན་བརྩམས་ཆོས་འདིའང་《རླུང་རྟ་》དང་མཚུངས་པར་བོད་ཀྱི་དོན་མཚོན་རི་མོའི་བརྩམས་ཆོས་སྔ་གྲས་སུ་གཏོགས་པ་ཡིན་ལ། སྤྱི་ལོ་སྔོན་གྱི་དུས་རབས་དྲུག་པའི་མཇུག་ཙམ་དུ་བྱུང་བའི་རང་རྒྱལ་རྒྱ་རིགས་ཀྱི་《སོན་རྩིའི་དམག་གི་བསྟན་བཅོས་》ལས་ཧ་ཅང་གིས་བྱུང་སྔ་བ་ནི་སྨྲ་མི་དགོས་པ་ཞིག་རེད། ད་ལྟའི་ཚེ་ན་རིག་གནས་ཀྱི་སྣང་ཚུལ་གང་ཡང་ནང་བསྟན་ཆོས་ལུགས་ཀྱི་ལྟ་བའི་ལམ་ནས་འགྲེལ་བ་ནི་བོད་ཀྱི་རིག་གནས་ཁྱད་ཆོས་གཙོ་བོར་གྱུར་ཅིང་། དེས་མ་ཁྱབ་ས་མེད་པས་ཕྱིར་ན།  ཡོངས་གྲགས་སུ་《མི་མཐུན་གཡུལ་རྒྱལ་》ནི་དགྲ་གཤེད་ཏུ་གྱུར་པའི་སྲོག་ཆགས་རིགས་གཉིས་གཞི་གཅིག་ཏུ་སྡེབས་ནས་མི་མཐུན་པ་མཐུན་པར་བྱེད་པའི་མཚོན་རྟགས་ཤིག་ཏུ་བཤད་པ་དང་། ཡང་ཁ་ཅིག་གིས་སྔོན་ལྷ་དང་ལྷ་མ་ཡིན་འཐབ་པས་ལྷ་རྣམས་ཕམ་སྟེ་ལྷའི་རྒྱལ་པོས་སངས་རྒྱས་ལ་ཞུས་པས། སངས་རྒྱས་ཀྱིས་མི་མཐུན་གཡུལ་ལས་རྒྱལ་བའི་མཚན་མ་འདི་གསུངས་ཏེ་ལྷ་རྣམས་ཀྱིས་རྒྱལ་མཚན་གྱི་རྩེར་བཀོད་པས་གཡུལ་ལས་རྒྱལ་བར་བཤད། (བཤད་ཚུལ་འདི་བན་བོན་གཉིས་ཆ་མཐུན་)བཤད་སྟངས་འདི་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་ཞེས་པ་དེ་དང་ཆ་འདྲ་བ་ཙམ་ཡོད་ཀྱང་། སངས་རྒྱས་ཀྱི་ཕྱོགས་རིས་པའི་མཛད་པ་དེ་འདྲ་ནི་ཤིན་ཏུ་མི་འོས་པས་རྒྱུ་མཚན་ཡོད་པར་འཛིན་དཀའ་མོད། གང་ལྟར་རི་མོ་རང་སྟེང་ནས་བསྟན་པའི་འགལ་འདུའི་སྐོར་གྱི་བརྗོད་དོན་དང་མི་མཐུན་གཡུལ་ལས་རྒྱལ་བའི་མཚན་མ་ཞེས་ཡོངས་སུ་གྲགས་པའི་ཐ་སྙད་བཅས་ལ་བསམ་གཞིགས་བྱས་ཚེ་བརྩམས་ཆོས་འདི་བྱུང་སྟེ་ད་ལྟའི་བར་ལོ་རྒྱུས་ཀྱི་དུས་རིམ་ཧ་ཅང་མང་པོ་ཞིགབརྒྱུད་ཡོད་ཀྱང་རྩ་བའི་མཚོན་དོན་ལ་འགྱུར་བ་བྱུང་མེད་པར་འདོད། སྣང་ཚུལ་འདི་ནི་སྒྱུ་རྩལ་གྱི་ཐུན་མོང་མིན་པའི་ཁྱད་ཆོས་དང་ཡོངས་སུ་མཐུན་པ་ཞིག་སྟེ། ཆབ་སྲིད་ཀྱི་དབང་གིས་མི་ཡུལ་ལ་འཐབ་རྩོད་དྲག་པོ་ག་འདྲ་བྱུང་ཡང་ཕུལ་དུ་བྱུང་བའི་སྒྱུ་རྩལ་བརྩམས་ཆོས་རྣམས་ནམ་ཡང་མི་རྣམས་ཀྱི་འཚོ་བ་དང་མི་འབྲལ་ཏེ། བེད་སྤྱོད་བྱེད་མཁན་འགྱུར་ཡང་བརྩམས་ཆོས་ཀྱི་རྩ་བའི་ནུས་པ་ནི་འགྱུར་མི་སྲིད་པ་ཞིག་རེད།  དེས་ན་བརྩམས་ཆོས་འདི་《རླུང་རྟ་》ལས་ཅུང་ཕྱིས་སྲིད་ནའང་ཆེ་ཕྱོགས་ནས་གཞི་མཐུན་པའི་ཆ་ཡོད་དེ་གངས་སེང་དང་ཁྱུང་སོགས་གངས་ཅན་པ་རྣམས་ཀྱིས་དགའ་མོས་བྱེད་པའི་སྔ་མོའི་དུས་ཀྱི་སེམས་ཅན་སྟོབས་ལྡན་དེ་གགི་གཟུགས་སུ་བཀོད་དེ་“དམག་འཁྲུག་དུས་སྐབས་”ཀྱི་བསམ་བློ་མཚོན་པར་བྱས་ཡོད། དེ་ཡང་ཆོས་ལུགས་དར་བའི་དུས་སུ་སྐུ་གསུང་ཐུགས་རྟེན་རྩ་ཆེན་དུ་བརྩི་ཞིང་དམག་དོན་དར་བའི་དུས་སུ་མཁར་བཙན་པོ་དང་མཚོན་སྐྱེན་པོ་སོགས་རྩ་ཆེན་དུ་བརྩི་བ་བཞིན། དབང་མཛད་དག་གི་དུས་ཙམ་ན་མཚོན་ཆ་དང་མཁར་རྫོང་རྣམས་རྒྱལ་པོའི་ཁྱད་ཆོས་གཙོ་བོར་བརྩི་སྲོལ་བྱུང་བ་རེད་ལ། དུས་དེ་ཙམ་ན་དམག་དོན་ཐད་ཀྱི་རིག་པ་རྣམས་རྩ་ཆེན་དུ་བགྲང་བའང་ཆོས་ཉིད་དང་མཐུན་པ་ཞིག་རེད། དེས་མ་ཟད་རང་བྱུང་གི་སྣང་ཚུལ་རྣམས་དཔེར་འདྲེན་པར་དགའ་བ་ནི་བོད་རིགས་ཀྱི་མཚན་ཉིད་རིག་པའི་ཁྱད་ཆོས་དང་ཀུན་ནས་མཐུན་ཅིང་། ལྟ་བ་འདི་ད་ལྟའི་བར་བོད་རིགས་རྣལ་མ་དག་གི་རྒྱུ་ལ་འཇགས་ཡོད་པ་ནི་མང་དུ་ཞུ་མི་དགོས་པ་ཞིག་རེད། དེ་ཡང་ཆོས་ལུགས་ཀྱི་འགྲེལ་བཤད་ལྟར་“དགྲ་གཤེད་དུ་གྱུར་པའི་སྲོག་ཆགས་རིགས་གཉིས་གཞི་གཅིག་ཏུ་བསྡེབས་ཏེ་མི་མཐུན་པ་མཐུན་པར་བྱེད་པའི་མཚན་མ་”ཞེས་པ་དེས་རྩ་བའི་ཆ་ནས་བརྩམས་ཆོས་འདིའི་མཚོན་དོན་གསལ་པོར་བསྟན་ཡོད་ཅིང་། དེ་ཡང་འཇིག་རྟེན་ན་གྲགས་པ་བཞིན་ཉ་དང་སྲམ་དགྲ་ཟླ་དང་། ཆུ་སྲིན་དང་དུང་དགྲ་ཟླ། གངས་སེང་དང་ཁྱུང་དགྲ་ཟླ་སྟེ་ལས་ལ་བཀོད་པའི་དགྲ་ཟླ་གཉིས་ཕུང་པོ་གཅིག་ཏུ་བསྒྱུར་ཅིང་ཁེ་ཕན་མི་གཅིག་པའི་ཕྱོགས་གཉིས་ཁེ་ཕན་གཅིག་ཅན་དུ་བསྒྱུར་བ་འདི་ནི་རིག་ལམ་བླ་ན་མེད་པ་ཞིག་མ་ཡིན་ནམ། 《སོན་རྩིའི་དམག་གི་བསྟན་བཅོས་》ཟེར་བ་དེ་ནི་གཞན་ཕྱོགས་ལས་རྣམ་པར་རྒྱལ་བའི་རང་རྒྱལ་གཞན་ཕམ་གྱི་རིག་གཞུང་ཅིག་ཡིན་ལ།  《མི་མཐུན་གཡུལ་རྒྱལ་》གྱིས་མིའི་རིགས་ཀྱི་འཐབ་རྩོད་ཀྱི་སྲོག་རྩ་ལ་བསམ་གཞིགས་བྱས་ཤིང་། མི་མཐུན་པ་ཐམས་ཅད་མཐུན་པར་བྱེད་པའི་མཐའ་མཇུག་གི་དམིགས་ཡུལ་དེ་བསྟན་པར་མ་ཟད། ཧ་ཅང་ཁ་གསལ་བའི་རི་མོའི་ཐབས་ལ་བརྟེན་དེ་བསྟན་ཡོད་པས། རྩ་བའི་ཆ་ནས་གོང་དུ་གླེང་ཟིན་པའི་བོད་མིའི་འཇིག་རྟེན་ལྟ་བ་དང་ཡང་ཁ་འབྲལ་ཐབས་མེད་པ་ཞིག་རེད་ལ་རྗེས་སུ་བོད་ཀྱི་བཙན་པོའི་རྒྱལ་རབས་གཅིག་གྱུར་ཡོང་བའི་བསམ་བློའི་རྨང་གཞི་ཞིག་ཀྱང་རེད་སྙམ། དེའི་དབང་གིས་བརྩམས་ཆོས་འདི་རྒྱལ་མཚན་གྱི་རྩེར་བཀོད་པའི་བྱེད་སྟངས་འདི་ནི་བརྩམས་ཆོས་ཀྱི་རྗོད་བྱེད་དང་འཚམས་པའི་མངོན་སྟངས་ཡག་ཤོས་དེ་ཡིན་པའང་ཤེས་སླ། དེ་ཡང་ཆེ་ཕྱོགས་ནས་འཛམ་གླིང་གི་དམག་འཁྲུག་དང་ཆུང་ཕྱོགས་ནས་མི་སྒེར་ཕན་ཚུན་བར་གྱི་རྩོད་པ་གང་ཡིན་ཀྱང་དེ་ལ་རྒྱུ་རྐྱེན་གཙོ་བོ་ཞིག་ཡོད་པ་ནི་ཕྱོགས་གཉིས་ཀྱི་ཁེ་ཕན་གཅིག་པ་དང་ལྟ་སྟངས་མི་འདྲ་བ་དེ་རེད། དེ་ལྟ་བུའི་གནས་ཚུལ་དེ་ཉ་དང་སྲམ་གཉིས་ལ་མཚོན་ན། སྲམ་གྱི་ཐད་ནས་ཉ་ནི་ཟས་ཞིམ་པོ་ཞིག་ལ་འཛིན་ཅིང་། ཉའི་ཐད་ནས་སྲམ་ནི་ལས་ཀྱི་བསྐོས་པའི་གཤེད་མར་འཛིན་ངེས་པས་ཁོ་གཉིས་འགྲིག་ཐབས་མེད་པ་ཞིག་རེད། འོན་ཀྱང་ཁོ་གཉིས་ལ་གཅིག་མཐུན་གྱི་ཁྱད་ཆོས་ཤིག་མཆིས་པ་ནི་འཚོ་གནས་ཀྱི་གནད་དོན་དེ་རེད། དེའི་དབང་གིས་བརྩམས་ཆོས་ཁྲོད་ཉ་དང་སྲམ་གཉིས་གཞི་གཅིག་ཏུ་བསྡེབས་ཤིང་སྲམ་གྱི་མགོ་བོ་ཅན་དུ་སྦྱར་བས་མཚོན་སྟངས་འོས་ཤིང་འཚམས་པ་སྟེ། གལ་སྲིད་ཉ་ཡིས་ལུས་ལ་སྲམ་གྱི་མགོ་བོ་ཅན་དུ་སྦྱར་ཚེ་སྲམ་གྱི་ཉ་བཟའ་བ་འགོག་པར་མི་ནུས་ཤིང་ཉ་ཡིས་སྲམ་མི་བཟའ་བའི་ཆ་ནས་མཚོན་ནུས་སོ།  ། བོད་ཀྱི་ལོ་རྒྱུས་སྟེང་དུ་དམག་འཁྲུག་ཆེས་མང་བའི་དུས་རིམ་ནི་གཉའ་ཁྲི་བཙན་པོའི་གོང་གི་རྒྱལ་ཕྲན་མང་པོ་ཁ་ཐོར་དུ་གནས་པའི་དུས་དེ་ཡིན་ལ། དུས་དེར་བོད་ཀྱི་“དམག་འཁྲུག་གི་དུས་སྐབས་”ཞེས་བརྗོད་ཀྱང་མི་འགྲིག་པ་མེད་སྙམ། དེ་ཡང་དམག་འཁྲུག་དང་མཉམ་དུ་བྱུང་བ་ནི་ཕན་ཚུན་བར་འདུམ་བྱེད་པའི་སྣང་ཚུལ་དེ་རེད། དེ་འདྲ་ཡིན་དུས། དམག་འཁྲུག་གི་རིག་གཞུང་འདི་ཕལ་ཆེར་དུས་རིམ་དེར་བྱུང་བ་ནི་དོན་གྱིས་གྲུབ་འདུག་ལ། རི་མོར་བཀོད་པའི་བྱེད་སྟངས་ནི་ཕལ་ཆེར་སྐབས་དེར་གཡུལ་ལས་རྒྱལ་མཁན་གྱི་རྒྱལ་པོ་གང་ཞིག་གི་མཛད་རྗེས་བསྒྲགས་ཕྱིར་དར་ཆའི་སྟེང་དུ་བྲིས་དེ་བྱུང་བ་ཞིག་ཡིན་ངེས་ཤིང་། “གཡུལ་ལས་རྒྱལ་བའི་མཚན་མ”ཞེས་པའི་ཐ་སྙད་ཀྱང་རིམ་བཞིན་དར་བར་མངོན་ནོ།  ། རྗེས་སུ་ཆོས་ལུགས་རྒྱ་ཆེར་དར་བ་དང་དམག་འཁྲུག་ཉུང་དུ་ཕྱིན་པའི་ཚེ་ན་རི་མོ་འདིར་ཆོས་ལུགས་ཀྱི་འགྲེལ་བརྒྱབ་ཅིང་སངས་རྒྱས་ཀྱིས་བསྟན་པར་བཤད་པ་ཡང་བོད་ཀྱི་རིག་གནས་ཁྱད་ཆོས་དང་མཐུན་པ་ཡིན། མདོར་ན་མིའི་རིགས་ཀྱི་ལོ་རྒྱུས་སྟེང་དམག་འཁྲུག་ནི་བརྒྱུད་རིམ་ཞིག་ཡིན་པ་ལས་མཐའ་མཇུག་གི་འབྲས་བུ་གཏན་ནས་མ་ཡིན། དེས་ན་དབུགས་དང་ལྡན་པའི་སེམས་ཅན་གང་ཞིག་ཡིན་ཀྱང་འཐབ་རྩོད་བྱེད་པའི་དམིགས་ཡུལ་ནི་རང་ལ་བདེ་བ་ཐོབ་པའི་ཆེད་དུ་ཡིན་ལ་རྒྱུ་རྐྱེན་ནི་འཐབ་རྩོད་བྱུང་བའི་ཁེ་ཕན་དང་ལྟ་བ་མི་གཅིག་པའི་དབང་གིས་རེད། མི་སྒེར་ལ་མཚོན་ནའང་འཇིག་རྟེན་གྱི་བྱ་གཞག་ཁྲོད་རྒྱལ་ཁ་ཐོབ་དགོས་པར་བདག་གཞན་མཉམ་བརྗེས་ཀྱི་རིག་པ་འདི་ལས་ལེགས་པའི་ཐབས་ཅི་ཡང་མེད་དོ།  ། དེས་ན་《མི་མཐུན་ཕྱོགས་ལས་རྒྱལ་བའི་མཚན་མ་》ཞེས་པའི་བརྩམས་ཆོས་འདིས་མཐའ་མཇུག་གི་རྒྱལ་ཁ་ལེན་པའི་ཐབས་ཤེས་དེ་བསྟན་ཡོད་དོ།  ། 
