གཙོ་ངོས།>> དེང་རབས་མི་སྣ།>>སྒྱུ་རྩལ་པ།

ཤེས་བྱས་བྲིས་ཤིང་པར་མཁོ་འདོན་བྱས། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༣ཚེས་༢༠ཉིན།

༄༅།། སྣང་ཞིག་སྐྱབས།

ཞང་ཞུང་ལྷ་རིས་སྒྱུ་རྩལ་གྱི་རྒྱུད་འཛིན་པ་སྣང་ཞིག་སྐྱབས
ཤེས་བྱས་བྲིས་ཤིང་པར་མཁོ་འདོན་བྱས།

        བོད་ཀྱི་ལྷ་རིས་པ་གྲགས་ཅན་སྣང་ཞིག་སྐྱབས་སམ་ཨ་ཁུ་ཨ་སྣང་པེ་ལགས་ནི་མདོ་སྨད་བོན་གྱི་དགོན་ཆེན་སྣང་ཞིག་རྒྱལ་བསྟན་ཕུན་ཚོགས་གླིང་གི་གྲྭ་རྐྱང་དཀྱུས་མ་ཞིག་ཡིན་ལ། ཞང་ཞུང་ལྷ་རིས་སྒྱུ་རྩལ་གླིང་གསར་འཛུགས་མཁན་དང་ཞང་ཞུང་ལྷ་རིས་སྒྱུ་རྩལ་གྱི་རྒྱུད་འཛིན་པའང་ཡིན།
        ཁོང་གིས་རང་ལོ་12ལ་སོན་པ་ནས་བཟུང་བོན་གྱི་ལྷ་རིས་པ་གྲགས་ཅན་རྒན་བློ་གྲོས་མཆོག་གི་མདུན་ནས་ཞང་བོད་གདོད་མའི་ལྷ་རིས་ལ་མི་ལོ་བཞི་ལྷག་གི་རིང་སྦྱང་བརྩོན་ལྷོད་མེད་བྱས་ཤིང་། དེ་རྗེས་བན་གྱི་ལྷ་རིས་པ་ཆེན་མོའི་ཆོ་ལོ་ཐོགས་པའི་གོ་ས་ལྷ་པཎ་ཊི་ཏའི་རྒྱུད་འཛིན་པ་ས་སྐྱའི་དགེ་སློང་༧རྒན་ལུང་རྟོགས་རྒྱ་མཚོའི་མདུན་དུ་བཅར་ཏེ་མི་ལོ་དྲུག་ཙམ་ལ་བན་གྱི་ལྷ་རིས་ལ་སྦྱང་བ་མི་དམན་པ་བྱས་ཏེ། འདས་པའི་བགྲང་བྱ་སུམ་ཅུ་ཙམ་ལ་སྔ་གཞུག་ཏུ་གདོད་མའི་རི་མོ་གཞི་རྩ་བྱས་པའི་གནའ་ཉམས་ཀྱི་ཚོན་མདངས་མངོན་པར་བཀྲ་བའི་ཐང་ག་བརྒྱ་ཕྲག་དུ་མ་ཞིག་སྦྱང་གྲུབ་བྱུང་ཞིང་། དེ་དག་ལ་བོད་མདོ་དབུས་ཁམས་གསུམ་གྱི་ལྷ་རིས་ཆེད་མཁས་པ་མང་པོ་དང་འཛམ་གླིང་མཛེས་རིས་སྒྱུ་རྩལ་མཁན་གང་མང་གིས་ཀྱང་གདེང་འཇོག་ཚད་མཐོན་པོ་གནང་བར་མ་ཟད་བསྟོད་ངག་གི་མཐེ་བོང་ཤིག་ཤིག་བསྒྲེངས།
