གཙོ་ངོས།>> དེང་རབས་མི་སྣ།>>གསར་འགྱུར་ལས་དོན་པ།

རྡོ་རྗེ་འཇིགས་བྱེད། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༣ཚེས་༢༠ཉིན།

༄༅།། ཡེ་ཤེས་ཕུན་ཚོགས།

ཁམས་པའི་རྒྱང་བསྒྲགས་བརྙན་འཕྲིན་གྱི་སྣེ་འདྲེན་པ་ཡེ་ཤེས་ཕུན་ཚོགས།
རྡོ་རྗེ་འཇིགས་བྱེད་ཀྱིས་བྲིས་ཤིང་། ཡེ་ཤེས་ཕུན་ཚོགས་ཀྱིས་པར་མཁོ་འདོན་བྱས།
        འདི་ཟླའི་ཚེས་གསུམ་ཉིན་ནས་ཡེ་ཤེས་ཕུན་ཚོགས་ཀྱིས་ཁམས་པའི་བརྙན་འཕྲིན་ཁང་གི་ལས་རོགས་པ་བཅུ་ལྷག་ཁྲིད་ནས་པེ་ཅིན་དུ་འབྱོར། ད་ཐེངས་ནི་ཁོང་ཐེངས་དགུ་པ་པེ་ཅིན་དུ་ཡོང་ནས་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་གནས་ཚུལ་དེ་ཁམས་ཁུལ་གཙོས་པའི་རྒྱལ་ཕྱི་ནང་གི་བོད་རིགས་སྤུན་ཟླ་རྣམས་ལ་ཁྱབ་བསྒྲགས་བྱེད་པའི་ལས་དོན་ཀྱི་སྣེ་ཁྲིད་གནང་བ་ཞིག་རེད།
        ཡེ་ཤེས་ཕུན་ཚོགས་ནི་མིང་དོན་མཚུངས་པའི་ཁམས་པའི་རྒྱང་བསྒྲགས་བརྙན་འཕྲིན་ལས་དོན་གྱི་གསར་གཏོད་མཁན་དང་སྣེ་འདྲེན་པ་ཞིག་ཡིན། ཁོང་གིས་ཐོག་མར་དར་མདོའི་བོད་སྐད་གསར་འགྱུར་སྙན་སྒྲོན་པ་དང་པོ་ནས་རིམ་བཞིན་སི་ཁྲོན་རྒྱང་བསྒྲགས་རླུང་འཕྲིན་ཁང་གི་གསར་འགོད་པ། རྩོམ་སྒྲིག་པ། རླུང་འཕྲིན་ཁང་གི་འགོ་གཙོ་གཞོན་པ། དེ་ནས་ཁམས་པའི་བརྙན་འཕྲིན་གསར་འཛུགས་ཀྱི་འགན་ཁུར་པ་གཞོན་པ་བཅས་ཁམས་པའི་རྒྱང་བསྒྲགས་བརྙན་འཕྲིན་གྱི་ལས་དོན་ཐད་གསུབ་ཏུ་མེད་པའི་མཛད་རྗེས་མང་དག་བཞག་པས་ཁམས་པའི་རྒྱང་བསྒྲགས་བརྙན་འཕྲིན་ལས་དོན་པའི་མིག་དཔེ་ལྟ་བུར་གྱུར་ཡོད།
        ཡེ་ཤེས་ཕུན་ཚོགས་ནི་སྤྱི་ལོ་1960ལོའི་ཟླ་བ་12བར་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་མདོ་རྫོང་དུ་སྐྱེས་ཤིང་། ཆུང་དུས་ནས་ཕ་མ་བཟང་པོའི་བཀའ་དྲིན་ལས་དར་མདོ་རྫོང་ཐོག་ཏུ་སློབ་ཆུང་དང་སློབ་འབྲིང་འགྲིམས་པའི་སྐལ་བ་ཐོབ། ཁོང་ཉིད་འཁྲུངས་པའི་ལོ་རབས་དེ་ལ་མཚོན་ན་སྤྱི་ཡོངས་ནས་ཚ་ཚ་འུར་འུར་གྱི་དུས་བབས་ཤིག་ཡིན། ཁོང་དམའ་འབྲིང་སློབ་མཐར་མ་ཕྱིན་གོང་རིག་གནས་གསར་བརྗེ་ཆེན་པོ་བྱུང་ནས་སློབ་མཚམས་བཞག ། གྲང་རླུང་འུར་འུར་དུ་ལྡང་ཞིང་འཚུབ་མ་ལང་ལོང་དུ་འཁོར་བའི་ལོ་ཟླ་དེ་ཡིས་ཉམ་ཆུང་བའི་ཚེ་སྲོག་རེ་རེ་ལ་འཇབ་རྒོལ་ཐེངས་མང་བྱས་ཀྱང་། གཞོམ་གཞིག་བྲལ་བའི་སྙིང་སྟོབས་གསོན་པོ་ཞིག་དང་འགྲོགས་ནས་འཚར་ལོངས་བྱུང་བའི་ཚེ་སྲོག་རེ་རེ་ནི་ཁོར་ཡུག་སྡུག་པོ་དང་མཁའ་དབུགས་བཙན་པོའི་འོག་ནས་རིམ་གྱིས་སྲ་བརྟན་དུ་གྱུར། 