          3. མཛེས་དཔྱོད་འདུ་ཤེས་བརྗོད་བྱར་འཛིན་པའི་《བཀྲ་ཤིས་རྟགས་བརྒྱད་》 《བཀྲ་ཤིས་རྟགས་བརྒྱད》ནི་བོད་རིགས་རྣམས་དགའ་ཤོས་དང་དོན་མཚོན་རིང་ལུགས་ཀྱི་ཁྱད་ཆོས་གསལ་ཤོས་ཀྱི་བོད་ཀྱི་རི་མོའི་བརྩམས་ཆོས་གྲགས་ཅན་ཞིག་རེད། རོ་མོ་འདིའི་སྐོར་ལ་ད་ལྟའི་བར་ཆོས་ལུགས་ཀྱི་བསྟན་ཆོས་རྣམས་ལས་འགྲེལ་པ་མང་པོ་ཞིག་མཐོང་ཐུབ་ཅིང་། བརྗོད་དོན་ཐད་ནས་ཀྱང་གཅིག་གྱུར་གྱི་བཤད་སྟངས་ཤིག་མཆིས་པ་ནི་བཀྲ་ཤིས་ཤིང་ལེགས་ཚོགས་འདྲེན་པའི་མཚན་མ་ཞེས་པ་དེ་རེད། རི་མོ་འདིའི་བྱུང་རིམ་ལོ་རྒྱུས་ལ་དང་པོའི་ཚེ་ན་སངས་རྒྱས་ཀྱིས་ཆོས་འཁོར་བསྐོར་སྐབས་མཆོད་པའི་ལྷ་མོ་རྣམས་ཀྱིས་རྟགས་འདི་རྣམས་ཕུལ་ཏེ་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་ཤིང་བཀྲ་ཤིས་པའི་རྟགས་བརྒྱད་དུ་བསྟན་པ་ནས་བརྒྱུད་པར་གྲགས། བཤད་ཚུལ་འདི་བན་བོན་གཉིས་ཀྱི་གཞུང་རྣམས་ཆ་མཐུན་ཅིང་བོད་མི་ཕལ་མོ་ཆེའི་རྒྱུད་ལའང་དེ་ལྟར་འཇགས་ཡོད་པ་ཡིན། སྣང་ཚུལ་འདི་བོད་ཀྱི་ཆོས་ལུགས་ལོ་རྒྱུས་དང་ཧ་ཅང་འཚམས་ཀྱང་ཤེས་རིག་ལོ་རྒྱུས་ཧྲིལ་པོའི་ཐད་ནས་བལྟས་ཚེ་ཕྱོགས་རེ་བའི་སྣང་ཚུལ་གྱི་དབང་དུ་གྱུར་པར་མཐོང་སྟེ།  《མཛེས་དཔྱོད་རིག་པའི་》གཞུང་ལུགས་ལྟར་སྒྱུ་རྩལ་བརྩམས་ཆོས་ནི་མིའི་རིགས་ཀྱི་ཤེས་རིག་གི་བརྡ་རྟགས་གལ་ཆེན་ཞིག་ཡིན་པའི་ཆ་ནས། ལོ་རྒྱུས་ཀྱི་དུས་སྐབས་ངེས་ཅན་ཞིག་ན་གནས་པའི་སྤྱི་ཚོགས་སྣང་ཚུལ་དང་མི་རྣམས་ཀྱི་བསམ་བློའི་འདུ་ཤེས་མཚོན་གྱི་ཡོད་པའི་ཆོས་ཉིད་ལྟར། གནད་དོན་མང་པོ་ཞིག་བརྩམས་ཆོས་རང་སྟེང་ན་གསལ་ཞིང་ཞིབ་འཇུག་གི་གནད་ཀྱང་དེ་ལ་བརྟེན་དགོས་པ་ཡིན། དཔེར་ན་བརྩམས་ཆོས་འདིའི་རྗོད་བྱེད་དུ་གྱུར་པའི་གདུགས་དང་དུང་། རྒྱལ་མཚན། འཁོར་ལོ། བུམ་པ། གསེར་ཉ། དཔལ་བེའུ། པདྨ་སོགས་ནི་འཚོ་བའི་ཁྲོད་ཀྱི་བྱ་དངོས་སམ་ཡོ་བྱད་འགའི་གཟུགས་བརྙན་འབའ་ཞིག་ཡིན་ལ། དེ་དག་ལ་མཚོན་དོན་ཁྱད་པར་ཅན་རེ་སྦྱར་བས་ད་བཟོད་བརྩམས་ཆོས་ཕུལ་བྱུང་འདི་གྲུབ་པ་རེད། གནད་དོན་ནི་དངོས་པོ་འདི་རྣམས་འབའ་ཞིག་ཅིའི་ཕྱིར་དོནམཚོན་རི་མོའི་རྗོད་བྱེད་དུ་གྱུར་ཅིང་རང་མཚན་པའི་བྱེད་ནུས་ཅི་འདྲ་ལྡན་པ་ཤེས་རྟོགས་བྱ་རྒྱུ་དེ་རེད།  དེ་ཡང་《བཀྲ་ཤིས་རྟགས་བརྒྱད་》ཀྱི་སྤྱི་དང་བྱེ་བྲག་བར་གྱི་འབྲེལ་བ་དང་བོད་ཀྱི་རིག་གནས་འདུ་ཤེས་བར་གྱི་འབྲེལ་བ་བཅསལ་བསམ་གཞིགས་དང་དབྱེ་ཞིབ་བྱས་ཚེ། དེ་ཡང་བཀྲ་ཤིས་པ་ནི་གང་ཟག་རང་བདག་ལ་མཚོན་ན་ལུས་སེམས་ལ་སྡུག་བསྔལ་ཅི་ཡང་མེད་ཐོག་གང་བརྩམས་ལས་རྣམས་ཡིད་བཞིན་གྲུབ་པའི་སྣང་ལ་ཞིག་གམ། ཡང་ན་སྤྱི་ཚོགས་ལ་མཚོན་ན་འཐབ་འཁྲུག་དང་རྩོད་གླེང་སོགས་དང་བྲལ་ཞིང་རང་བྱུང་གནོད་འཚེའི་འཇིགས་པ་ཡང་མི་གནས་པའི་བདེ་སྐྱིད་རྫོགས་ལྡན་གྱི་དུས་དེ་ལྟ་བུ་ཞིག་ལ་ངོས་འཛིན་པའི་སྨོན་འདུན་རང་བཞིན་གྱི་ཐ་སྙད་ཅིག་ཡིན་པས་ན《བཀྲ་ཤིས་རྟགས་བརྒྱད་》ཀྱིས་སྔ་མོའི་དུས་ཀྱི་མི་རྣམས་ཀྱི་མཛེས་འཛིན་ལྟ་བ་ཞིག་མཚོན་གྱི་ཡོད་པ་ནི་ཧ་ཅང་གསལ། ད་ལྟའི་བཤད་སྟངས་ལ་སྦྱར་ཚེ་དེ་ནི་གདོད་མའི་དུས་ཀྱི་བོད་མའི་མཛེས་དཔྱོད་ལྟ་བ་གྲུབ་པའི་ཚད་གཞི་གཙོ་བོ་རེད། མ་ཟད་རྟགས་མ་བརྒྱད་ཀྱིས་གྲུབ་པའི་ལྟ་བ་འདི་ཐོག་མ་ཉིད་ནས་ཡོད་པ་ཞིག་མ་ཡིན་པར་དེ་ནི་ལོ་རྒྱུས་ཀྱི་དུས་ཡུན་རིང་པོའི་ནང་རིམ་གྱིས་ཅུང་འཐུས་ཚང་ཅན་དང་གཅིག་གྱུར་ཅན་དུ་གྲུབ་པ་ཞིག་ཡིན་པར་འདོད་དོ། ། དེ་ཡང་ཡ་ཐོག་གི་དུས་སུ་མི་རྣམས་ཀྱིས་ཤྭ་བ་དང་རྒོ་བ་སོགས་ཀྱི་ཤ་བཟའ་རུང་ཞིང་རྔོན་རྒྱག་བདེ་བའི་ཆ་ནས་མཛེས་པར་མཐོང་ཞིང་བྲག་ལྡེབས་དག་ལ་རི་མོར་འབྲི་བ་བཞིན། གོང་འཕེལ་དུ་འགྲོ་བ་ནི་ཆོས་ཉིད་ཅིག་རེད། དེ་འདྲ་ཡིན་པའི་དབང་གིས་བོད་རྣམས་ཀྱིས་ཚན་རིག་ལག་རྩལ་ལས་བྱུང་བའི་འཁོར་ལོ་དང་དམག་འཁྲུག་དུས་རབས་སུ་བྱུང་བའི་རྒྱལ་མཚན་སོགས་མཛེས་པར་བརྩི་བ་ཡང་ལུགས་དང་མཐུན་པ་མ་ཟད། འཕེལ་འགྱུར་གྱི་དུས་རིམ་རང་བཞིན་ཡང་ངེས་ཅན་ལྡན་ཡོད། བོད་ཀྱི་སྤྱི་ཚོགས་སུ་ཆོས་ལུགས་རྒྱ་ཆེར་དར་བར་བརྟེན་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྣམས་མང་དུ་བསྒྲགས་དགོས་པའི་ཚེ་ན་ཡང་མཛེས་དཔྱོད་ཀྱི་ཚད་གཞི་འདི་དག་དང་བྲལ་མེད་པ་མ་ཟད། ཚད་གཞི་འདི་ཉིད་ལ་བརྟེན་ཏེ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྣམས་མཚོན་གྱི་ཡོད་པ་ནི་བསྟན་བཅོས་རྣམས་ལ་གཅིག་མཐུན་དུ་སྣང་། གཞན་ཡང་སངས་རྒྱས་ཀྱི་སྒོ་གསུམ་གྱི་ཡོན་ཏན་མཚོན་པའི་མཚན་བཟང་སུམ་ཅུ་སོ་གཉིས་དང་དཔེ་བྱད་བརྒྱད་ཅུ་ཞེས་ཡོངས་སུ་གྲགས་པ་དེ་དང་བསྡུར་ཚེ《བཀྲ་ཤིས་རྟགས་བརྒྱད་》ལ་ཐུན་མོང་རང་བཞིན་དང་བོད་ཀྱི་རིག་གནས་ཀྱི་རྒྱུད་འཛིན་རང་བཞིན་ལྷག་པར་གསལ་བ་མ་ཟད། བོད་ཀྱི་དོན་མཚོན་རི་མོའི་སྒྱུ་རྩལ་ཁྱད་ཆོས་དང་ཡང་མཐུན་པ་རེད། 《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས་》ལས། “གཡུང་དྲུང་གསལ་སྨྲ་ཡོད་ཁམས་རྒྱུད་གསུངས་ཏེ།  ། ལྷ་ལ་བོན་འཁོར་བསྐོར་སྐབས་བཀྲ་ཤིས་ཀྱིས། ལྷ་མོ་པདྨའི་མེ་ཏོག་པདྨའི་མདངས།  ། ཕུལ་ཏེ་གདན་ལ་པདྨའི་བཀྲ་ཤིས་གསོལ།  ། ”ཞེས་པ་དང་། 《བཀྲ་ཤིས་བརྩེགས་པའི་མདོ་》ལས། “ལྗགས་ལ་བཀྲ་ཤིས་པད་མོ་ལོ་འདབ་རྒྱས།  ། ”ཞེས་པ་ལྟ་བུ་བཤད་ཚུལ་ཅུང་ཙམ་མི་འདྲ་བའི་ཆ་ཡོད་ཀྱང་རྩ་བའི་མཚོན་དོན་ཐད་འགལ་བ་མེད་པ་སྟེ། སངས་རྒྱས་ཀྱི་དབུ་ལ་གདུགས་དང་སྤྱན་ལ་གསེར་ཉ། མགུལ་ལ་བུམ་པ་དང་ཐུགས་ལ་དཔལ་བེའུ། སྐུ་ལ་རྒྱལ་མཚན་དང་ཞབས་ལ་འཁོར་ལོ། ལྗགས་ལ་པདྨ་དང་གསུང་ལ་དུང་དཀར་བཅས་ཀྱིས་མཚོན་པ་ཡིན། པདྨ་ལ་མཚོན་ན། མཚོན་བྱ་གང་ཞིག་ཡིན་ཀྱང་པདྨའི་དྭངས་གཙང་གི་རང་བཞིན་ལ་འགྱུར་བ་ཅི་ཡང་མེད་པས་མཚོན་ནོ།  ། དེ་ཡང་སྤྱི་ཚོགས་ཀྱི་གྲལ་རིམ་ཅི་ལྟར་འགྱུར་ཡང་སྒྱུ་རྩལ་གྱི་རྩ་བའི་རིན་ཐང་འགྱུར་མི་སྲིད་པའི་ཆོས་ཉིད་ལྟར་བོད་ཀྱི་སྤྱི་ཚོགས་སུ་བོན་དར་བའི་ཚེ་བོན་གྱི་《བཀྲ་ཤིས་རྟགས་བརྒྱད་》དང་ཆོས་དར་བའི་དུས་སུ་ཆོས་ཀྱི《 བཀྲ་ཤིས་རྟགས་བརྒྱད་》གང་ལྟར་ཡང་སྔ་མོའི་དུས་ཀྱི་མཛེས་པའི་མཚོན་བྱེད་ཅིག་ནས་བརྒྱུད་དེ་རིམ་གྱིས་མཛེས་པའི་ཚད་གཞི་ཞིག་ཏུ་གྱུར་པ་ནི་ཧ་ཅང་གསལ། དེས་ན་ཆོས་ལུགས་ཀྱི་འགྲེལ་སྟངས་ཆོས་ལུགས་འདུ་ཤེས་ཀྱི་ཤན་ཞུགས་ཅུང་ཆེ་བ་བདེན་ཡང་རྩ་བའི་ཆ་ནས་མི་འགལ་ཏེ། ཇི་སྐད་དུ་གདུགས་ནི་འགྲོ་ཀུན་ཉོན་མོངས་ཀྱི་ཚ་གདུང་སེལ་ཞིང་ཚོགས་གཉིས་རྫོགས་པའི་རང་མཚན་མངོན་པའི་མཚོན་རྟགས་སུ་བཤད་པ་དང་། འཚོ་བའི་ཁྲོད་གདུགས་ནི་ཚ་བའི་ཟེར་དངཆར་པའི་བརླན་འགོག་བྱེད་ཀྱི་ཡོ་བྱད་གལ་ཆེན་ཞིག་ཡིན་པ་མ་ཟད། འགྲོ་བ་མིའི་སྤྱི་ཚོགས་སུ་ཁང་པ་བྱུང་བའི་སྔོན་འགྲོའི་ཤེས་རབ་ཀྱང་ཡིན་ན་མཛེས་པའི་རྟགས་མཚན་ཞིག་ཡིན་པ་ནི་སྨྲ་མེད་དེ། སྤྲ་མི་རྣམས་ཉི་ཟེར་འགོག་ཕྱིར་མགོ་ལ་ཤིང་ལོ་འགེབ་པ་ནས་བླ་དཔོན་རྣམས་མགོ་ལ་དབང་ཐང་མཚོན་ཕྱིར་རིན་པོ་ཆེའི་གདུགས་ཤར་བའི་བར་ཡོ་བྱད་ཀྱི་ཕན་ནུས་ནི་མ་ཉམས་པར་གནས་པ་འདིའོ། །  ། འཁོར་ལོ་ནི་ཕ་རོལ་མུ་སྟེགས་པ་སོགས་ལོག་ལྟ་ཅན་རྣམས་ཟིལ་གྱིས་མནོན་ཅིང་ཤིང་རྟ་ལ་བརྟེན་ན་གང་བསམ་པའི་ཡུལ་དུ་འགྲོ་ནུས་ཤིང་དཔལ་དང་ལོངས་སྤྱོད་སྙན་གྲགས་དང་བཅས་པ་སྐྱེད་ནུས་པའི་ཆ་ནས་ཞབས་ལ་འཁོར་ལོས་མཚན་པ་སྟེ། འདི་ནི་མིའི་རིགས་ཀྱི་བླ་ན་མེད་པའི་གསར་གཏོད་ཆེན་པོ་ཞིག་དང་འཁོར་ལོའི་ནུས་པས་འཇིག་རྟེན་ཐམས་ཅད་དབང་དུ་སྒྱུར་བ་འདི་བཞིན་ཀུན་ལ་མཁྱེན་གསལ་དང་། སྔ་མོའི་དུས་སུ་དམག་གི་དཔུང་ཚོགས་ཡན་ལག་བཞི་ལྡན་ཞེས་པའི་ཡ་གྱལ་ཏེཆབ་སྲིད་ཀྱི་རྒྱ་སྐྱེད་པར་མེད་དུ་མི་རུང་བའི་ཕྱིར་ན་མཛེས་པར་བརྩི་ཞིང་སྡང་དགྲ་ཟིལ་གྱིས་གནོན་ཅིང་གང་བསམ་ཡུལ་ལ་སླེབས་པ། དཔལ་དང་ལོངས་སྤྱོད་སྙན་གྲགས་བཅས་སྐྱེད་ནུས་པ་སོགས་ཀྱི་དགེ་མཚན་ལྡན་པར་བཤད་པས་ཀྱང་ཤེས་ནུས་སོ། །  ། རྒྱལ་མཚན་ནི་བདུད་ལས་རྣམ་པར་རྒྱལ་ཞིང་མཚན་དང་དཔེ་བྱད་ཀྱི་ཡོན་ཏན་ཡོངས་སུ་རྫོགས་པའི་ཆ་ནས་སྐུའི་མཚོནརྟགས་སུ་བཀོད་པ་དང་། འཚོ་བའི་ཁྲོད་དུ་འཚོ་བ་སྐྱེལ་བའི་མ་རྩ་གཙོ་བོ་ནི་སོ་སོའི་ལུས་འདི་ཡིན་ལ་མ་རྩ་འདིར་སྐྱོན་བྱུང་ཚེ་གཞན་གང་ལའང་དོན་སྙིང་གིས་དབེན་པས་ན་ལུས་ནི་རྒྱལ་ཁ་ལེན་པའི་རྩ་བ་དང་དུག་གསུམ་སོགས་ཉོན་མོང་པའི་བདུད་ལས་རྒྱལ་བའི་ལུས་ནི་རྒྱལ་མཚན་བཞིན་བརྩི་བ་སྟེ། དཔལ་དང་འབྱོར་བ་ནི་ལུས་ཀྱི་ངལ་རྩོལ་བརྒྱུད་དེ་འབྱུང་བའི་ཕྱིར་དང་། རྒྱལ་མཚན་མཛེས་པར་འཛིན་པའི་སྟེང་ནས་སྤྱི་ཚོགས་ཀྱི་གནས་འབབ་གང་དེའི་གོང་དུ་དམག་འཁྲུག་གི་དུས་རིམ་ཞིག་བརྒྱུད་ཡོད་པ་ཡང་རྟོགས་ནུས་དེ། རྒྱལ་མཚན་ནི་གཡུལ་ལས་རྒྱལ་བའི་མཚན་མ་ཡིན་པའི་ཕྱིར་རོ། བུམ་པ་ནི་ཡོངས་གྲགས་སུ་གསེར་གྱི་བུམ་པ་འཆི་མེད་བདུད་རྩིའི་གང་བ། ཟད་མི་ཤེས་པའི་གཏེར་ཆེན་པོའི་བཅུད་ཀྱིས་སྐྱེས་རྒུ་ཐམས་ཅད་རང་རྒྱུད་སྨིན་གྲོལ་གྱི་ལམ་དུ་འགོད་པའམ་དབུལ་པོའི་མིང་ཡང་མེད་པར་འདོད་རྒུ་ཐམས་ཅད་འབད་མེད་དུ་འཇོ་བའི་གཏེར་ཆེན་པོ་ཡིན་པའི་ཆ་ནས་མགུལ་གྱི་མཚོན་རྟགས་སུ་བཀོད་པ་སྟེ། འཚོ་བའི་ཁྲོད་དོན་གྱི་གཏེར་ཆེན་པོ་གཉིས་མཆིས་པ་ནི་མི་དང་རང་བྱུང་ཁམས་ཡིན་ལ་དེ་གཉིས་ནི་ཡོན་ཏན་དང་རྒྱུ་འབྱོར་བའི་འདོད་རྒུ་འབྱུང་བའི་གཞི་མ་ཡིན་ལ། བུམ་པར་འཆི་མེད་བདུད་རྩིས་གང་བ་བཞིན་མི་ལ་ཡོན་ཏན་དང་སྣོད་ལ་གཏེར་གྱིས་གང་ཚེ་དབུལ་པོའི་མིང་ཡང་མེད་ངེས་པས་ན་མཁས་པའི་ངག་གི་ཡོན་ཏན་གྱི་མཛེས་པ་མཚོན་བྱེད་དུ་བཀོད་པ་ནི་ཧ་ཅང་དོན་ལ་གནས་པ་ཞིག་རེད། གསེར་ཉ་ནི་ཡོངས་གྲགས་སུ་ཐབས་ཤེས་ཟུང་འཇུག་གི་མཚོན་བྱེད་དང་སངས་རྒྱས་ཀྱི་སྤྱན