        ཁོང་གིས་བོད་གྱི་རི་མོ་མི་ཉམ་གོང་འཕེལ་དང་ཉམ་པ་སླར་གསོའི་ཆེད་དུའམ། ཡང་ན་གདོད་མའི་བོད་ཀྱི་རི་མོ་གཞི་རྩར་བཟུང་ཞིང་བན་བོན་ཕྱོགས་སུ་མ་ལྷུང་བའི་ལྷ་རིས་པའི་ཕྱག་ལས་འདི་ལ་རྗེས་སུ་ཡི་རང་དང་སྦྱང་འདོད་ཀྱི་འདུན་པ་དམིགས་སུ་ཆེ་བའི་གཞོན་སྐྱེས་རི་མོ་བ་གང་མང་ཞིག་གི་རེ་བ་བསྐང་ཆེད། སྤྱི་ལོ་2003ལོའི་ཟླ་12པའི་ཚེས་23ཉིན། སྣང་དགོན་སྐྱབས་རྗེ་རིན་པོ་ཆེ་ཟུང་དང་གོང་རིམ་གྱི་སྐུ་དྲིན་ལ་བརྟེན་ནས་ཞང་ཞུང་ལྷ་རིས་སྒྱུ་རྩལ་གླིང་ཞེས་པ་བཙུགས། དེ་ནས་དུས་ད་ལྟའི་བར་ཁོང་གིས་དཀའ་ངལ་བརྒྱ་ཕྲག་ཁྱད་དུ་བསད་ཅིང་རང་ནུས་ཡོད་རྒུ་རྩལ་དུ་སྤྲུགས་ཏེ། བོད་མདོ་དབུས་ཁམས་གསུམ་ནས་ཡོང་བའི་ཞིང་འབྲོག་མང་ཚོགས་ཀྱི་བྱིས་པ་དབང་བོ་སྐྱོན་ཅན་ཚོ་གཙོར་བྱས། སློབ་སྦྱོང་གི་གོ་སྐབས་ཤོར་བའི་བྱིས་པ་བརྒྱ་ལྷག་ལ་རིན་མེད་ངང་ཐང་ག་འབྲི་སྦྱོང་གི་སློབ་ཁྲིད་གནང་།
        སྤྱི་ལོ་2013ལོའི་ཟླ་2པའི་ཚེས་13ཉིན་ལ་རྒྱལ་སྤྱིའི་གཡུང་དྲུང་བོན་གྱི་མཉམ་འབྲེལ་ལྷན་ཚོགས་ནས་ཁོང་ལ་ཞང་ཞུང་ལྷ་རིས་སྒྱུ་རྩལ་གྱི་ཆེས་མཐོའི་ཐོབ་ཐང་བྱ་དགའ་གནང་བ་དང་། སྤྱི་ལོ་2016ལོའི་ཟླ་5པར་ཁོང་ཉིད་ཞང་ཞུང་ཐང་གའི་རྒྱུད་འཛིན་མི་སྣ་རུ་བདམས་ཏེ་སྣང་ཞིག་སྐྱབས་ཀྱི་ཐང་གའི་ཁྲིད་སྦྱོང་ལྟེ་གནས་ཀྱི་ཐོབ་ཐང་དཔང་ཡིག་གནང་། ཁོང་གིས་ཞང་བོད་གྱི་ལྷ་རིས་སྒྱུ་རྩལ་ལ་བཅང་བའི་དུངས་བ་དང་ལག་རྩལ་ལས་བྱུང་བའི་རི་མོ། ལྷ་རིས་ཀྱི་བྱུང་རབས་བརྗོད་པའི་ལོ་རྒྱུས་སོགས་ལ་ཕྱོགས་སོ་སོའི་ལྷ་རིས་པ་དང་ཆེད་མཁས་བ་དག་གིས་རྗེས་སུ་ཡི་རང་དང་རྒྱབ་སྐྱོར་གནང་བར་བརྟེན། ས་ཕྱོགས་སོ་སོའི་ལྷ་རིས་རིག་གཞུང་གི་བཤམས་སྟོན་དང་བགྲོ་གླེང་ཚོགས་འདུ་གང་མང་ལ་ཕེབས་ཏེ་འཆད་ཁྲིད་དང་བསམ་བློ་བརྗེ་རེས་སོགས་གནང་།

ཁོང་གིས་རྒྱུན་དུ་གསུངས་རྒྱུར། སློབ་མ་ཚོས་སློབ་སྦྱོང་ཡག་པོ་ཞིག་བྱེད་ཐུབ་སོང་ན། རང་ནུས་གང་ལྕོགས་ཀྱིས་ནུས་ཤུགས་འདོན་རྒྱུ་ནི་རང་གི་མི་ཚེའི་རེ་བ་ཉག་གཅིག་ཡིན་ཟེར་རོ། ། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1