ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་སློབ་གྲྭའི་བསམ་བློ་ཆབ་སྲིད་རིགས་གཞུང་བསླབ་ཚན་དགེ་རྒན་གྱི་བཞུགས་མོལ་ཚོགས་འདུ་བསྡུས་པར་མ་ཟད་གསུང་བཤད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 03-19


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ3པའི་ཚེས18ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་ནས་འགོ་འཛིན་མཛད་དེ་སློབ་གྲྭའི་བསམ་བློ་ཆབ་སྲིད་རིགས་གཞུང་བསླབ་ཚན་དགེ་རྒན་གྱི་བཞུགས་མོལ་ཚོགས་འདུ་བསྡུས་པར་མ་ཟད་གསུང་བཤད་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་བཞུགས་མོལ་ཚོགས་འདུར་ཞུགས།
        བཞུགས་མོལ་ཚོགས་འདུའི་སྟེང་ཞི་ཅིན་ཕིང་གིས་ཐོག་མར་འདིར་བཞུགས་ཀྱི་དགེ་རྒན་དང་རྒྱལ་ཡོངས་ཀྱི་སློབ་གྲྭ་ཆེན་མོ་དང་འབྲིང་རིམ་སློབ་གྲྭ། སློབ་ཆུང་བཅས་ཀྱི་བསམ་བློ་ཆབ་སྲིད་རིགས་གཞུང་བསླབ་ཚན་གྱི་དགེ་རྒན་ཡོངས་ལ་བརྩེ་བའི་འཚམས་འདྲི་ཞུས།
        བཞུགས་མོལ་ཚོགས་འདུའི་སྟེང་ཆིན་ཧྭ་སློབ་ཆེན་གྱི་མར་ཁེ་སི་རིང་ལུགས་སློབ་གླིང་གི་ལས་འཁྱུར་ངལ་གསོ་བྱས་པའི་དགེ་རྒན་ཆེན་མོ་ལིན་ཐེ་དང་ཀྲུང་གོ་མི་དམངས་སློབ་ཆེན་གྱི་མར་ཁེ་སི་རིང་ལུགས་སློབ་གླིང་གི་དགེ་རྒན་ཆེན་མོ་ལིག་ཅན་ཅུན། ཧྥུའུ་ཏན་སློབ་ཆེན་གྱི་མར་ཁེ་སི་རིང་ལུགས་སློབ་གླིང་གི་མཐོ་རིམ་འཆད་ཁྲིད་དགེ་རྒན་ཁྲིན་གོ་སོགས་ཀྱི་གཏམ་བཤད་པར་མ་ཟད་བསམ་འཆར་དང་བསམ་ཚུལ་བཏོན། ཞི་ཅིན་ཕིང་གིས་ཚང་མའི་གཏམ་བཤད་ལ་ཉན་རྗེས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། ཏང་ཀྲུང་དབྱང་གིས་སློབ་གསོ་བྱ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། ང་ཚོས་བསམ་བློ་ཆབ་སྲིད་རིགས་གཞུང་བྱ་བར་ཧ་ཅང་མཐོང་ཆེན་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་མར་ཁེ་སི་རིང་ལུགས་ཀྱི་མཛུབ་སྟོན་གོ་གནས་རྒྱུན་འཁྱོངས་བྱེད་པ་དང་ཤུགས་ཆེན་པོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསླབ་ཚན་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། བསམ་བློ་ཆབ་སྲིད་རིགས་གཞུང་བསླབ་ཚན་འཛུགས་སྐྲུན་ལ་རྩ་བའི་ཁག་ཐེག་འདོན་སྤྲོད་བྱེད་དགོས། ང་ཚོས་གུང་ཁྲན་ཏང་གི་སྲིད་འཛིན་ཆོས་ཉིད་དང་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཆོས་ཉིད་བཅས་ལ་ངོས་འཛིན་ཟབ་མོ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རིགས་གཞུང་དང་ལག་ལེན་འཕེལ་རྒྱས་ཀྱི་བསམ་བློ་གཏོང་ཕྱོགས་གསར་བ་གསར་གཏོད་བྱས་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཐད་ནས་ཀུན་གྱིས་ཡིད་སྨོན་བྱེད་པའི་གྲུབ་འབྲས་བླངས་ཤིང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་ཡིད་ཆེས་དང་རིགས་གཞུང་ཡིད་ཆེས། ལམ་ལུགས་ཡིད་ཆེས། རིག་གནས་ཡིད་ཆེས་བཅས་སྔར་ལས་ཇེ་བརྟན་དུ་སོང་བར་མ་ཟད་བསམ་བློ་ཆབ་སྲིད་རིགས་གཞུང་བསླབ་ཚན་འཛུགས་སྐྲུན་ལ་འདེགས་ཤུགས་ཆེན་པོ་འདོན་སྤྲོད་བྱས། བསམ་བློ་ཆབ་སྲིད་རིགས་གཞུང་བསླབ་ཚན་འཛུགས་སྐྲུན་གྱི་ཡུན་རིང་ལ་གྲུབ་ཅིང་གོ་རིམ་ལྡན་པའི་ཆོས་ཉིད་རང་བཞིན་གྱི་ངོས་ཟིན་དང་ཕུན་སུམ་ཚོགས་པའི་ཉམས་མྱོང་གིས་བསམ་བློ་ཆབ་སྲིད་རིགས་གཞུང་བསླབ་ཚན་འཛུགས་སྐྲུན་བྱེད་པར་རྨང་གཞི་གལ་ཆེན་འདོན་སྤྲོད་བྱས། རྨང་གཞི་དང་ཆ་རྐྱེན་དེ་དག་ཡོད་པ་དང་ང་ཚོར་ཡིད་རྟོན་རུང་བ་དང་གུས་བཀུར་བྱེད་འོས་པ། བློ་གཏད་ཆོག་པ། སྤོབས་སེམས་ལྡན་པ། སྤྱོད་ཚུལ་ལེགས་པའི་བསམ་བློ་ཆབ་སྲིད་བསླབ་ཚན་གྱི་དགེ་རྒན་དཔུང་སྡེ་ཞིག་ཡོད་ན། ང་ཚོར་བསམ་བློ་ཆབ་སྲིད་རིགས་གཞུང་བསླབ་ཚན་སྔར་ལས་བཟང་བོར་བསྒྲུབ་པར་ཡིད་ཆེས་བརྟན་པོ་དང་ནུས་པ་ཆེན་པོ་ཡོད་ཟེར།
        ཏེན་ཞང་ཞའོ་དང་སུན་ཁྲུན་ལན། ཁྲིན་ཞི། ཧོང་ཁུན་མེན། ཡུག་ཆོན། ཧི་ལིས་ཧྥིན་སོགས་བཞུགས་མོལ་ཚོགས་འདུར་ཞུགས།
        ཀྲུང་དབྱང་སློབ་གསོ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཁོངས་མི་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན། འཐབ་ཕྱོགས་དང་པོའི་བསམ་བློ་ཆབ་སྲིད་རིགས་གཞུང་བསླབ་ཚན་གྱི་ཕུལ་བྱུང་དགེ་རྒན་གྱི་འཐུས་མི་བཅས་བཞུགས་མོལ་ཚོགས་འདུར་ཞུགས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1