་གྱི་མཚོན་བྱེད་དུ་བཤད། འཚོ་བའི་ཁྲོད་ཕོ་མོའི་བརྩེ་དུང་དང་ཕ་མ་བུ་ཕྲུག་གི་བརྩེ་དུང་། མི་ཕན་ཚུན་བར་གྱི་མཐུན་སྒྲིལ་སོགས་མཚོན་པ་སྟེ་བསམ་པའི་དཔལ་ཡོན་དར་བའི་རྨང་གཞིའང་ཡིན། སྤྱི་ཚོགས་རྣམ་པ་ག་འདྲ་ཞིག་ཏུ་སླེབས་ན་ཡང་བརྩེ་དུང་དང་མཐུན་སྒྲིལ་ནི་བླ་ན་མེད་པའི་མཛེས་པ་མཚོན་བྱེད་ཅིག་དང་མིའི་སྤྱི་ཚོགས་ཀྱི་ལེགས་ཆ་གཙོ་བོ་དེ་ཡིན་པས་ན་མཛེས་དཔྱོད་ཚད་གཞི་ཞིག་ཡིན་ལ། གཞན་དུ་ན་གསེར་ཉ་ཁ་སྤྲོད་ནི་གདོད་མའི་དུས་སུ་འཁྲིག་སྤྱོད་དད་མོས་ཀྱི་མཚོན་རྟགས་ཤིག་ཏུ་བརྩི་བའི་སྲོལ་རྒྱ་ཆེར་དར་ཡོད་དོ། དཔལ་བེའུ་ནི་ཡོངས་གྲགས་སུ་རྣམ་པ་ཐམས་ཅད་མཁྱེན་པ་ལ་ཐོགས་པ་མི་མངའ་ཞིང་གཏིང་དཔག་པར་དཀའ་བའི་སྟོབས་བཅུའི་ཡོན་ཏན་རྣམས་རང་གི་རྒྱུད་ལ་འཐོབ་པར་བྱེད་པའི་ཆ་ནས་ཐུགས་ཀྱི་མཚོན་རྟགས་སུ་བཤད་པ་དང་། འཚོ་བའི་ཁྲོད་དུ་རིག་པ་རྣོ་བ་དང་རང་རྒྱུད་དྲང་བའི་མཚོན་རྟགས་སུ་འདོད་དེ། སྔ་མོའི་དུས་སུ་ཇུ་ཐིག་ཞེས་ཐག་པའི་མདུད་པར་བརྟེན་ཏེ་མོ་རྩིས་རྒྱག་སྲོལ་གྱི་རིག་གནས་སོགས་ལ་མཁས་པས་ན་མཛེས་པའི་ཚད་ཅིག་ལ་འཛིན་གྱི་ཡོད་པར་འདོད་ཅིང་། དཔལ་བེའུ་རང་སྟེང་ནས་བལྟས་ཀྱང་རྣམ་པའི་ཆ་ལ་འགྱུར་བ་མང་ཡང་མཐའ་མཇུག་གི་ངོ་བོ་ནི་ཐག་པ་སྒོར་མོ་གཅིག་ལས་མ་འདས་པས་ན་མིའི་བློ་སྣ་དང་འདྲ་ལ་མི་ཚེ་དང་དེ་བས་ཀྱང་འདྲ་བར་མཐོང་བས་དཔྱད་རིན་ཆེ། སྔ་མོའི་དུས་སུ་ཇུ་ཐིག་གི་རྩིས་སོགས་ཀྱིས་ལེགས་ཉེས་བརྟག་པའི་མདུད་པའི་སྒྱུ་རྩལ་དེ་ནི་དཔལ་འབྱོར་འཕེལ་རིམ་ཁྲོད་ཀྱི་ནང་དོན་གལ་ཆེན་ཞིག་ཡིན་ལ་མཛེས་པར་མཐོང་བ་ནི་རྒྱུ་མཚན་དང་ལྡན་པ་ཞིག་རེད། 《ཞང་བོད་ལོ་རྒྱུས་ཏི་སིའི་འོད་》ལས། “ཇུ་ཐིག་གི་མོ་ཆས་སུ་ཐིག་གུ་རིང་ཐུང་དྲུག་ཡོད་པ་དེ་རྣམས་ཀྱི་ཐིག་སྣེ་ཟུང་རེ་ཉིས་གཤིབ་བྱས་པའི་རྩེར་མདུད་པ་རེ་བོར་བས་མདུད་པའི་རྣམ་པ་མི་འདྲ་བ་བཞི་འབྱུང་ཞིང་ལྷག་མ་རྣམས་མོ་མའི་ཕྱག་གཉིས་ཀྱིས་ཐིག་གུ་ཟུང་རེ་དམ་དུ་བཟུང་སྟེ། ཐད་ཀར་ཁ་ཕྱེས་པས་ན་མདུད་པའི་རྣམ་པ་མི་འདྲ་བ་ཅི་རིགས་ཤིག་འབྱུང་སྲིད་པ་དེ་དག་ལ་ཞིབ་འཇུག་བྱེད་དགོས་པ་ཡིན། ”ཞེས་པ་དང་ཡོངས་སུ་མཐུན་ནོ།  ། དུང་དཀར་ནི་ཡོངས་གྲགས་སུ་འབུད་པ་ཙམ་གྱིས་བཀྲིས་པའི་སྒྲ་དབྱངས་ཕྱོགས་བཅུར་སྒྲོགས་པ། སྐྱེ་རྒུ་རྣམས་ལ་བདེ་བ་ཟད་མི་ཤེས་པ་འཐོབ་པར་བྱེད་པས་ན་གསུང་དབྱངས་ཡན་ལག་དྲུག་བཅུའི་མཚོན་རྟགས་སུ་བཤད། འཚོ་བའི་ཁྲོད་དུང་དཀར་ནི་རོལ་མོའི་བྱེ་བྲག་ཅིག་སྟེ་ཆོས་དུང་དང་དམག་དུང་སོགས་སྔ་མོའི་དུས་སུ་ཐག་རིང་ལ་བརྡ་གཏོང་བྱེད་ཀྱི་ཡོ་བྱད་གལ་ཆེན་ཞིག་ཡིན་ལ། ལས་སྣོན་བྱ་མི་དགོས་པར་འབུད་ཆོག་པའི་ཆ་ནས་ཐོག་མའི་གྲས་ཀྱང་རེད། ཁ་དོག་མཛེས་པ་དང་བེད་སྤྱོད་བདེ་བ་བཅས་ཀྱི་དབང་གིས་མཛེས་པར་བརྩི་ཞིང་། ད་ལྟའི་བར་སྤྱོད་སྒོ་རྒྱ་ཆེ་བ་ནི་ཀུན་གྱིས་མཐོང་གསལ་རེད། བཀྲ་ཤིས་པའི་སྒྲ་དབྱངས་ཕྱོགས་བཅུར་སྒྲོག་ཤིང་སྐྱེ་རྒུ་རྣམས་ལ་བདེ་བ་ཟད་མི་ཤེས་པ་འཐོབ་པར་བྱེད་ཅེས་པའི་ཤོད་སྲོལ་ལས་ཀྱང་རོལ་མོའི་མཛེས་པ་མཚོན་གྱི་ཡོད་པ་ངང་གིས་ཤེས་སོ། ། པདྨ་ནི་ཡོངས་གྲགས་སུ་སྐྱོན་གྱིས་མ་གོས་ཤིང་ཚོན་མདངས་རྣམ་པར་བཀྲ་བ་དྲི་བཟང་པོ་ཕྱོགས་སུ་འཐུལ་བས་རྫུན་དང་ཕྲ་མ་སོགས་ངག་གི་མི་དགོས་པ་ཀུན་ནས་སྤངས་ཤིང་སྨྲ་མཁས་པའི་སྐྱེས་བུ་མཆོག་གི་ཡོན་ཏན་མཚོན་པར་བཤད་པ་དང་སྲིད་པར་གནས་ཀྱང་སྲིད་པར་མ་ཆགས་པར་ལས་ཉོན་གྱི་དྲི་མས་མ་གོས་པ་མཚོན་པས་སངས་རྒྱས་ཀྱི་ལྗགས་མཚོན་པ་དང་། འཚོ་བའི་ཁྲོད་ཡ་རབས་ཀུན་སྤྱོད་ཀྱིས་མཚན་པའི་བདེན་གཙང་གི་མཛེས་པ་ཞིག་མཚོན་གྱི་ཡོད་པ་སྟེ་སྐྱོན་གྱིས་མ་གོས་པའི་ཁ་ཞེ་གཉིས་མེད་ཀྱི་རང་གཤིས་མཚོན་ལ། དྲི་བཟང་པོ་ཕྱོགས་སུ་འཐུལ་པས་གཞན་ཕན་གྱི་སྤྱོད་ལམ་མཚོན་གྱི་ཡོད་པ་སོགས། མཛེས་དཔྱོད་ཀྱི་ཚད་གཞི་ཞིག་ཏུ་བགྲང་བའི་དགོས་པ་ཡོངས་སུ་གྲུབ། དེས་མ་ཟད་མི་རྣམས་ཀྱིས་མེ་ཏོག་སོགས་རང་བྱུང་གི་མཛེས་པར་ལོངས་སུ་སྤྱོད་པ་ནི་དཔལ་འབྱོར་གྱི་རྨང་གཞི་ངེས་ཅན་ལྡན་པའི་ཐོན་དངོས་ཤིག་དང་། ལྷག་པར་དུ་པདྨ་དེ་མཛེས་པའི་ཚད་གཞི་ཞིག་ལ་བརྩི་བའི་སྲོལ་ནི་བོད་ཙམ་མ་ཟད་འཛམ་གླིང་ཤར་ཕྱོགས་ཤེས་རིག་དར་སྔ་བའི་མི་རིགས་ཡོངས་ཀྱི་ཐུན་མོང་གི་མཛེས་དཔྱོད་ཚད་གཞི་ཞིག་རེད། མདོར་ན། བརྩམས་ཆོས་འདི་ཅུང་འཐུས་ཚང་དུ་འགྲུབ་པའི་དུས་ནི་གདོད་མའི་དུས་དཀྱིལ་ཙམ་དུ་ཡིན་ཆོག་ལ། བོད་ཀྱི་སྤྱི་ཚོགས་རྣམ་པར་གོང་འཕེལ་ངེས་ཅན་བྱུང་བ་དང་བསྟུན་ཏེ་མི་རྣམས་ཀྱིས་བཟང་ངན་ཡག་བཙོག་ཐད་ཀྱི་ལྟ་སྟངས་ཀྱང་སྔར་ལས་དང་དོད་ཚ་རུ་ཕྱིན་ཏེ་ལྕགས་རིགས་ལས་གསེར་མཛེས་པར་བརྩི་བ་བཞིན། སྤྱི་ཚོགས་ཀྱི་ལས་སྣ་སོ་སོར་མཛེས་དཔྱོད་ཀྱི་ཚད་གཞི་གསར་པ་བྱུང་བ་ནི་《བཀྲ་ཤིས་རྟགས་བརྒྱད་》ཀྱི་རྟགས་མ་རེ་རེའི་རང་མཚན་པའི་མཚོན་དོན་ལས་ཤེས་ཐུབ་ལ། ལྷག་པར་དུ་གསེར་ཉ་དང་དཔལ་བེའུ་ལྟ་བུར་མཚོན་ན་གདོད་མའི་དུས་ཀྱི་རིག་གནས་སྣང་ཚུལ་གཙོ་བོ་གཉིས་ལ་འབྲེལ་བ་དམ་ཟབ་ཡོད་པ་སྟེ། གསེར་ཉས་འཁྲིག་སྦྱོར་དད་མོས་ཀྱི་སྣང་ཚུལ་མཚོན་ལ་དཔལ་བེའུ་ཡིས་ཇུ་ཐིག་མོ་རྩིས་ཀྱི་རིག་པ་མཚོན་གྱི་ཡོད་པ་རེད། གསེར་ཉ་ཁ་སྤྲོད་ཀྱིས་ཕོ་མོ་གཉིས་མཚོན་ཅིང་ཉ་ནི་འཕེལ་མགྱོགས་པའི་ཆ་ནས་འབྱོར་ཕྱུག་ལ་སྨོན་པའི་བརྡ་རྟགས་ཤིག་ཏུའང་ངེས་པ་ཡིན། 《ཀྲུང་གོའི་ནུབ་རྒྱུད་དམངས་ཁྲོད་མཛེས་རྩལ་གླེང་བ་》ལས་མངའ་རིས་རུ་ཐོག་གི་བྲག་ལྡེབས་རི་མོའི་སྐོར་བཤད་སྐབས་ཀྱང་ཉ་དང་ཕོ་མོའི་མཚན་མ། ཉི་ཟླ་སོགས་ལ་མཆོད་པའི་རྣམ་པ་བྲིས་འདུག་པའི་སྟེང་ནས་རི་མོ་དེས་གདོད་མའི་དུས་ཀྱི་འཁྲིག་སྦྱོར་དད་མོས་ཀྱི་སྣང་ཚུལ་མཚོན་གྱི་ཡོད་པར་ངོས་འཛིན་བྱས་ཡོད་ལ། རྒྱ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་དུའང་བྱ་དང་ཉ་ཡིས་ཕོ་མོའི་མཚན་མ་མཚོན་པའི་སྲོལ་ཡོད་པ་ཡིན། གདུགས་དང་བུམ་པ་ལྟ་བུ་འཚོ་བའི་ཉེར་སྤྱད་དང་། དུང་དཀར་ལྟ་བུར་མཚོན་ན་རོལ་ཆ་ཞིག་ཡིན་པ་མ་ཟད། ཁ་དོག་དང་དབྱིབས་གང་ཐད་ནས་བོད་ཀྱི་མཛེས་དཔྱོད་འདུ་ཤེས་ཀྱི་ཁྱད་ཆོས་ཆེར་ལྡན་ལ། རྒྱལ་མཚན་དང་འཁོར་ལོར་མཚོན་ན་དམག་དོན་དང་ཚན་རྩལ་གྱི་རིག་གནས་སྣང་ཚུལ་དང་འབྲེལ་བ་དམ་པོ་ཡོད་པ་མ་ཟད། དངོས་གཟུགས་འདི་དག་གི་སྤྱིའི་ཉམས་འགྱུར་ལས་བོད་མིའི་མཛེས་དཔྱོད་ཚད་གཞིར་གྱུར་པའི་བརྡ་རྟགས་གལ་ཆེན་ཞིག་མཐོང་ཡོང་བ་ནི་ཉ་གང་ཟླ་བ་ལྟ་བུའི་སྒོར་ཞིང་རྫོགས་པའི་རྣམ་པ་ཞིག་སྟེ། སྣང་ཚུལ་འདི་ཡང་གོང་དུ་བརྗོད་ཟིན་པའི་བོད་མིའི་འཇིག་རྟེན་ལྟ་སྟངས་ཀྱི་རྨང་གཞིའི་སྟེང་ནས་བྱུང་བ་ཞིག་ཡིན་པ་ནི་རྟོགས་སླ་ཞིང་། འདི་ལྟ་བུའི་མཛེས་འཛིན་གྱི་རིག་པ་སྔ་མོ་ནས་བྱུང་ཡོད་པའི་དབང་གིས་བོད་ཀྱི་རིག་གནས་ཧྲིལ་པོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཏུ་གྱུར། རི་མོ་ཙམ་མ་ཟད་བོད་མིའི་འདུ་ཤེས་འཛིན་སྟངས་ཀྱི་ཁྱབ་ཁོངས་ཧྲིལ་པོར་གནས་ཡོད་པས་རྩོམ་རིག་དང་ཨར་སྐྲུན། སྨན་དཔྱད། རྒྱན་སྤྲས། ཆོས་ལུགས་སོགས་རིག་གནས་སྣང་ཚུལ་ཀུན་གྱི་བསམ་བློའི་ཚད་གཞི་གཙོ་བོ་ཞིག་ཀྱང་རེད། དེའི་དབང་གིས་བོད་རྣམས་ལས་གང་ཞིག་འཇུག་ཀྱང་འགོ་མཇུག་ཚང་བ་ཞིག་དང་ཡོངས་སུ་རྫོགས་པའི་རྣམ་པ་ཞིག་ལ་བརྩོན་པ་ཡིན་ནོ།  ། 
          4. རྒྱལ་སྐྱོང་བརྗོད་བྱར་འཛིན་པའི་《རྒྱལ་སྲིད་སྣ་བདུན་》དེ་ཡང་རྒྱལ་སྲིད་སྐྱོང་བར་མེད་དུ་མི་རུང་བའི་ཆ་རྐྱེན་གཙོ་བོ་སྟེ་ཡོངས་གྲགས་སུ་རྒྱལ་སྲིད་སྣ་བདུན་དུ་འབོད་པའི་བརྩམས་ཆོས་འདི་ནི་བོད་ཀྱི་སྤྱི་ཚོགས་སུ་དར་ཁྱབ་ཧ་ཅང་ཆེ་སྟེ། བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་སུ་ཕོ་བྲང་དང་གཞིས་ཀ་སོགས་སུ་སྤྱོད་སྒོ་ཆེ་ཞིང་། སྤྱི་ཚོགས་ཀྱི་འཕོ་འགྱུར་དང་བསྟུན་ཏེ་རྒྱ་ཆེའི་དམངས་ཚོགས་ཁྲོད་དར་ཁྱབ་ཤིན་ཏུ་ཆེ་ལ་མི་རྣམས་ཀྱིས་བཀྲ་ཤིས་ཤིང་ལེགས་ཚོགས་འདྲེན་པའི་རྟགས་སུ་བརྩིས་ཏེ་དགའ་མོས་བླ་མེད་བྱེད་ཀྱི་ཡོད། དེ་ཡང་བརྩམས་ཆོས་འདིའི་ཐད་ཀྱི་འགྲེལ་བཤད་ཀྱང་མི་ཉུང་བ་ཞིག་མཆིས་མོད། མདོར་འདྲིལ་ཚེ་ཆོས་ལུགས་ཀྱི་དགོངས་པར་མཐུན་པའི་འགྲེལ་སྟངས་ལས་མི་འདས་ཤིང་། དེ་ལྟར་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དག་གི་དུས་སུ་བྱུང་བར་བཤད་པས་ལོ་རྒྱུས་ཧ་ཅང་རིང་ངོ་།  ། བརྩམས་ཆོས་འདིའི་མཚོན་དོན་《བཀའ་འགྱུར་》ལས་མདོ་ཁ་པའི་ནང་བྱུང་བ་ལྟར། འཁོར་ལོས་བསྒྱུར་བའི་རྒྱལ་པོ་མཐའ་བཞི་ལས་རྣམ་པར་རྒྱལ་བ། ཆོས་དང་ལྡན་པ། ཆོས་ཀྱི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པར་གྱུར་ཏེ། དེ་ལྟ་བའི་རྒྱལ་བོ་རིན་པོ་ཆེ་སྣ་བདུན་ནི། འཁོར་ལོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། བློན་པོ་རིན་པོ་ཆེ། བུད་མེད་རིན་པོ་ཆེ། ཁྱིམ་བདག་རིན་པོ་ཆེ་དང་བདུན་ནོ་ཞེས་དང་། འགའ་ཞིག་གིས་ཁྱིམ་བདག་གི་དོད་དུ་དམག་དཔོན་རིན་པོ་ཆེ་བགྲང་ཚུལ་ཞིག་ཀྱང་སྣང་ཡང་སྤྱིའི་བརྗོད་དོན་ལ་ཅི་ཡང་མི་འགལ་ལོ།  ། དེ་བཞིན་བརྩམས་ཆོས་འདིའི་ཡོངས་སུ་གྲགས་པའི་ཁ་བྱང་དང་རི་མོའི་ཁྲོད་ཀྱི་མི་སྣ་སོགས་ལ་བརྟག་ཀྱང་བོད་ཀྱི་སྤྱི་ཚོགས་སུ་གྲལ་རིམ་བྱུང་བའི་རྗེས་ཙམ་དུ་བྱུང་བ་ཞིག་ཡིན་པ་ནི་ཤེས་སླ། དེ་ཡང་ཡུལ་འཁོར་སྐྱོང་བའི་རྒྱལ་པོ་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་རྣམས་དོན་མཚོན་རི་མོའི་ལམ་ལ་དྲངས་ཏེ་བསྟན་ཡོད་པ་འདི་ཡང་བོད་ཀྱི་དོན་མཚོན་རི་མོའི་ཕུལ་དུ་བྱུང་བའི་རིན་ཐང་མངོན་སྟངས་ཤིག་རེད། འཁོར་ལོ་རིན་པོ་ཆེ་ནི་གང་དུ་འགྲོ་འདོད་པའི་ཡུལ་དེར་སྣ་འདྲེན་པར་བཤད་པ་བཞིན་བཟོ་ལས་ཚན་རྩལ་མཚོན་པ་སྟེ། རྒྱལ་སྲིད་སྐྱོང་པའི་རྒྱུ་གཙོ་བོ་ཞིག་ལ་ངོས་འཛིན་ཅིང་། འཁོར་ལོའི་རིགས་ཀྱི་ནུས་པ་ལ་བརྟེན་པའམ་འཁོར་ལོའི་རིགས་དང་ལྡན་པའི་རྒྱལ་པོ་ཞིག་ནི་གནའ་བོའི་དུས་དེ་ཙམ་ན་ཧ་ཅང་སྟོབས་དང་ལྡན་པ་ཞིག་ཡིན་པ་ནི་སྨྲ་མི་དགོས་ཤིང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཞེས་པའི་མིང་གི་ཆེ་བའང་འདི་ལས་བྱུང་བ་རེད། ནོར་བུ་རིན་པོ་ཆེ་ནི་འོད་ཆེན་པོ་དང་ལྡན་ཞིང་དེས་སྐུལ་བས་མི་རྣམས་གཅིག་གིས་གཅིག་ལ་བཞིན་བཟང་དག་ལོངས་ཤིག་ལས་ཀྱི་མཐའ་རྣམས་བྱོས་ཤིག ཚོང་འདུས་དག་ཁྲོམ། ཉི་མ་ཤར་ཏེ་ཉིན་མོར་ཤེས་སོ་ཞེས་སོགས་འབྱུང་བས་ཚོང་ལས་རིག་གནས་མཚོན་ཏེ། མིའི་རིགས་ཀྱི་སྤྱི་ཚོགས་སུ་ཚོང་ལས་བྱུང་བས་ད་གཟོད་ཐོན་སྐྱེད་ལས་སྒོ་རྣམས་རང་རྐྱ་འཕེར་བར་གྱུར་ཅིང་སྤྱི་ཚོགས་ཀྱི་རྣམ་པ་ཕུན་སུམ་ཚོགས་པོ་དང་། མིའི་རིག་སྟོབས་ལ་ཡར་རྒྱས་ཤུགས་ཆེར་འགྲོ་འགོ་བརྩམས་པ་རེད། བུད་མེད་རིན་པོ་ཆེ་ནི་གཟུགས་མཛེས་ཤིང་རིག་པ་དྭངས་པ་ངག་འཇམ་པ། ཡོན་ཏན་ལྡན་ཅིང་སྒྱུ་རྩལ་ལ་མཁས་པ། བདེ་ལེགས་ཐམས་ཅད་སྟེར་བར་བཤད་པས་ཚན་རྩལ་དང་དཔལ་འབྱོར་དེ་ལྟ་བུའི་རྨང་གཞིའི་སྟེང་དུ་བྱུང་བའི་སྟེང་གི་བཀོད་པའི་རིག་གནས་སྣང་ཚུལ་ཏེ། མི་ཆོས་ཀུན་སྤྱོད་དང་མཛེས་འཛིན་ལྟ་བ། ཤེས་བྱ་རྒྱུད་འཛིན་སོགས་ཀྱི་གནས་སྟངས་ནི་སྤྱི་ཚོགས་གང་ཞིག་གི་ལེགས་ཉེས་ཀྱི་ཚད་འཛིན་བྱེད་ལྟ་བུ་ཞིག་ཡིན་པས། དཔེ་མཚོན་དུ་བུད་མེད་བཀོད་པ་ཧ་ཅང་འོས་པར་སྙམ། དེ་ཡང་གདོད་མའི་སྤྱི་ཚོགས་སུ་མ་རྒྱུད་ལམ་ལུགས་བྱུང་བའི་སྣང་ཚུལ་དང་མཐུན་ནོ།  ། བཤད་ཚུལ་གཞན་ཞིག་ལ་བཙུན་མོ་རིན་པོ་ཆེ་ཞེས་ཀྱང་འབྱུང་ལ། དེ་ལྟར་ན་རྒྱལ་པོ་ཞིག་ཡོད་པ་ཤུགས་ཀྱིས་རྟོགས་པས། བརྩམས་ཆོས་འདི་བྱུང་དུས་མ་རྒྱུད་ལམ་ལུགས་ལས་ཅིས་ཀྱང་འཕྱིས་དགོས་མོད།  《བཀའ་འགྱུར་》ལས་འབྱུང་བའི་བུད་མེད་རིན་པོ་ཆེ་ལ་གཞི་བཅོལ་ན་འོས་པར་སྙམས་སོ།  ། དབང་བསྒྱུར་གྲལ་རིམ་གྱི་བདག་དབང་དང་ཡང་ན་སྒེར་དབང་སྲ་བརྟན་དུ་གནས་པར་དམག་དཔུང་ནི་མེད་དུ་མི་རུང་བས་ན་གླང་པོ་ཆེས་ནི་དམག་དཔུང་མཚོན་ཏེ། ཇི་སྐད་དུ་གླང་པོ་ཆེ་ཕལ་བ་སྟོང་གི་སྟོབས་མངའ་ཞིང་གཡུལ་ལས་རྣམ་པར་རྒྱལ་བར་བཤད་པས་མཚོན་ལ། དཔུང་གི་ཚོགས་ཡན་ལག་བཞི་དང་ལྡན་པ་ཞེས་པའི་ཁྲོད་ཀྱི་གཙོ་བོའང་གླང་ཆེན་གྱི་དཔུང་ཡིན་པས་ཀྱང་ཤེས་པ་ཡིན། འདི་ལྟ་བུའི་རྒྱལ་སྲིད་ཆེན་པོར་ཁ་ལོ་བསྒྱུར་བ་ལ་ཆབ་སྲིད་ཀྱི་རིག་པ་ནི་གཙོ་བོའི་ནང་གི་གཙོ་བོར་གྲུབ་པས་ན་གཞན་དབང་དུ་བསྒྱུར་བའི་རིག་པ་སྟེ་ཆབ་སྲིད་ནི་བློན་ཆེན་གྱིས་མཚོན་ཏེ། ཇི་སྐད་དུ་གཡུལ་ལ་དཔའ་ཞིང་ལས་ལ་མཛངས་པ། སྲིད་ཀྱི་ལས་སྣ་ཐམས་ཅད་ལ་བྱང་ཞིང་རྒྱལ་པོའི་མིག་འབྲས་ལྟར་གྱུར་པར་བཤད་པས་རྒྱལ་སྲིད་སྐྱོང་པར་ལས་བཞི་ལ་དབང་འབྱོར་བའི་ཆབ་སྲིད་རིག་པ་ནི་ཤིན་ཏུ་གལ་ཆེ་བ་སྟེ་དབང་བསྒྱུར་མཁན་གྱི་སྲོག་རྩ་ལྟ་བུ་ཡིན་པར་བསྟན། རྟ་མཆོག་རིན་པོ་ཆེ་ནི། ནད་མེད་ཅིང་མཚེར་སྐད་ཀྱིས་འཛམ་གླིང་ཁྱབ་པ། རྒྱལ་པོའི་ཐུགས་ལ་གང་ཤར་ཤེས་པས་ཅང་ཤེས་པ། འཛམ་གླིང་ཉིན་གཅིག་ལ་ལམ་གསུམ་བསྐོར་ནུས་པས་ཤུགས་རླུང་དང་འདྲ་བར་བཤད་པས་ན། རྒྱལ་པོའི་བཀའའམ་སྲིད་ཇུས་སམ་རྒྱལ་ཁྲིམས་མཚོན་ཏེ། སྔ་མོའི་དུས་སུ་རྒྱལ་པོའི་བཀའ་ནི་རྒྱལ་ཁྲིམས་ཡིན་ལ་དབང་ཅི་ཙམ་བཙན་པ་དེ་ཙམ་གྱིས་བཀའ་བསྒྲགས་པ་གང་ཞིག་རྒྱལ་ཁམས་ཡོངས་སུ་ཁྱབ་མྱུར་བ་སྟེ་རྟ་མཆོག་གི་སྐད་ཀྱིས་འཛམ་གླིང་ཁྱབ་པ་དང་འགྲོས་མྱུར་བ་སོགས་ཀྱིས་མཚོན་ཡོད། གོང་གི་གནས་ཚུལ་འདི་རྣམས་ནི་ཡུལ་འཁོར་སྐྱོང་བའི་རྒྱལ་པོ་ཞིག་ལ་ཚང་དགོས་པའི་ནང་གི་རྐྱེན་ནམ་ཡང་ན་དབང་བསྒྱུར་མཁན་ལ་ཚང་དགོས་པའི་རང་སྟེང་གི་ནུས་པ་ཡིན་ལ། ད་དུང་ཕྱིའི་རྐྱེན་ཞིག་མཆིས་པ་ནི་དབང་བསྒྱུར་ཡུལ་ཏེ་མི་དམངས་རེད། སྲིད་དབང་གང་ཞིག་ཡིན་ཀྱང་མི་དམངས་དང་བྲལ་ཚེ་སྲིད་དབང་དུ་མི་འགྲུབ་པས་ན་ཁྱིམ་བདག་རིན་པོ་ཆེས་མི་དམངས་མཚོན་པ་ཡིན། ཇི་སྐད་དུ་མཁས་པ། གསལ་བ། ཡིད་གཞུང་པ། ལྷའི་མིག་དང་ལྡན་པས་ཁོར་ཡུག་ཏུ་བདག་པོ་དང་བཅས་པའི་གཏེར་དག་ཀྱང་མཐོང་སྟེ། བདག་པོ་མེད་པའི་གཏེར་དག་ཀྱང་མཐོང་སྟེ། བདག་མེད་པའི་གཏེར་གང་ཡིན་པ་དེ་དག་གིས་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་ནོར་གྱི་དགོས་པ་བྱེད་ཅེས་འབྱུང་བས་ངལ་རྩོལ་མི་དམངས་ཀྱི་རང་བཞིན་གསལ་པོར་བསྟན་ཡོད་པ་མ་ཟད། དབང་བསྒྱུར་གྲལ་རིམ་དང་དམངས་ཚོགས་བར་གྱི་འབྲེལ་བའང་གསལ་པོར་མཐོང་ཐུབ་པ་སྟེ། བདག་པོ་མེད་པའི་གཏེར་གང་ཡིན་པ་དེ་དག་གིས་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་ནོར་གྱི་དགོས་པ་བྱེད་ཅེས་པས་མཚོན་ནོ།  ། 
          5.ཆོས་ལུགས་བརྗོད་བྱར་འཛིན་པའི་《སྲིད་པའི་འཁོར་ལོ་》དེ་ཡང་ཆོས་ལུགས་བརྗོད་བྱར་འཛིན་པའི་དོན་མཚོན་རི་མོའི་བརྩམས་ཆོས་ནི་བོད་ཀྱི་རི་མོའི་གྲུབ་ཆ་གཙོ་བོ་ཡིན་པའི་ཆ་ནས་བརྗོད་བྱ་དང་དབྱིབས་རྣམ་གང་ཐད་ནས་ཧ་ཅང་ཕུན་སུམ་ཚོགས་ཤིང་། བརྩམས་ཆོས་ཀྱི་གྲངས་འབོར་ཀྱང་བརྗོད་ཀྱིས་མི་ལངས་པ་ནི་ཀུན་གྱིས་མིག་མཐོང་ལག་ཟིན་དུ་གྲུབ་པ་འདི་བཞིན་དཔྱད་རིན་ཆེ་བའི་བརྩམས་ཆོས་ཤིན་ཏུ་མང་ཡང་། བོད་ཀྱི་རི་མོའི་སྤྱི་ལུགས་སུ་གྱུར་པའི་དོན་མཚོན་རི་མོའི་ཁྱད་ཆོས་མངོན་པར་གསལ་བ་ནི་《སྲིད་པའི་འཁོར་ལོ་》འདི་ལས་ལྷག་པ་ཞིག་མེད་པར་སྙམ་སྟེ། དེ་ཡང་རྒྱ་ཆེ་ཞིང་གཏིང་ཟབ་པའི་སངས་རྒྱས་ཆོས་ལུགས་ཀྱི་དགོངས་དོན་གང་དེ་རི་མོ་སྒྱུ་རྩལ་གྱི་བྱེད་ནུས་ཁྱད་པར་ཅན་ལ་བརྟེན་ནས་ཧ་ཅང་གོ་བདེ་བའི་བཞིན་ལག་གི་རྣམ་པར་བསྒྱུར་བ་ནི་བོད་ཀྱི་རི་མོ་སྒྱུ་རྩལ་གསར་རྩོམ་ཐད་ཀྱི་གྲུབ་འབྲས་ཆེན་པོ་ཞིག་དང་། སངས་རྒྱས་ཆོས་ལུགས་རྒྱ་ཆེར་སྤེལ་བའི་ཐབས་ཤེས་ཡག་ཤོས་ཤིག་ཀྱང་རེད། དེ་ཡང་《སྲིད་པའི་འཁོར་ལོ་》འདི་ནི་ཡོངས་གྲགས་སུ་རྒྱ་གར་གྱི་རྒྱལ་པོ་གཟུགས་ཅན་སྙིང་པོས་སངས་རྒྱས་ཤཀྱྰ་ཐུབ་པའི་བཀའ་བཞིན་སྒྲ་སྒྲོག་གི་རྒྱལ་པོ་ཨུ་ཏྲ་ཡ་ནར་སྐྱེས་ལན་ཏུ་བྲིས་པར་བཤད་ཅིང་། འགའ་ཞིག་གིས་བསྟན་པ་འདིའི་རི་མོ་ཐོག་མ་ཡིན་པར་ཡང་བཤད། བསྟན་པ་འདིའི་རི་མོའི་བརྩམས་ཆོས་ཐོག་མར་བཤད་པ་ནི་འཐད་པར་མ་མཐོང་སྟེ། གཅིག་ནས་སྟོན་པའི་བྲིས་སྐུ་ཐོག་མ་ནི་“ཆུ་ལོན་མ་”དང་“འོད་ཟེར་ཅན་མ་”གཉིས་ཡིན་པ་ཀུན་ལ་གྲགས་ཤིང་། གཉིས་ནས་རྒྱ་གར་གྱི་རི་མོའི་ལོ་རྒྱུས་དང་དགོན་སྡེའི་ལྡེབས་རིས་སོགས་སུ་《སྲིད་པའི་འཁོར་ལོ་》ཞེས་པའི་བརྩམས་ཆོས་འདི་ལྟ་བུ་མཐོང་ཐོས་སུ་མི་འབྱུང་བ་སོགས་ཀྱི་རྟོགས་ནུས་ཤིང་། དེས་མ་ཟད་རི་མོའི་བརྩམས་ཆོས་འདིའི་སྤྱིའི་ཁྱད་ཉམས་ལ་དཔྱད་ཀྱང་བོད་ཀྱི་དོན་མཚོན་རི་མོའི་ཆོས་ཉིད་དང་མཐུན་པ་ནི་བོད་ཀྱི་རི་མོར་ཆ་རྒྱུས་ཡོད་མཁན་ཞིག་ཡིན་ཕྱིན་ཧ་ཅང་རྟོགས་སླ། དེས་ན་བརྩམས་ཆོས་འདི་ཐོག་མར་རྒྱ་གར་དུ་བྱུང་བར་འདོད་པ་ནི་རང་རེའི་མཁས་པ་རྒྱ་གར་ལ་དགའ་མཁན་ཚོའི་དད་འདུན་ཙམ་ལས་སྒྱུ་རྩལ་གྱི་ཆོས་ཉིད་དང་མཐུན་པའི་སྒྲུབ་བྱེད་གཞན་གྱིས་དབེན་ནོ།  ། བརྩམས་ཆོས་འདིའི་སྟེང་ནས་བོད་དུ་སངས་རྒྱས་ཆོས་ལུགས་རྒྱ་ཆེར་དར་བའི་དུས་དེ་ཙམ་ན་རི་མོའི་སྒྱུ་རྩལ་གྱི་མཚོན་རྩལ་ཚད་མཐོན་པོར་སླེབས་ཡོད་པའང་རྟོགས་ཐུབ། དེ་ཡང་གོང་དུ་བརྗོད་ཟིན་པ་ལྟར་བརྩམས་ཆོས་ཤིག་གི་སྒྱུ་རྩལ་བྱེད་ནུས་ཡོངས་སུ་རྫོགས་པར་ངེས་པར་ཚང་དགོས་པའི་ཆ་རྐྱེན་ཞིག་ནི་གཟིགས་མཁན་གྱི་ཤེས་ནུས་ཡིན་ཏེ། བརྩམས་ཆོས་འདིར་བློ་རབ་འབྲིང་ཐ་གསུམ་ཀུན་ལ་རང་རང་གི་བློ་དང་མཐུན་པའི་ངེས་ཤེས་སྐྱེ་ཐུབ་པའི་ཁྱད་ཆོས་ཡོད་པ་སྟེ། དད་པའི་རྟེན་ཡིན་ལ་སྒྱུ་རྩལ་བརྩམས་ཆོས་ཀྱང་ཡིན་པའི་ཕྱིར་རོ། རི་མོ་འདིའི་དབུས་སུ་བར་སྟོང་དྲུག་ཅན་གྱི་འཁོར་ལོའི་རྣམ་པ་ཞིག་བྲིས་ཤིང་བར་སྟོང་དྲུག་ལ་འགྲོ་བ་རིགས་དྲུག་སྟེ་གོང་ནས་གཡས་སུ་ལྷ། མི། ཡི་དྭགས། དམྱལ་བ། དུད་འགྲོ། ལྷ་མ་ཡིན་བཅས་འཁོར་མོར་བཀོད་པས་སེམས་ཅན་རྣམས་ལས་ཀྱི་དབང་གིས་སྲིད་པ་གསུམ་དུ་འགྲོ་དྲུག་གི་ངོ་བོས་བར་མི་ཆད་པར་འཁོར་བའི་རྣམ་པ་མཚོན་ཅིང་། འཁོར་ལོའི་མུ་ཁྱུད་ལ་དགེ་སྡུག་གཉིས་ཀྱི་རྒྱུ་བསགས་པར་བྱེད་པའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་མཚོན་བྱེད་རྣམས་བཀོད་པ་སྟེ། འདི་ལ་ལུགས་འབྱུང་ལུགས་ལྡོག་གཉིས་མཆིས་ཀྱང་དང་པོ་ལྟར་ན། འཁོར་ལོའི་གོང་ནས་གཡས་སུ་དང་པོ་རིག་པའི་རྟེན་འབྲེལ་མཚོན་བྱེད་དམུས་ལོང་། གཉིས་པ། འདུ་བྱེད་ཀྱི་རྟེན་འབྲེལ་མཚོན་བྱེད་རྫ་མཁན། གསུམ་པ། རྣམ་ཤེས་ཀྱི་རྟེན་འབྲེལ་མཚོན་བྱེད་སྤྲེའུ་ཤིང་རྩེར་གནས་པ། བཞི་པ། མིང་གཟུགས་ཀྱི་རྟེན་འབྲེལ་མཚོན་བྱེད་གྲུ་གཟིངས།  ལྔ་པ།  སྐྱེ་མཆེད་ཀྱི་རྟེན་འབྲེལ་མཚོན་བྱེད་ཁང་སྟོང་།  དྲུག་པ།  རེག་པ་མཚོན་བྱེད་ཕོ་མོ་འཁྱུད་པ།  བདུན་པ། ཚོར་བའི་རྟེན་འབྲེལ་མཚོན་བྱེད་མིག་ལ་མདའ་ཟུག་པ། བརྒྱད་པ། སྲེད་པའི་རྟེན་འབྲེལ་མཚོན་བྱེད་སྐྱེས་བུ་ཆང་འཐུང་མཁན། དགུ་པ། ལེན་པའི་རྟེན་འབྲེལ་མཚོན་བྱེད་སྤྲེའུ་ཤིང་ཏོག་ལེན་པ། བཅུ་པ། སྲིད་པའི་རྟེན་འབྲེལ་མཚོན་བྱེད་བུད་མེད་སྦྲུམ་མ། བཅུ་གཅིག་པ། སྐྱེ་བའི་རྟེན་འབྲེལ་མཚོན་བྱེད་ཕྲུ་གུ་བཙའ་བ། བཅུ་གཉིས་པ། རྒ་ཤིའི་རྟེན་འབྲེལ་མཚོན་བྱེད་རོ་འཁུར་བ་བཅས་འབྲིའོ། ། འཁོར་ལོ་གང་གི་ལྟེ་བའི་སྒོར་དབྱིབས་ཆུང་བའི་དབུས་སུ་དུག་གསུམ་མཚོན་བྱེད་བྱ་སྦྲུལ་ཕག་གསུམ་འབྲི་བ་སྟེ། ཕུག་རོན་གྱིས་འདོད་ཆགས་དང་སྦྲུལ་གྱིས་ཞེ་སྡང་མཚོན་པ། ཕག་གིས་གཏི་མུག་མཚོན། དེ་ཡང་བྱ་སྦྲུལ་གཉིས་ཕག་གི་ཁ་ནས་ཐོན་པའི་རྣམ་པ་བྲིས་པས་འདོད་ཆགས་དང་ཞེ་སྡང་འབྱུང་བའི་གཞི་ནི་གཏི་མུག་ཡིན་པ་དང་། འཁོར་བའི་རྩ་བ་ནི་དུག་གསུམ་ལ་རག་ལས་ཤིང་འཁོར་བར་འཁོར་བའི་ཡང་སྙིང་ནི་མ་རིག་པ་སྟེ་གཏི་མུག་ལ་ཐུག་ཡོད་པ་བསྟན་ཡོད། འཁོར་ལྟེ་ཡི་སྒོར་དབྱིབས་ཆུང་བའི་མུ་མཐའ་དེ་ཡང་དཀར་ནག་གཉིས་སུ་བགོས་ཤིང་བདེ་འགྲོ་དང་ངན་འགྲོའི་ལམ་དཀར་ནག་གཉིས་མཚོན་ལ། དེ་རུ་ལས་ཀྱི་རྒྱུ་དགེ་བ་བསགས་པ་རྣམས་ལམ་དཀར་པོ་རུ་ཡར་འགྲོ་ཞིང་། ལས་སྡིག་པ་བསགས་མཁན་རྣམས་ལམ་ནག་པོ་རུ་མར་ལྷུང་འགྲོ་བའི་རྣམ་པས་མཚོན་ཡོད། འདི་ལྟ་བུའི་འཁོར་བའི་རྣམ་པ་ཡོངས་སུ་མཚོན་པའི་འཁོར་ལོ་དེ་འཇིགས་སུ་རུང་བའི་གཤིན་རྗེའི་ལག་ཏུ་དམ་པོར་བཅིངས་ཡོད་པ་བྲིས་པས་སེམས་ཅན་རྣམས་སྲིད་པ་གང་རུང་ན་རྣམ་པ་ཇི་ལྟ་བུར་འཚོ་ཡང་མཐར་འཆི་བདག་གི་དབང་དུ་མ་གྱུར་པ་འགའ་ཡང་མེད་པས་ན། དལ་འབྱོར་གྱི་རྟེན་འདི་ལྟ་བུ་ཐོབ་པའི་སྐབས་བཟང་པོ་འདི་འཁོར་བའི་རྒྱུ་རུ་མི་གཏོང་བར་འཁོར་བའི་སྡུག་བསྔལ་ལས་ཐར་བའི་ལས་ལ་འབད་པར་སྐུལ་བ་ནི་དོན་གྱི་སྙིང་པོ་ཡིན་ནོ། ། སྲིད་པའི་འཁོར་ལོ་ཆེན་པོ་འདིའི་གོང་གི་ནམ་མཁའ་ལ་དཀར་གསལ་ཟླ་བ་སྟོན་པའི་རྣམ་པ་ནི་ཞི་བ་མྱང་འདས་འདི་ལྟ་བུ་མ་འཐོབ་ན་ནམ་ཡང་འཁོར་བའི་སྡུག་བསྔལ་ལས་མི་ཐར་བས་ཕྱིར་ན་སྲིད་པ་གསུམ་ན་གནས་པའི་སེམས་ཅན་རྣམས་འཁོར་བ་ལས་ཐར་བའི་ཐབས་དམ་པ་ལ་འབད་པ་འོས་སོ་ཞེས་བསྟན་པ་མཚོན་ནོ། ། མདོར་ན་འཛམ་གླིང་ཆོས་ལུགས་ཆེན་པོ་གསུམ་གྱི་ཡ་གྱལ་ཏེ་སངས་རྒྱས་ཆོས་ལུགས་འདི་ཉིད་ཀྱི་གཏིང་ཟབ་པའི་གཞུང་ལུགས་གང་ཞིག་རི་མོའི་བརྩམས་ཆོས་གཅིག་གིས་མཚོན་པར་བྱས་པ་འདི་ནི་རང་རེའི་བོད་ཀྱི་སྒྱུ་རྩལ་བ་གོང་མ་དག་གི་གཟི་བརྗིད་ཡིན་པ་མ་ཟད། ཕྱི་རབས་རྣམས་ལ་བཞག་པའི་སྒྱུ་རྩལ་གྱི་གཅེས་ནོར་བླ་མེད་ཞིག་ཀྱང་ཡིན་ནོ། ། 
          6.ཀུན་སྤྱོད་བརྗོད་བྱར་འཛིན་པའི་《མཐུན་པ་སྤུན་བཞི་》དེ་ཡང་《མཐུན་པ་སྤུན་བཞི་》ཞེས་པའི་བརྩམས་ཆོས་འདི་ནི་བོད་ཀྱི་དོན་མཚོན་རི་མོའི་ཁྲོད་གོ་གནས་གལ་ཆེན་ཟིན་པའི་བརྩམས་ཆོས་ཤིག་ཡིན་པས་མི་རྣམས་དགའ་མོས་ཆེན་པོ་བྱེད་ཅིང་། ཆེ་བ་དགོན་སྡེ་དང་གཙུག་ལག་ཁང་ནས་ཆུང་བ་ཕལ་པའི་སྡོད་ཁང་བར་ཁྱབ་ཡོད། དེ་ཡང་མཐུན་པ་སྤུན་བཞི་ཞེས་པའི་མཚན་བྱང་དང་རི་མོའི་སྒྲིག་གཞི་གཉིས་ཀྱི་སྟེང་ནས་ཀྱང་མི་ལ་ཚོར་སྣང་ཐུན་མོང་མ་ཡིན་པ་ཞིག་སྐྱེད་ཡོང་པ་ཡིན། ཆོས་ལུགས་ཀྱི་བག་ཆགས་གཏིང་ཟབ་པའི་སྐྱེ་བོ་ཚོའི་སྣང་ངོར། རི་མོ་འདིས་ནི་སངས་རྒྱས་ཀྱི་མཛད་པ་མཚོན་པ་སྟེ། 《མཛད་བརྒྱ་དཔག་བསམ་ཁྲི་ཤིང་》ལས་ཡན་ལག་གྱ་དྲུག་པ་བྱ་སྲེག་པའི་རྟོགས་པ་བརྗོད་པ་ལས་འབྱུང་བ་ལྟར་“་དེའི་དུས་ཀྱི་བྱ་སྲེག་པ་ནི་སངས་རྒྱས་ཤཱཀྱ་ཐུབ་པ་ཡིན་ལ། རི་བོང་ནི་ཤཱ་རིའི་བུ། སྤྲེའུ་ནི་མོ་འགལ་བུ། གླང་ཆེན་ནི་ཀུན་དགའ་བོ་ཡིན་པར་བཤད་པ་”ཇི་བཞིན་ནོ། ། དེས་ན་རི་མོ་རང་ངོས་ཀྱི་ཉམས་འགྱུར་དང་ཆོས་ལུགས་ཀྱི་འགྲེལ་བཤད་གང་ལ་གཞིགས་ཀྱང་བརྩམས་ཆོས་འདིས་མི་ཆོས་ཀུན་སྤྱོད་མཚོན་གྱི་ཡོད་པ་ནི་ཧ་ཅང་གསལ། དེ་ཡང་ཀུན་སྤྱོད་ནི་སྤྱི་ཚོགས་ཤིག་གམ་ཡང་ན་མི་སྒེར་གང་ཡིན་ཀྱང་དེའི་ལེགས་ཉེས་བརྟག་པའི་ཚད་ཤིང་ལྟ་བུ་དང་སྤྱི་ལ་ཕན་པའི་ཀུན་སྤྱོད་ཀྱི་ཚད་གཞི་ཞིག་ནི་འགྲོ་བ་མིའི་སྤྱི་ཚོགས་ཡར་ལྡན་དུ་འཕེལ་བའི་སྒུལ་ཤུགས་གཙོ་བོའང་ཡིན། ཀུན་སྤྱོད་ལ་ཆེ་ཕྱོགས་ནས་དབྱེ་ཚེ་ཆོས་ལུགས་ཀུན་སྤྱོད་དང་མི་ཆོས་ཀུན་སྤྱོད་གཉིས་འདུ་ཞིང་ནང་གསེས་སུ་དབྱེ་ཚེ་ཧ་ཅང་རིགས་མང་བོར་འགྱུར་བས། རེ་རེ་བཞིན་བརྗོད་ཀྱིས་མི་ལང་ཡང་། རང་རེ་རྣམས་ལ་མཚོན་ན་ཆོས་ལུགས་ཀུན་སྤྱོད་ཤུགས་ཆེར་འཕེལ་བའི་དབང་གིས་ཆོས་སྒོར་ཞུགས་ཡོད་མེད་ཚང་མ་ཆོས་ལུགས་ཀུན་སྤྱོད་གཅིག་པོར་བསྟུན་དགོས་ཤིང་། ལོ་རྒྱུས་ཀྱི་གནས་སྐབས་འགའ་རེར་མི་ཆོས་ཀུན་སྤྱོད་ཞེས་པ་དེ་མིང་ཙམ་དུ་ལུས་པའི་གནས་ཚུལ་ཤར་བ་རེད། 《མཐུན་པ་སྤུན་བཞི་》ལ་མཚོན་ན་ཆོས་ལུགས་ཀྱི་ཀུན་སྤྱོད་དང་སྦྱར་ཚེ་གྲུབ་མཐའ་གང་ལའང་འཚམས་ཤིང་སངས་རྒྱས་ཆོས་ལུགས་ཀྱི་དགོངས་དོན་གཞིར་བྱས་ཐོག་ཅི་ལྟར་འགྲེལ་ཡང་མི་འགལ་མོད། མི་ཆོས་ཀུན་སྤྱོད་ཀྱི་ཚད་གཞི་ལ་དྲངས་ཚེ་གནས་ཚུལ་མང་པོ་ཞིག་ཐོན་ཡོང་བ་ཡིན། ང་ཚོས་ཞིབ་འཇུག་གི་གནད་ཀྱང་མི་ཆོས་རིང་ལུགས་ལ་བཅོལ་དགོས་ཤིང་དེ་ལྟར་ན་དེང་གི་སྒྱུ་རྩལ་བྱ་གཞག་ལ་ཕན་པའི་ངེས་ཤེས་གསར་པ་རེ་རྙེད་པར་ཕན་སྙམ། ཕྱོགས་འདི་ནས་བལྟས་ཚེ་བརྩམས་ཆོས་འདི་ནི་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་དང་བྲན་གཡོག་ལམ་ལུགས་ཀྱི་སྤྱི་ཚོགས་གང་རུང་དུ་བྱུང་ཆོག་པ་སྟེ། ངག་རྒྱུན་ལ་“མིས་མི་བཀུར་ན་བླ་མ་དཔོན་པོ། ཤིང་གིས་ཤིང་བཀུར་ན་ལྷ་ཁང་གསས་ཁང་། ”ཞེས་པ་ལྟ་བུའི་བསམ་བློ་ཞིག་བརྩམས་ཆོས་འདིའི་དངོས་སམ་ཤུགས་གང་རུང་ནས་ཡོང་ལ། ལོ་རྒན་གཞོན་གྱི་དབང་གིས་གཞོན་པས་རྒན་པ་བཀུར་བའི་ལུགས་འདི་ནི་རང་རིགས་ཙམ་མ་ཟད་རྒྱ་རིགས་སོགས་མི་རིགས་གཞན་ལའང་སྔ་མོ་ནས་དར་ཡོད་པའི་ཆ་ནས་ཀྱང་སངས་རྒྱས་ཆོས་ལུགས་བོད་དུ་དར་བ་ན་གཞི་ནས་བྱུང་བ་ཞིག་མིན་པ་ནི་རིག་པས་དཔྱད་ན་ཤེས་ལ། འགྲོ་བ་མི་རྣམས་དུད་འགྲོའི་རིགས་ལས་ཁྱད་དུ་འཕགས་པའི་སྒྲུབ་བྱེད་གཙོ་བོ་ཡང་ཀུན་སྤྱོད་ཀྱི་འདུ་ཤེས་ཡོད་མེད་ལ་ཐུག་ཡོད་པ་ཡིན། དེས་ན་ཀུན་སྤྱོད་ཀྱི་ཚད་གཞི་ནི་མིའི་རིགས་ཚོགས་པའི་འཚོ་བ་སྐྱེལ་བ་ནས་ཡོད་ངེས་ལ་དུས་རབས་རེ་རེར་མངོན་སྟངས་མི་འདྲ་བ་རེ་ཡོད་པ་ཙམ་རེད། བརྩམས་ཆོས་འདིར་ལོ་རྒན་གཞོན་གྱི་ཆོས་ཉིད་ལ་བརྩི་བཀུར་བྱས་ཡོད་པ་ཕུད། མི་མངོན་པའི་ཆོས་ཉིད་ཅིག་མཆིས་པ་ནི་སེམས་ཅན་འདི་དག་གི་ལྷན་སྐྱེས་ཀྱི་ལུས་ཆེ་ཆུང་གི་ཆོས་ཉིད་འདི་བཞིན་བྱ་དེ་ལོ་གཞོན་ཤོས་སུ་སྲིད་ཀྱང་ལུས་ཤུགས་ཀྱིས་གླང་ཆེན་འདེགས་མི་ཐུབ་པ་ནི་དོན་གྱི་གནས་ལུགས་ཡིན་པས་ན། ལོ་རྒན་གཞོན་མ་དབྱེ་ཡང་ད་ལྟའི་གནས་སྟངས་འདི་ལས་གཞན་དུ་འདའ་མི་སྲིད། ལྷག་པར་དུ་དེང་གི་ཀུན་སྤྱོད་ཀྱི་མིག་གིས་བལྟས་ཚེ་སྤྲེའུ་ནི་ཡལ་གའི་རི་དྭགས་དང་བྱ་ནི་མཁའ་ལ་འཕུར་ནུས་པ་ཡིན་བཞིན་ཀུན་སྤྱོད་ལ་བརྩི་འཇོག་བྱ་ཕྱིར་གཅིག་གིས་གཅིག་ལ་ཞོན་ཏེ་སྡོད་དགོས་པར་ཤར་ཞིང་། ཡོན་ཏན་རྣམས་ཕྱིར་མངོན་པའི་གོ་སྐབས་འཕྲོགས་པའི་དབང་གིས་དངོས་པོའི་དཔལ་ཡོན་བསྐྲུན་པའི་ནུས་ཤུགས་ཉམས་པའི་སྐྱོན་ལྡན་ཡང་། བརྩམས་ཆོས་ཀྱིས་དུས་རབས་མཚོན་དགོས་པ་ནི་སྒྱུ་རྩལ་གྱི་བླང་བྱ་ཡིན་པས་ན་《མཐུན་པ་སྤུན་བཞི་》ནི་མེས་པོའི་ཤུལ་བཞག་རྩ་འགངས་ཆེ་བ་ཞིག་ཡིན་པ་སྨྲ་མི་དགོས་ཤིང་། བོད་མི་རིགས་འདི་བཞིན་ཡ་རབས་སྤྱོད་བཟང་ཅན་ལ་གོང་བཀུར་དང་སྤྱི་ཡོངས་ཀྱི་ཀུན་སྤྱོད་ཁེ་ཕན་ལ་བརྩི་འཇོག་བྱེད་མཁན་གྱི་མི་རིགས་ཤིག་ཏུ་གྲུབ་པའི་རྒྱུ་རྐྱེན་གཙོ་བོའང་གཅིག་ནས་ཡ་རབས་ཀུན་སྤྱོད་ཀྱི་ལོ་རྒྱུས་རིང་ཞིང་། གཉིས་ནས་འགྲོ་ཀུན་འཚེ་མེད་སྙིང་རྗེས་སྐྱོང་བའི་ཆོས་ལུགས་འདི་ལྟ་བུ་ལྡན་པས་སོ།  ། 
          7.སྣོད་བཅུད་བརྗོད་བྱར་འཛིན་པའི་《ཚེ་རིང་རྣམ་དྲུག་》བརྩམས་ཆོས་དེ་ཡང་བོད་ཀྱི་སྤྱི་ཚོགས་སུ་བེད་སྤྱོད་ཆེ་ཤོས་དང་མི་རྣམས་དགའ་ཤོས་ཀྱི་རི་མོའི་རིགས་ཤིག་ཡིན་ལ།  ཚེ་རིང་རྣམ་དྲུག་ཞེས་པའི་མཚན་བྱང་དང་རི་མོའི་ངོ་ཙམ་གྱི་བརྗོད་བྱ་མཐོང་བ་ཙམ་གྱིས་ཀྱང་མི་ལ་ཞི་བདེ་བག་ཡངས་ཀྱི་སྣང་བ་ཞིག་དབང་མེད་སྟེར་ཡོང་བ་ཡིན། དེ་ཡང་བརྩམས་ཆོས་འདིའི་བརྗོད་དོན་དངོས་ཀྱི་ཐད་མི་མང་པོ་ཞིག་གིས་ཁུངས་བཅོལ་ཡུལ་ནི་པཎ་ཆེན་དགུ་པ་མཆོག་གིས་མཛད་པའི་《ཚེ་རིང་རྣམ་དྲུག་གི་བྱུང་བ་མདོར་བསྡུས་ཚིགས་སུ་བཅད་པ་》ཞེས་པ་དེ་ཡིན་ལ། དེར་“སྔོན་ཚེ་མ་ཧཱ་ཙི་ནའི་ཡུལ་གྲུ་འདིར། ། དུས་གསུམ་སྲས་བཅས་རྒྱལ་བས་བྱིན་བརླབས་པས།  ། མི་འགྱུར་མི་ཞིགས་ཁྱད་ཆོས་བདུན་ལྡན་པའི།  ། གཞོམ་བྲལ་རྡོ་རྗེའི་རང་བཞིན་བྲག་རི་བསྐྲུན།  ། ”ཞེས་འབྱུང་ཞིང་རྗེས་སུ་ཁག་ཅིག་གིས་མ་ཧཱ་ཙི་ནའི་ཡུལ་གྲུ་ཆེན་མོའི་རྣམ་དག་བདེ་ཆེན་གྱི་ཚལ་ཞེས་བྱ་བ་”ཞེས་ས་མིང་གསལ་མདོག་ཁ་པོ་ཞིག་བྲིས་འདུག་ཀྱང་གཞི་གང་ལ་བརྟེན་པ་ནི་མ་མཐོང་། དེས་ན་བོད་ཀྱི་དོན་མཚོན་རི་མོའི་གསར་རྩོམ་གྱི་སྤྱི་ལུགས་དང་བརྩམས་ཆོས་ཁྲོད་ཀྱི་མི་སྣའི་ངོ་གཞིའི་མཚོན་དོན་བཅས་ལ་བརྟགས་ཚེ། བརྩམས་ཆོས་འདི་ནི་བོད་རྒྱ་མི་རིགས་གཉིས་ཀྱི་སྒྱུ་རྩལ་འབྲེལ་འདྲེས་བྱས་པའི་མཚོན་རྟགས་ཤིག་དང་། བོད་ཀྱི་སྒྱུ་རྩལ་བ་གོང་མ་དག་གིས་གཞན་གྱི་ལེགས་ཆ་བསྡུ་བའི་གསར་རྩོམ་ཐད་ཀྱི་ལྟ་སྟངས་ཤིག་མཆིས་པ་ནི་སྣོད་བཅུད་མཐུན་གནས་མཚོན་པ་དེ་རེད། ལྟ་སྟངས་འདི་ནི་དོན་དངོས་དང་འཚམས་ཤོས་ཀྱི་ལྟ་སྟངས་ཉིད་ཡིན་པར་འདོད། དེ་ཡང་གོང་དུ་རླུང་རྟའི་བརྗོད་དོན་བཤད་སྐབས་སོང་ཟིན་པ་བཞིན་བོད་རྣམས་ཀྱིས་འཇིག་རྟེན་ལ་འཛིན་པའི་ལྟ་སྟངས་ནི་སྣོད་བཅུད་གཉིས་གཅིག་མཐུན་གྱི་རྫས་ལས་གྲུབ་ཕྱིར་འདྲ་མཐུན་མཉམ་གནས་ཤིག་ཡིན་པ་དེ་རེད། ལོ་རྒྱུས་ཀྱི་གནས་སྐབས་འདི་ཙམ་ལ་སླེབས་ཚེ་དང་ཐོག་གི་ལྟ་སྟངས་དེ་གོང་འཕེལ་ངེས་ཅན་སོང་ཡོད་པ་ནི་དངོས་པོ་འཕེལ་བའི་ཆོས་ཉིད་ཡིན་ལ། སྒྱུ་རྩལ་རང་སྟེང་ནས་གོང་འཕེལ་ངེས་ཅན་བྱུང་ཡོད་པ་ནི་བརྩམས་ཆོས་རེ་རེའི་ངོས་གཞི་ནས་མཐོང་ཐུབ། དཔེར་ན་《ཚེ་རིང་རྣམ་དྲུག》ལ་དམིགས་བསལ་གྱི་ཁྱད་ཆོས་ཤིག་མཆིས་པ་ནི་སྤྱིའི་བརྗོད་བྱ་སྣོད་བཅུད་མཐུན་གནས་ཡིན་ཀྱང་དེ་དག་ལས་མི་གཙོ་བོར་བཞག་ཡོད་པ་དང་། དེས་མ་ཟད་བྱ་དང་རི་དྭགས་གཉིས་ཀྱང་དེ་དག་སོ་སོའི་རིགས་ལས་ཉམས་ཆུང་ཞི་དུལ་ཅན་གྱི་སེམས་ཅན་རིགས་གདམས་ཡོད་པ་ལས་ཁྱུང་དང་སྟག་ལྟ་བུ་མ་ཡིན་པ་བཅས་རེད། འདི་ལ་རྒྱུ་མཚན་ཆེན་པོ་དང་ལྡན་པ་སྟེ། མི་ནི་འཇིག་རྟེན་བརྗོད་བྱ་གཙོ་བོ་ཡིན་པའི་ཆ་ནས་མིའི་རིགས་ཀྱི་ཤེས་རིག་ཀྱང་འཇིག་རྟེན་འདིར་སྟོབས་ཤུགས་ཆེ་ཤོས་སུ་གྱུར་པ་རེད། དེ་བས་ན་སྣོད་བཅུད་དོ་མཉམ་ན་འཇིག་རྟེན་གྱི་ཕུན་ཚོགས་རིང་དུ་གནས་པའི་གནས་ལུགས་ཤེས་མཁན་ནི་མི་ཡིན་ལ། སྣོད་བཅུད་ལ་གཏོར་སྐྱོན་ཚབས་ཆེན་བཟོ་མཁན་ཡང་མིའི་རིགས་རང་ཡིན། ལྷག་པར་དུ་བདེ་སྐྱིད་ལ་ལོངས་སུ་སྤྱོད་པ་དང་མི་ཚེ་ཡུན་རིང་དུ་གནས་རྒྱུ་ནི་མིའི་རིགས་ཀྱི་གཏན་དུ་གནས་པའི་མོས་འདུན་དྲག་པོ་ཞིག་ཡིན་པའི་ཆ་ནས་ཀྱང་། སྣོད་བཅུད་གཉིས་ཀྱི་གནས་བབས་དང་འབྲེལ་བའི་ཐད་བསམ་བློ་གཏོང་མཁན་ནི་ཧ་ཅང་མང་བ་ཡིན། དེ་ཡང་སངས་རྒྱས་ཆོས་ལུགས་བོད་དུ་རྒྱ་ཆེར་དར་བ་དང་བསྟུན་ཏེ་བོད་མིས་སྣོད་བཅུད་ཐད་ཀྱི་ལྟ་བ་ལའང་སྔར་ལས་ལྷག་པའི་འཕེལ་རྒྱས་བྱུང་སྟེ། བོད་རྣམས་ཀྱིས་“ཚེ་སྲོག་འདྲ་མཉམ་”དུ་ལྟ་ཞིང་འབུ་སྲིན་ཕྲ་མོ་ཙམ་ལའང་འཚེ་བར་མི་བྱེད་ཅིང་གཞན་སུ་ཞིག་སྡིག་བསྔལ་བ་མཐོང་ཚེ་ཚད་མེད་པའི་སྙིང་རྗེ་སྐྱེ་བར་བྱེད་ལ། འཁོར་ཡུག་གི་རི་ཆུ་ཀུན་ལ་མཛེས་པའི་མིང་གིས་འབོད་ཅིང་རྩྭ་ལྗང་རྐང་གཅིག་ཡིན་ཀྱང་རྡོག་བརྫིས་མི་གཏོང་བ་ཡིན། ལྷག་པར་དུ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་རིང་ནས་བཟུང་སྟེ་གང་དུ་དགོན་སྡེ་ཡོད་ན་དེར་“བཙུགས་ཤིང་”ཞེས་ནགས་ཚལ་གླིང་ག་རེ་ཅིས་ཀྱང་ཡོད་དགོས་པའི་སྲོལ་བྱུང་ཞིང་། མ་གྱུར་སེམས་ཅན་གྱི་ལྟ་བས་མི་དང་སེམས་ཅན་གཞན་བར་འདྲ་མཉམ་གྱི་ཐོབ་ཐང་བསྐྲུན་པས་བོད་ཡུལ་ནི་རི་དྭགས་མང་ཤོས་དང་ས་གཙང་ཤོས་ཀྱི་གནས་མཆོག་ཅིག་ཡིན་ཞེས་ཀུན་ལ་གྲགས་སོ།  ། མདོར་ན་སྣོད་བཅུད་ལ་ཤེས་རྟོགས་སྔ་བའི་དབང་གིས་རི་མོའི་ལམ་ནས་མཚོན་པའང་མི་རིགས་གཞན་ལས་སྔ་ངེས་སོ།  ། གཞན་བརྩམས་ཆོས་འདིར་ཚེ་དཔག་མེད་ཅིག་འབྲི་སྲོལ་མཆིས་པ་ནི་ཆོས་ལུགས་ཀྱི་བརྗོད་དོན་ཁ་བསྣོན་བརྒྱབ་པ་ཞིག་ཡིན་པ་ནི་ཤིན་ཏུ་གསལ་ལ། དེ་བཞིན་བྱ་ཁྲུང་ཁྲུང་ནི་བོད་ཀྱི་ལྷ་བྱའི་རིགས་ཤིག་ཡིན་ལ། ཤྭ་བ་དང་ཡུ་མོ་ནི་བོད་ན་ཆེས་མང་བའི་གཡང་དྭགས་རིགས་ཤིག་ཡིན་པ་ནི་ཀུན་གྱིས་ཤེས་གསལ་རེད། དེས་ན་བློ་གྲོས་ཀྱི་འཇུག་པ་ཡངས་པའི་མེས་པོ་ཚོས་སྣོད་བཅུད་མཐུན་གནས་ཐད་ཀྱི་ལྟ་བ་སྟེ་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་གཉིས་ནི་རྟེན་འབྲེལ་གྱི་རང་བཞིན་དུ་གནས་ཤིང་། སེམས་ཅན་ནང་ཁུལ་དུའང་དེ་ལས་མ་འདས་པས་ན་སྣོད་བཅུད་ཀྱི་ཆོས་ཉིད་ལ་བརྩི་སྲུང་བྱས་ཚེ་ད་གཟོད་འཇིག་རྟེན་གྱི་ཕུན་ཚོགས་རིང་དུ་གནས་ཐུབ་པའི་གནས་ལུགས་རྣམས་སྔ་མོ་ཉིད་ནས་ཤེས་ཡོད་པ་མ་ཟད། བོད་མི་རྒན་དར་གཞོན་གསུམ་ཀུན་གྱི་རྒྱུད་ལ་འཇགས་ཡོད་དོ།  ། ལྷག་པར་དུ་བོད་ཀྱི་ཐུན་མོང་མ་ཡིན་པའི་དོན་མཚོན་སྒྱུ་རྩལ་གྱི་ལམ་ནས་བསྟན་ཡོད་པ་སྟེ། ས་གཞིའི་སྙིང་པོ་རྡོ་རྗེ་བྲག་གིས་མཚོན་པས་བྲག་ཚེ་རིང་། འགྲོ་མའི་སྙིང་པོ་སྤྱོད་ལམ་མཛེས་ཤིང་སེམས་རྒྱུད་དྭངས་པའི་དྲང་སྲོང་སྟེ་མི་ཚེ་རིང་། དུས་བཞིར་འགྱུར་ལྡོག་བྲལ་བའི་ཤིང་བཟང་པོ་ཐང་ཤིང་སྟེ་ཤིང་ཚེ་རིང་། ཡན་ལག་བརྒྱད་ཀྱི་ཡོན་ཏན་ཚང་བའི་ཆུ་བཟང་པོ་སྟེ་ཆུ་ཚེ་རིང་། དུད་འགྲོའི་རིགས་སུ་འཚེ་མེད་ཞི་བདེས་འཚོ་བའི་ལྷ་བྱ་ཁྲུང་ཁྲུང་སྟེ་བྱ་ཚེ་རིང་དང་ཤཱ་བ་ཡུ་མོ་སྟེ་རི་དྭགས་ཚེ་རིང་བཅས་ཡིན་ལ། འདི་དག་ཐམས་ཅད་ཞི་བདེ་བག་ཡངས་སུ་འཚོ་ཞིང་འཆི་མེད་ཚེའི་དངོས་གྲུབ་ཐོབ་ཡོད་པ་དེ་ཡང་དྲང་སྲོང་གིས་ཞི་བའི་ཏིང་འཛིན་ཡུན་རིང་དུ་སྒོམ་པའི་མཐུ་ལས་བྱུང་བར་བཤད་པ་ལས་ཀྱང་བརྗོད་དོན་གསལ་བར་བསྟན་ཡོད་པ་མ་ཟད། སྣོད་བཅུད་མཐུན་གནས་ལ་དོ་སྣང་ཆེ་བའི་དེང་གི་སྐབས་སུའང་བརྩམས་ཆོས་འདིའི་རིན་ཐང་ལ་གདེང་འཇོག་གསར་པ་ཡོད་ཆོག་ལ། འདི་ལས་ལྷག་པའི་སྣོད་བཅུད་མཐུན་གནས་ཐད་ཀྱི་ཁྱབ་བསྒྲགས་རི་མོ་ཞིག་གང་དུ་བཙལ་ཀྱང་མི་རྙེད་དོ། ། 
          8.ཆབ་སྲིད་བརྗོད་བྱར་འཛིན་པའི་《སོག་པོ་སྟག་ཁྲིད་》 དེ་ཡང་བརྩམས་ཆོས་འདི་དུས་ནམ་བྱུང་དང་བཟོ་བོ་སུ་ཡིན་སྐོར་ལ་དཔྱད་པ་བཏང་བ་ཞིག་ད་ལྟའི་བར་མ་མཐོང་ཞིང་། ཡི་གེར་བཀོད་པའི་དཔྱད་གཞིའང་རེ་འགའ་ཙམ་ལས་མེད་པ་མ་ཟད། དེ་རྣམས་ནི་ཆོས་ལུགས་ཀྱི་བརྗོད་དོན་ལྟར་“རིག་གསུམ་མགོན་པོ་”མཚོན་པར་བཤད་པ་ཙམ་རེད། དེ་བས་ན་ད་ལྟའི་བར་གདོན་རིགས་འགོག་བྱེད་ཀྱི་སྒོ་སྲུང་ཙམ་མམ། ཡང་ན་རྒྱན་རིས་ཙམ་ལ་བརྩིས་ཏེ་བོད་ཀྱི་ཡུལ་དབུས་སོགས་སུ་ཁང་ཁྱིམ་ལ་རྣམ་པ་འདོན་བྱེད་གཙོ་བོ་ཞིག་ཏུ་གྱུར་ཅིང་མི་རྣམས་དགོངས་དོན་མཚོན་པའི་རྗོད་བྱེད་ཅི་ཡང་མི་མཐོང་སྟེ། རྒྱན་རིས་ཤིག་ཏུ་ངེས་ཚེ་མི་ལ་ཉམས་དགའ་ཞིང་ལྷོད་བག་བྲོ་བའི་ཚོར་སྣང་སྐྱེས་དགོས་པ་ཞིག་ཡིན་ཡང་འདིར་“མིས་སེམས་ཅན་དབང་དུ་བསྒྱུར་བའི་”རྣམ་པ་འདི་ལྟ་བུས་བདེ་སྣང་སྦྱིན་པའི་མཛེས་ཉམས་ཅི་ཞིག་ཐོན། ཆོས་ལུགས་ཀྱི་ནང་དོན་ཞིག་མཚོན་ཟེར་ན་འཇམ་དབྱངས་དང་ཕྱག་རྡོར་གཉིས་ཀྱིས་སྤྱན་རས་གཟིགས་དབང་དུ་བྲན་ཅིང་མཆིས་ལ། བོད་མིས་དགའ་པོ་བྱེད་པའི་“རིག་གསུམ་མགོན་པོ་”སྒོ་སྲུང་དུ་བཀོད་སྲིད་དམ། དེ་བས་ན་བརྩམས་ཆོས་འདི་ཡང་བོད་ཀྱི་དོན་མཚོན་རི་མོའི་ཁྱད་ཆོས་འབུར་དུ་ཐོན་པའི་སྒྱུ་རྩལ་བརྩམས་ཆོས་ཤིག་ཡིན་ལ། ཆབ་སྲིད་ཀྱི་དམིགས་བྱ་ངེས་ཅན་ལྡན་པའི་བརྩམས་ཆོས་ཤིག་ཀྱང་ཡིན་པར་འདོད། དེ་ཡང་ཐོག་མར་བརྩམས་ཆོས་འདིའི་ངོས་གཞི་ཙམ་ལ་གཟིགས་ཚེ། སོག་རིགས་ཀྱི་ཕོ་རྒོད་དར་མ་གཅིག་གིས་རྒྱ་སྟག་རྔམ་ཟིལ་ལྡན་པ་ཞིག་གི་སྐེ་ལ་ལྕགས་ཐག་བསྐོན་དེ་དབང་དུ་བྲན་པའི་ཚུལ་མཐོང་ཡོང་བ་ཡིན། སྣང་ཚུལ་འདི་མཐོང་ཚེ་དཔྱོད་ལྡན་ཚོར་དོག་གཞི་མང་པོ་ཞིག་འབྱུང་སྲིད་ཀྱང་། བརྗོད་བྱའི་ཐད་གོ་བ་གཅིག་མཚུངས་ཤིག་སྐྱེས་ངེས་པ་ནི་བརྩམས་ཆོས་འདིས་“སོག་པོའི་དཔའ་ཉམས་ལ་བསྟོད་བསྔགས་བཏང་འདུག་པ་”དེ་རེད། དེས་ན་སོག་པོའི་དཔའ་ཉམས་ལ་བསྟོད་བསྔགས་བླ་མེད་བཏང་བའི་བརྩམས་ཆོས་འདི་ཅིའི་ཕྱིར་སོག་པོ་ནས་མ་བྱུང་བར་བོད་ལ་བྱུང་དགོས་པ་ཡིན་ནམ། འདིའི་ཐད་ནས་བལྟས་ཚེ་བོད་དང་སོག་པོའི་བར་གྱི་འབྲེལ་བའི་སྐོར་ལ་བསམ་བློ་གཏོང་དགོས་ངེས་ཤིག་ཡིན་པར་མཐོང་བས། ཉེ་བའི་དུས་ཀྱི་ལོ་རྒྱུས་ལ་ཕྱིར་དྲན་བྱས་ཚེ་ཡོངས་གྲགས་སུ་སྤྱི་ལོ་1206ལོར་སོག་རྒྱལ་ཇིང་གིར་ཧན་གྱིས་བོད་ཀྱི་དབུས་གཙང་དུ་དམག་དྲངས་བ་ནས་བཟུང་བོད་སོག་བར་ཆབ་སྲིད་ཐད་ཀྱི་འབྲེལ་བ་ཐོག་མར་བྱུང་བར་བཤད་ལ། སྐབས་དེར་ས་སྐྱ་བས་གཙོས་བོད་ཀྱི་ཆོས་ལུགས་གྲུབ་མཐའ་ཁག་རྣམས་སྔ་རྗེས་སུ་སོག་རྒྱལ་དང་རྒྱལ་སྲས་རྣམས་ལ་མགོ་བཏགས་ཞུས་ཤིང་སོ་སོར་རྒྱབ་རྟེན་བཙལ་བརྩམས། སྤྱི་ལོ་1244ལོར་གོ་དན་རྒྱལ་པོས་ས་སྐྱ་པཎ་ཆེན་གདན་དྲངས། རྗེས་སུ་རྒྱལ་པོ་ཧུ་པི་ལི་སེ་ཆེན་ཧན་གྱིས་འགྲོ་མགོན་འཕགས་པ་གདན་དྲངས་ཤིང་ཆོས་ཀྱི་དབང་གནང་བའི་ཡོན་དུ་བོད་ཆོལ་ཁ་གསུམ་ཕུལ་ཏེ་བོད་ཆེན་པོར་དབང་བསྒྱུར་བར་གྲགས་པའི་ལོ་རྒྱུས་རྣམས་ཀུན་ལ་གསལ་ཕྱིར་མང་དུ་སྤྲོས་པའི་ངལ་བ་སྤངས་སོ། ། མདོར་ན་ཡོན་རྒྱལ་རབས་ནས་བོད་སོག་བར་འབྲེལ་བ་བྱུང་ནས་བཟུང་འབྲེལ་བ་ཟབ་ཤོས་ཀྱི་དུས་རིམ་གཉིས་ནི་ས་སྐྱ་བའི་དུས་དང་དགའ་ལྡན་ཕོ་བྲང་གི་དུས་ཡིན་པའི་ཕྱིར་ན། 《སོག་པོ་སྟག་ཁྲིད་》 འདི་འབྱུང་བའི་དུས་ཀྱང་དུས་རིམ་འདི་གཉིས་ལས་གཅིག་ལ་ངེས་དགོས་པ་ནི་རིག་པས་དཔྱད་ན་ཤེས་ལ། ལོ་རྒྱུས་སྟེང་བྱུང་མྱོང་བའི་དོན་རྐྱེན་མང་པོ་ཞིག་བསྡུས་ཏེ་དཔྱད་ཚེ་དུས་རིམ་རྗེས་མ་དེར་འབབ་པའི་དཔང་རྟགས་ཅུང་མང་བར་མཐོང་བ་སྟེ། ཀབོད་ཀྱི་ཆོས་ལུགས་པ་རྣམས་ཀྱི་འགྲེལ་ལུགས་ལ་བརྩམས་ཆོས་འདིས་རིག་གསུམ་མགོན་པོ་མཚོན་གྱི་ཡོད་པར་བཤད་དོ།  ། དེ་ལྟར་ན་སོག་མིས་འཇམ་དབྱངས་དང་སྟག་གིས་སྤྱན་རས་གཟིགས་མཚོན་པ། ལྕགས་ཐག་གིས་ཕྱག་ན་རྡོ་རྗེ་མཚོན་གྱི་ཡོད་པ་ཡིན། བཤད་སྟངས་འདིས་གནད་དོན་ཞིག་སྟོན་གྱི་ཡོད་པ་ནི་ཀུན་གྱིས་ཤེས་གསལ་ལྟར་ཡོངས་གྲགས་སུ་ཏཱ་ལའི་བླ་མ་ནི་པད་དཀར་འཛིན་པ་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དང་གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་ནི་ཕྱག་ན་རྡོ་རྗེ་རྣམ་སྤྲུལ་ཡིན་པ། གོང་མ་རྒྱལ་བོ(སེ་ཆེན་ཧན་)ནི་འཇམ་དབྱངས་རྣམ་སྤྲུལ་ཡིན་པར་བཤད་པ་དེ་རེད། ཤོད་རྒྱུན་འདིས་ང་ཚོར་སྐབས་དེའི་བོད་སོག་བར་གྱི་ཆབ་སྲིད་གནས་སྟངས་གསལ་པོར་བསྟན་ཅིང་། མཚན་མི་སྣང་བའི་སྒྱུ་རྩལ་བ་གང་གི་ཁྱད་དུ་འཕགས་པའི་རྩལ་ནུས་ལ་བརྟེན་ནས་ཧ་ཅང་རྙོག་འཛིང་ཆེ་བའི་ཆབ་སྲིད་ཀྱི་ངོ་བོ་དོན་མཚོན་རི་མོའི་ལམ་དུ་གསལ་བསྒྲགས་བྱས་པ་ཞིག་ཡིན་པ་ཤེས་སླ། ཁདེ་ཡང་བརྩམས་ཆོས་ཁྲོད་ཀྱི་སོག་མིས་ཏཱ་ལའི་སྐུ་ཕྲེང་ལྔ་པ་མཚོན་ཞིང་ལྕགས་ཐག་གིས་གུ་ཤྲཱི་ཧན་མཚོན་པ། སྟག་གིས་དགེ་ལུགས་པའི་གྲུབ་མཐར་སྡང་བའི་གཙང་པ་སྡེ་སྲིད་སོགས་མཚོན་པར་བཤད་ལ། གཞན་ཡང་སྐབས་དེའི་བོན་གྱི་ལུགས་སྤེལ་མཁན་དེའི་ལོ་རྟགས་ཀྱང་སྟག་ཡིན་པར་བཤད་དོ། ། གོང་གི་བཤད་སྟངས་འདི་རྣམས་བསྡུས་ཏེ་བལྟས་ཚེ། བཤད་སྟངས་རྗེས་མ་འདི་ཅུང་གནས་ཚུལ་དངོས་དང་མཐུན་པར་སྙམ་སྟེ། ཏཱ་ལའི་སྐུ་ཕྲེང་ལྔ་པའི་དུས་སུ་དགེ་ལུགས་པའི་གྲུབ་མཐའ་རྒྱ་སྐྱེད་ཅིང་དགའ་ལྡན་ཕོ་བྲང་གི་སྲིད་དབང་སྲ་བརྟན་ཡོང་ཕྱིར་གུ་ཤྲཱི་ཧན་གྱི་དམག་ཤུགས་ལ་བརྟེན་ནས་གྲུབ་མཐའ་གཞན་རྣམས་ལ་རྡུང་རྡེག་ཤུགས་ཆེན་བཏང་བ་རེད་ལ། གུ་ཤྲཱི་ཧན་གྱི་རོགས་རམ་དང་རྒྱབ་སྐྱོར་བྱས་པའི་དྲིན་ལན་མཚོན་ཕྱིར་བསྟོད་བསྔགས་བཏང་བ་ཞིག་ཡིན་པར་འདོད་དེ། ལྔ་པ་མཆོག་གིས་གུ་ཤྲཱི་ཧན་ལ་“བསྟན་འཛིན་ཆོས་ཀྱི་རྒྱལ་པོ་”ཞེས་པའི་མཚན་གྱིས་ཆེ་བ་བརྗོད་པ་སོགས་ལས་ཟུར་ཙམ་རྟོགས་ནུས་ཤིང་། ས་སྐྱ་བའི་དུས་སུ་བོན་ཕུད་པའི་གྲུབ་མཐའ་གཞན་རྣམས་ལ་འདྲ་མཉམ་དང་མཐུན་སྒྲིལ་གྱི་བྱེད་ཕྱོགས་བསྟར་ཡོད་པར་བཤད་པས་གྲུབ་མཐའི་བར་གྱི་འཐབ་རྩོད་དགའ་ལྡན་ཕོ་བྲང་གི་དུས་སྐབས་ནང་བཞིན་ཛ་དྲག་མེད་པ་དང་། ཆོས་ལུགས་པའི་འགྲེལ་སྟངས་དང་ཡང་གཅིག་ཏུ་མི་གནས་པ་སྟེ། སྤྱིར་ས་སྐྱ་པ་ནི་འཇམ་དབྱངས་འཁོན་གྱི་རིགས་དང་འགྲོ་མགོན་འཕགས་པ་ནི་སྣང་བ་མཐའ་ཡས་ཀྱི་རྣམ་སྤྲུལ་ཡིན་པར་བཤད་དོ། ། གོང་གི་ལྟ་ཚུལ་དང་མཐུན་པའི་སྣང་ཚུལ་གཞན་ཞིག་ནི་བོན་སོགས་གྲུབ་མཐའ་འགའ་ཞིག་ལ་ད་ལྟའི་《སོག་པོ་སྟག་ཁྲིད་》 འདི་འབྲི་བའི་སྲོལ་མེད་པ་མ་ཟད་དེ་ལ་དགའ་པོ་མི་བྱེད་པ་ཡིན་ཞེས་གྲུབ་མཐའ་དེ་དག་གི་རྗེས་འཇུག་རྣམས་ཀྱིས་སྨྲའོ། ། དེ་བས་ན་དོན་མཚོན་རིང་ལུགས་ཀྱི་བརྩམས་ཆོས་འདི་ཡང་ན་འཇམ་པའི་དབྱངས་དང་ཕྱག་ན་རྡོ་རྗེ་གཉིས་ཀྱིས་སྤྱན་རས་གཟིགས་དབང་དུ་བཀོལ་བའི་《སོག་པོ་སྟག་ཁྲིད་》འདི་ནི་དགའ་ལྡན་ཕོ་བྲང་གི་དུས་སུ་དགེ་ལུགས་པའི་རྗེས་སུ་འཇུག་པའི་སྒྱུ་རྩལ་པ་གསར་རྩོམ་ལ་བློ་རྒྱ་ཡངས་ཤིང་ཆབ་སྲིད་ཀྱི་རྟོགས་པ་མཐོ་བ་ཞིག་གིས་གསར་རྩོམ་གནང་ཞིང་། སོག་པོའི་ཆེ་བ་བརྗོད་ཅིང་སོག་པོར་ངོ་སོ་བསྟོད་པའི་ཞོར་དུ་རང་རིགས་ཀྱི་ཆབ་སྲིད་མདུན་ལམ་ལ་མནོ་བསམ་ཟབ་མོ་མཛད་ཡོད་པ་ཞིག་རེད། (སྐབས་དེ་ནི་བོད་ལ་སྒྱུ་རྩལ་པ་གྲགས་ཅན་མང་པོ་འབྱུང་བའི་དུས་ཤིག་ཡིན། )དེ་ཡང་དང་ཐོག་བརྩམས་ཆོས་འདི་སོག་པོའི་གཞིས་སྒར་དུ་བྲིས་ཤིང་རིམ་གྱིས་བླ་བྲང་ཁག་དང་སྐུ་དྲག་རྣམས་ཀྱི་ཁྱིམ་ཚང་སོགས་སུ་དར་ཏེ་དབང་ཐང་དང་སྟོབས་འབྱོར་མཚོན་པའི་རྟགས་སུ་བརྩི་ཞིང་། ཕྱིས་སུ་མི་རྣམས་ཀྱི་འཚོ་རྐྱེན་ལེགས་སུ་འཕེལ་བར་བསྟུན་ཏེ་སྤྱི་ཡོངས་ནས་སྤྱོད་པའི་རྒྱན་རིས་ལྟ་བུ་ཞིག་ཏུ་འགྱུར་བར་སྙམ་མོ།  ། 
          གསུམ་པ།  རིག་གནས་ལོ་རྒྱུས་ཐད་ཀྱི་རིན་ཐང་། 
          1.དེ་ཡང་འདིར་གླེང་བཞིན་པའི་དོན་མཚོན་རིང་ལུགས་ནི་ནུབ་ཕྱོགས་ཡོ་རོབ་པའི་སྒྱུ་རྩལ་ཁྲོད་ཀྱི་དོན་མཚོན་རིང་ལུགས་དང་གཅིག་མཚུངས་མ་ཡིན་ལ། རང་རྒྱལ་རྒྱ་རིགས་ཀྱི་རི་མོའི་ཁྲོད་ཀྱི་བརྗོད་དོན་ཆེར་མཚོན་རིང་ལུགས་ཀྱི་སྒྱུ་རྩལ་རྣམ་པ་དང་ཡང་མི་འདྲ་བར། དེ་ནི་མཐོ་སྒང་ཤེས་རིག་གི་ཁྱད་ཆོས་ལས་བྱུང་བའི་སྒྱུ་རྩལ་རྣམ་པ་ཞིག་ཡིན། ཁྱད་ཆོས་འདི་ནི་རི་མོ་ཙམ་མ་ཟད་བོད་ཀྱི་སྒྱུ་རྩལ་རིགས་ཀུན་ལ་གནས་པའི་མངོན་སྟངས་ཡག་ཤོས་ཤིག་ཡིན་ལ།  དེར་གཏིང་ཟབ་པའི་རིག་གནས་རིན་ཐང་ལྡན་ཡོད། 
          2.དེ་ཡང་ལོ་ངོ་ཁྲི་གཅིག་ཡར་སྔོན་ཙམ་ན་མིའི་རིགས་ཀྱི་སྤྱི་ཚོགས་དེ་རྡོ་ཆས་གསར་མའི་དུས་རིམ་ལ་སླེབས་ཤིང་། ངལ་རྩོལ་ཁྲོད་བེད་སྤྱོད་བྱེད་པའི་ཡོ་བྱད་གཙོ་བོ་ནི་བཅག་བརྡར་ལ་བརྟེན་ནས་བཟོས་པའི་རྡོ་བའི་ཡོ་བྱད་དང་། རྫ་ཆས། རུས་བརྐོས། འཐག་བསླས་རིགས་དང་རི་མོ་སྟབས་བདེ་སྣ་ཚོགས་བཅས་འབྱུང་བ་ནི་འཛམ་གླིང་ཡུལ་གྲུ་ཕལ་མོ་ཆེའི་ཐུན་མོང་གི་ཁྱད་ཆོས་ཤིག་རེད། དེས་ན་ལོ་ངོ་ཁྲི་གཅིག་ནས་ཁྲི་གསུམ་ཡར་སྔོན་གྱི་རྡོ་ཆས་རྙིང་མའི་དུས་དང་དེ་ལས་ཀྱང་སྔ་བའི་དུས་ཡུན་རིང་མོའི་ནང་། ཁྱོན་ཡངས་པའི་མཐོ་སྒང་དུ་འཚོ་བའི་གནའ་མི་ཚོས་རི་དྭགས་རྔོན་པ་ནས་རིམ་གྱིས་རི་དྭགས་སྒོ་ཕྱུགས་སུ་བཀུག་སྟེ་འབྲོག་པའི་རིག་གནས་ཀྱི་རྣམ་པར་འཕོ་འགྱུར་བྱུང་བ་རེད། འདི་ནི་བོད་ཀྱི་གདོད་མའི་སྤྱི་ཚོགས་ལོ་རྒྱུས་ཀྱི་འགོ་བརྩམས་ཡུལ་ཡིན་པར་བརྟེན། ལོ་ངོ་ཁྲི་ཕྲག་མང་པོའི་བོད་ཀྱི་གདོད་མའི་རིག་གནས་ཕྱུགས་ལས་རིག་གནས་ཡིན་ལ། ལོ་རྒྱུས་ནི་ཕྱུགས་ལས་ལོ་རྒྱུས་ཡིན་པར་འདོད་དོ།  ། དེའི་དབང་གིས་རྒྱ་མཚོའི་རིག་གནས་དང་གཤོངས་སའི་རིག་གནས་ཁྲོད་འཚར་ལོངས་བྱུང་བའི་ཞིབ་འཇུག་པ་འགའ་ཞིག་གིས་ཡུན་རིང་བཙལ་ཀྱང་ཁྱུང་ལུང་དངུལ་མཁར་གྱི་རྗེས་ཤུལ་མ་རྙེད་ལ། ཐུ་བྷོད་རྒྱལ་རབས་ཀྱི་ཕོ་བྲང་ཐོག་མར་གྲགས་པའི་ཡུམ་བུ་བླ་མཁར་ཀྱང་དེ་ཙམ་རྒྱ་མི་ཆེ་བར་མཐོང་གི་ཡོད་པ་མ་ཟད། ཐ་ན་གྲོང་ཁྱེར་ཆེན་པོའི་གནའ་ཤུལ་སོགས་མ་རྙེད་པའི་དབང་གིས་ཐུ་བྷོད་ཀྱི་སྟོབས་ཤུགས་ལ་དོག་པ་སྐྱེས་ཀྱི་ཡོད་པ་རེད། ཚུལ་འདི་ནི་དེང་དུས་སུ་འབྲོག་པ་རྣམས་ཀྱི་ཧ་ཅང་རྒྱ་ཆེ་བར་རློམ་པའི་དགོན་པ་དང་འདུ་ཁང་རྣམས་རོང་བའི་མིག་ལམ་དུ་བྱུང་བ་ལྟ་བུ་རེད། 
          3.དོན་མཚོན་རིང་ལུགས་ཀྱི་རི་མོ་འདི་དག་ལས་ལོ་རྒྱུས་ཀྱི་དུས་སྐབས་མང་པོ་ཞིག་གི་གནས་སྟངས་སམ་ཁྱད་ཆོས་ལ་ཤེས་རྟོགས་བྱེད་པར་དཔྱད་གཞི་གཞན་ལས་ལྷག་པའི་ནུས་པ་འདོན་ཐུབ། དེ་ཡང་ཕྱུག་ལས་རིག་གནས་ཀྱི་ཁྱད་ཆོས་ལྟར་བོད་ཀྱི་སྒྱུ་རྩལ་རྣལ་མ་རིགས་ནི་ཁ་གསལ་དོན་འདུས་ཀྱི་ཁྱད་ཆོས་ལྡན་པ་ཤ་སྟག་ཡིན། སྒྱུ་རྩལ་གྱི་སེམས་ཁམས་མངོན་ཡུལ་གཙོ་བོ་ནི་འཚོ་བའི་ཉེར་སྤྱད་ལ་རྒྱན་སྤྲས་བྱེད་པ་དེ་ཡིན་ལ་དེར་རྡོ་ཆས་གསར་མའི་དུས་ཀྱི་སྒྱུུ་རྩལ་དང་ཡོ་བྱད་གཉིས་ལྕོགས་ཀྱི་སྣང་ཚུལ་རྒྱུད་འཛིན་བྱས་ཡོད། དེའི་དབང་གིས་བོད་ནི་འཛམ་གླིང་སྟེང་གོས་རྒྱན་དང་ཆ་ལུགས་ལ་སྒྱུ་རྩལ་དང་རྒྱུ་དངོས་གཉིས་ཐད་ཀྱི་རིན་ཐང་ཆེ་ཤོས་དང་དང་དོད་ཚ་ཤོས་ཀྱི་མི་རིགས་ཤིག་ཡིན་ལ། དེས་མ་ཟད་བོད་རིགས་རྣམས་ཀྱིས་ཀ་ཅ་ཡོ་བྱད་ལ་གཅེས་སྤྲས་དང་མཛེས་རྒྱན་སྤྲས་པ་བརྒྱུད་དངོས་པོ་རང་ཉིད་ལས་ལྡབ་བརྒྱ་ཕྲག་གིས་ཕྱུག་པའི་རིག་གནས་སྒྱུ་རྩལ་གྱི་རིན་ཐང་ལྡན་ཡོད་པ་བཅས། མདོར་ན། དོན་མཚོན་རིང་ལུགས་ནི་རི་མོ་ཙམ་མ་ཟད་བོད་ཀྱི་མཛེས་རྩལ་ཁྱབ་ཁོངས་ཧྲིལ་པོའི་ཁྲོད་ཀྱི་རྣམ་པ་གལ་ཆེན་ཞིག་དང་བོད་ཀྱི་རིག་གནས་ལོ་རྒྱུས་ཀྱི་གྲུབ་འབྲས་ཆེན་པོ་ཞིག་རེད། 
          བཞི་བ། མཇུག་བསྡུ་བའི་གཏམ། 
          དེ་ཡང་བོད་རིག་པར་ཞིབ་འཇུག་བྱེད་པ་ནི་འཛམ་གླིང་ཤེས་རིག་ཞིབ་འཇུག་རྣམ་གྲངས་ཁྲོད་ཀྱི་ནང་དོན་གལ་ཆེན་ཞིག་ཏུ་གྱུར་ཅིང་གནས་འདིར་འཇུག་མཁན་ལོ་རེ་བཞིན་མང་དུ་འགྲོ་བ་དང་ཞིབ་འཇུག་གི་ཁྱབ་ཁོང་ལོ་རེ་བཞིན་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར། བོད་ཀྱི་ལོ་རྒྱུས་རིག་པའི་ཐུན་མིན་ཁྱད་ཆོས་ལ་ངོས་འཛིན་ཡང་དག་པ་བྱས་སྟེ། བོད་རང་ས་ན་གནས་པའི་དཔྱད་གཞི་རྣམས་གཙོར་འཛིན་རྒྱུ་ནི་ལོ་རྒྱུས་དངོས་གཙོ་སྨྲ་བའི་བྱེད་སྟངས་གཙོ་བོ་ཡིན་པའི་ངོས་ཟིན་ཀྱང་གོང་འཕེལ་ཆེན་པོ་འགྲོ་བཞིན་ཡོད། སྤྱིར་ན་མི་རིགས་གང་ཞིག་ཡིན་ཀྱང་ད་ལྟའི་གནས་སྟངས་ལ་གདེང་འཇོག་ལུགས་དང་མཐུན་པ་ཞིག་དགོས་ཚེ་མི་རིགས་གང་དེའི་སྔ་མོའི་ལོ་རྒྱུས་ཆེད་ཁུངས་དང་འཕེལ་འགྱུར་བརྒྱུད་རིམ་ལ་ངེས་ཤེས་ཡང་དག་པ་ཞིག་ཡོད་རྒྱུ་ནི་ཆོས་ཉིད་ལྟ་བུ་རེད། དེའི་དབང་གིས་ཁོ་བོས་གོང་དུ་གླེང་ཟིན་པའི་སྒྱུ་རྩལ་བརྩམས་ཆོས་དེ་དག་ལ་སྒྱུ་རྩལ་ཐད་ཀྱི་དཔྱོད་རིན་ཆེན་པོ་ཡོད་པ་ཕུད། བོད་ཀྱི་རིག་གནས་ལོ་རྒྱུས་སྤྱིའི་ཐད་ནས་ཀྱང་དཔྱོད་རིན་ཆེན་པོ་ལྡན་ཡོད་པར་སྙམ་སྟེ། དེ་ཡང་ད་ལྟ་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་བྱེད་མཁན་ཚོས་མཛེས་རྩལ་ཐོན་དངོས་ལ་ཤེས་རྟོགས་བྱེད་ཡས་མི་འདང་ཤིང་། ལྷག་པར་དུ་གནའ་བོའི་མཛེས་རྩལ་ཐོན་རྫས་ལ་ཤེས་ནུས་ཞན་པའི་དབང་གིས་མཛེས་རྩལ་མང་པོ་བེད་སྤྱོད་བྱེད་ཐུབ་མེད་ཅིང་། ཐ་ན་གོང་དུ་གླེང་ཟིན་པའི་རི་མོའི་བརྩམས་ཆོས་དེ་དག་ཀྱང་མགྲིན་གཅིག་ཏུ་ཆོས་ལུགས་ཁོ་ནར་འདོད་པའི་སྣང་ཚུལ་ནི་ཧ་ཅང་རྒྱུན་འབྱམས་སུ་གྱུར་པའི་གནས་ཚུལ་ཞིག་རེད། སྤྱིར་ན་རི་མོ་ནི་མི་རིགས་གང་ཞིག་ཡིན་ཀྱང་གནའ་བོའི་རིག་གནས་ལོ་རྒྱུས་ལ་ཤེས་རྟོགས་བྱེད་པའི་དཔང་རྟགས་གལ་ཆེན་ཞིག་ཡིན་ལ། རིག་གནས་དར་བའི་མི་རིགས་ཀུན་གྱིས་མཐོང་ཆེན་བྱེད་ངེས་པའི་དཔྱད་གཞི་གལ་ཆེན་རིགས་ཤིག་ཡིན། འགྲོ་བ་མིའི་རིགས་ལ་ཡི་གེ་དངོས་སུ་མ་བྱུང་བའི་ཡར་སྔོན་གྱི་གནས་ཚུལ་རྣམས་རི་མོའི་ལམ་ནས་ཤེས་རྟོགས་བྱ་དགོས་ཤིང་། རི་མོ་ནི་ཡིག་རིགས་ཀུན་གྱི་མེས་པོའམ་འབྱུང་ཁུངས་རེདཅེས་བཤད་ཆོག དེའི་དབང་གིས་ང་ཚོས་བོད་རིགས་རྣམས་ལ་མར་དང་རྩམ་པ་ལྟར་གོམས་པའི་རི་མོ་འདི་རིགས་ཀྱི་བརྗོད་དོན་ལ་དངོས་ཡོད་རིང་ལུགས་ཀྱི་ལམ་ནས་ཞིབ་དཔྱད་བྱས་ཚེ། དེ་ནི་ཆོས་ལུགས་ཀྱི་ལྟ་བ་ཁོ་ནས་འགྲེལ་ཐུབ་པ་ཞིག་དང་ཡང་ན་བརྩམས་ཆོས་ཕན་ཚུན་བར་དུས་ཚོད་དང་བསམ་བློའི་འབྲེལ་བ་མེད་པ་ཞིག་གཏན་ནས་མ་ཡིན་པར། དེར་དུས་ཀྱི་སྔ་ཕྱི་དང་ལོ་རྒྱུས་ཀྱི་གནས་བབས་རེ་རེའི་ཁྱད་ཆོས་ངེས་ཅན་ལྡན་པ་མ་ཟད། དེ་དག་གི་ཁྲོད་དུ་བོད་མིའི་ཤེས་རིག་གི་སྙིང་བཅུད་འདུས་ཡོད་པ་རེད། དཔེར་ན། གཡུང་དྲུང་བོན་མ་བྱུང་གོང་གི་བོད་མིའི་འཇིག་རྟེན་ལྟ་སྟངས་མཚོན་པའི་《རླུང་རྟ་》 དང་ཐུ་བྷོད་རྒྱལ་རབས་གཅིག་གྱུར་མ་བྱུང་གོང་ཙམ་དུ་བྱུང་བའི་《མི་མཐུན་གཡུལ་ལས་རྒྱལ་བའི་མཚན་མ》 《རྒྱལ་སྲིད་སྣ་བདུན》བོད་ལ་ཆོས་ལུགས་རྒྱ་ཆེར་དར་རྗེས་སུ་བྱུང་བའི་《སྲིད་པའི་འཁོར་ལོ》དང་《ཚེ་རིང་རྣམ་དྲུག》ས་སྐྱ་བའི་དུས་ཀྱི་《རྨ་བྱ་ཆོས་འཁོར་》དང་། དགེ་ལུགས་པའི་《རི་དྭགས་ཆོས་འཁོར་》དགའ་ལྡན་ཕོ་བྲང་གི་དུས་སུ་བྱུང་བའི་《སོག་པོ་སྟག་ཁྲིད་》སོགས་ཀྱིས་མཐོ་སྒང་ཤེས་རིག་གི་ལོ་རྒྱུས་དུས་སྐབས་རེ་རེའི་རིག་གནས་སྣང་ཚུལ་གཙོ་བོ་རེ་མཚོན་གྱི་ཡོད་པ་རེད། དེའི་དབང་གིས་གོང་གི་རི་མོ་འདི་རྣམས་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ནང་མི་རྣམས་ཀྱིས་ཡོངས་སུ་དང་ལེན་བྱས་ཤིང་། སྟོད་མངའ་རིས་སྐོར་གསུམ་ནས་སྨད་མདོ་ཁམས་སྒང་དྲུག་བར་གྱི་བོད་རིགས་སུ་གཏོགས་ཚད་ཀུན་ལ་རྒྱུས་མངའ་ཆེ་བ་མ་ཟད་གཅིག་མཚུངས་ཀྱི་གོ་བ་ལེན་གྱི་ཡོད་ལ། འཚོ་བའི་རྒྱན་སྤྲས་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད། ཆོས་ལུགས་སྒྱུ་རྩལ་གྱི་ཐད་ནས་ཀྱང་དོན་མཚོན་རིང་ལུགས་ཀྱི་བརྩམས་ཆོས་ཀྱིས་གཞན་དྲང་མི་འཇོག་པའི་ནུས་པ་ཐོན་ཡོད། ལྷག་པར་དུ་གནའ་བོའི་དུས་ཀྱི་མཐོ་སྒང་མི་རིགས་ཀྱི་སྤྱི་ཚོགས་གནས་སྟངས་དང་ཐོན་སྐྱེད་ཆུ་ཚད། མཛེས་དཔྱོད་ཚད་གཞི་དང་འཇིག་རྟེན་ལྟ་བ་སོགས་ལ་ཤེས་རྟོགས་བྱེད་པར་དཔྱད་གཞི་གཞན་གྱིས་འགྲན་མི་ནུས་པའི་རིན་ཐང་ལྡན་ཡོད་དོ།  ། 
          དཔྱད་གཞི། 
          (1)《བོད་ཀྱི་ལོ་རྒྱུས་རག་རིམ་གཡུ་ཡི་ཕྲེང་བ》བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་དང་ནོར་བྲང་ཨོ་རྒྱན།  
          (2)《བསྟན་བཅོས་བེེཊཱར་དཀར་པོ་ལས་དྲི་ལན་འཁྲུལ་སྣང་གཡའ་སེལ་དོན་གྱི་བཞིན་རས་སྟོན་བྱེད་ཅེས་བྱ་བ་བཞུགས་ སོ》ཞོལ་དཔར་ཁང་།  སྡེ་སྲིད་སངས་རྒྱས་རྒྱ་མཚོ། 
          (3)《བོད་ཀྱི་དམངས་སྲོལ་གཅེས་བསྡུས་》སྤང་རྒྱན་མེ་ཏོག་རྩོམ་སྒྲིག་ཁང་ནས་བསྒྲིགས།  
          (4)《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས》བོདལྗོངས་མི་དམངས་དཔེ་སྐྲུན་ཁང་།  དཔལ་ཚུལ།  །  
          (5)《བཟོ་གནས་སྐྲ་རྩེའི་ཆུ་ཐིགས》ཀྲུང་གོའི་བོད་ཀྱི་ཤེས་རིག་བོད་ཀྱི་རི་མོ་ལས་དོན་མཚོན་རིང་ལུགས་ཀྱི་ཁྱད་ཆོས་སྐོར་ལ་ཐོག་མར་དཔྱང་དཔེ་སྐྲུན་ཁང་།  དཀོན་མཆོག་བསྟན་འཛིན།  
          (6)《བོད་ལྗོངས་ནང་བསྟན》དུས་དེབ་ཁག 
          (7)《བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག》དུས་དེབ་ཁག
          (8)《བོད་ལྗོངས་ཞིབ་འཇུག》ཁག 
          (9)《ཀྲུང་གོའི་བོད་ཀྱི་ཤེས་རིག》ཁག
          (10)《དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས》 ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་བསྐྲུན།  
          (11)《དཔག་བསམ་ཁྲི་ཤིང་》ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  པདྨ་ཆོས་འཕེལ། 
          (12) 《ཞང་བོད་ལོ་རྒྱུས་ཏི་སེའི་འོད》ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ནམ་མཁའི་ནོར་བུ། 
          (13) 《བོད་ཀྱི་རི་མོའི་སློབ་དེབ་ལག་ལེན་ཞུན་ཐིགས》ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། བསྟན་པ་རབ་བསྟན། 
          (14)《སྒྱུ་རྩལ་དང་ཆོས་ལུགས》སན་ལེན་དཔེ་ཁང་དཔེ་སྐྲུན་ཁང་།  ཨུ་རུ་སུའི་ཝོ་གད་ལེ་ནོ་ཝེ་ཆེས་བརྩམས།  ཝང་ཤན་དང་ལེ་ཕིང་གཉིས་ཀྱིས་བསྒྱུར།  
          (15)《མར་ཁེ་སི་རིང་ལུགས་ཀྱི་གྲགས་ཅན་བརྩམས་ཆོས་ཕྱོགས་བཏུས》མཐོ་རིམ་སློབ་གསོ་དཔེ་སྐྲུན་ཁང་།  ཁྲེ་ཡིས་ ལུང་གིས་གཙོ་སྒྲིག་བྱས།  
          (16)《འཛམ་གླིང་ལོ་རྒྱུས》འོད་གསལ་ཚགས་པར་དཔེ་སྐྲུན་ཁང་། ཁྲོ་ཧྥན་སོགས་ཀྱིས་བསྒྲིགས།  
          (17)《སྒྱུ་རྩལ་སྣང་ཚུལ་གྱི་བརྡ་རྟགས》མི་དམངས་རྩོམ་རིག་དཔེ་སྐྲུན་ཁང་།  ཧཱད་ཤིན།  
          (18)《མཛེས་རིག》ཀྲུང་ལེ་ཡོན། མཐོ་རིམ་སློབ་གསོ་དཔེ་སྐྲུན་ཁང་།  
          (19)《བོད་དང་སོག་པོའི་ནང་བསྟན》— ཏུའུ་ཆེ།  ཐེན་ཅིང་གནའ་དཔེ་དཔེ་སྐྲུན་ཁང་།  
          (20)《བོད་ཀྱི་གདོད་མའི་སྒྱུ་རྩལ》—ལེ་ཡོན་ཤན། ཧད་པེ་སློབ་གསོ་དཔེ་སྐྲུན་ཁང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1