1978ལོར་མཐོ་རིམ་སློབ་གྲྭ་མཐར་ཕྱིན་རྗེས་ཁོང་མུ་མཐུད་དུ་སློབ་ཆེན་ལ་རྒྱུགས་སྤྲད་རྒྱུའི་འདུན་པ་སྐོམ་པས་ཆུ་འདོད་པ་ལྟར་བྱུང་ནས། བགྲང་བྱ་མང་པོའི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་ཁོང་སློབ་ཆེན་ལ་ཞུགས་པའི་རྒྱུགས་འབྲས་ཧ་ཅང་ལེགས་པོ་བྱུང་། འོན་ཀྱང་བར་ཆད་ཅིག་གི་དབང་གིས་ཁོང་བདེ་བླག་ངང་སློབ་ཆེན་ནང་ཞུགས་མ་ཐུབ།
        རྐྱེན་ངན་གྲོགས་འགྱུར་ཞེས་པ་ལྟར་བར་ཆད་དེ་ནི་ཁོང་གི་མི་ཚེའི་ཁ་ཕྱོགས་འགྱུར་ཡུལ་ཞིག་ཏུ་གྱུར། སྐབས་དེར་ལོ་ཙཱའི་ལས་ཀར་གྲུབ་འབྲས་གཟེངས་སུ་མཐོ་བའི་ཁོང་གི་ཕ་འབའ་པ་བློ་བཟང་རྒྱལ་མཚན་ལགས་ཀྱིས་ཁོང་ལ་ད་ལྟའི་བར་ཁྱོད་རང་ལ་བོད་ཡིག་སྦྱང་པའི་གོ་སྐབས་ལེགས་པོ་བྱུང་མེད་པས་ད་ནས་བཟུང་ཁྱོད་ཀྱིས་བོད་ཡིག་ལེགས་པོ་སྦྱང་དགོས། བོད་ཡིག་སྦྱང་རྒྱུ་ནི་མི་རིགས་དང་རྒྱལ་ཁབ་ལ་ཕན་པའི་བྱ་བ་རླབས་ཆེན་ཞིག་ཡིན་པར་མ་ཟད། ད་དུང་རང་གི་ཕ་ཨ་ཁུ་ངོ་ཤེས་པ་དང་བུ་ཚ་བོར་རྟེན་སྐལ་འཇོག་པའི་སྤྱོད་སྟངས་ཤིག་རེད་གསུངས་ནས་ཁོང་གིས་ཨ་ཕའི་གམ་ནས་ཀ་ཁ་སུམ་ཅུ་ནས་བོད་ཡིག་སྦྱོང་འགོ་ཚུགས། བགྲང་བྱ་གཉིས་ཙམ་གྱི་རིང་ལ་བོད་ཡིག་ཀློག་སྟངས་དང་འབྲི་སྟངས། སུམ་རྟགས་སོགས་ཀྱི་རྨང་གཞི་བརྟན་པོར་བཏིང་། རྗེས་སུ་དཀར་མཛེས་ཁུལ་སྲིད་གྲོས་ཀྱི་དགེ་རྒན་དོན་གྲུབ་ལྷ་མོ་སོགས་སྐྱེས་བུ་དམ་པ་རྣམས་ཀྱིས་བཙུགས་པའི་བོད་ཡིག་མཚན་མོ་སློབ་གྲྭར་ཞུགས་ནས་བོད་ཀྱི་བརྡ་སྤྲོད་རིག་གནས་དང་སྒོས་སུ་ལོ་ཙཱའི་སྐོར་ལ་འབད་འབུངས་ཚད་མེད་གནང་། ཕ་མའི་རེ་བཞག་དང་རང་གི་ཕུགས་འདུན་འཁྱེར་བའི་ན་གཞོན་ཞིག་ལ་མཚོན་ན། རྒྱང་སྐྱོད་ཀྱི་གོམ་ཁ་འདི་ནས་འཇོག་ག་ལ་སྲིད་དེ་གཏན་ནས་མི་སྲིད།
        སྤྱི་ལོ་1982ལོའི་ཟླ་བ་10 ལས་ཀའི་ནང་དངོས་དུ་ཞུགས་པ་སྟེ། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་མདོ་རྫོང་རྒྱང་བསྒྲགས་བརྙན་འཕྲིན་ཁང་དུ་བོད་སྐད་ཀྱི་སྙན་སྒྲོན་པ་དང་ལོ་ཙཱ་བ། གསར་འགྱུར་རྩོམ་འབྲིའི་ལས་ཀ་གཉེར་ཞིང་། དར་མདོ་རྫོང་རྒྱང་བསྒྲགས་བརྙན་འཕྲིན་ཁང་གི་བོད་སྐད་ཀྱི་སྙན་སྒྲོན་པ་ཐོག་མ་ཡང་གྱུར། སྐབས་དེར་རྒྱལ་ཡོངས་སུ་བོད་སྐད་གཙོ་གཉེར་བྱེད་པའི་ཆེད་ལས་ཀྱི་སྙན་སྒྲོན་པ་དང་གསར་འགོད་པ་ནི་ཉིན་མོའི་སྐར་མ་ལྟ་བུ་ཞིག་ཡིན་པས། ཁོང་གིས་བློ་སྟོབས་ཆེར་བསྐྱེད་དང་སྲིད་ཇུས་བཟང་པོའི་རམ་འདེགས་ལ་བརྟེན་ནས་སྟོང་ཆ་འདི་ཉིད་བསྐང་བའི་བློ་ཐག་བཅད། སྤྱིར་གསར་འགྱུར་གྱི་ལས་གཞི་ནི་ཆེད་ལས་ཀྱི་རང་བཞིན་ལྡན་ཞིང་གཞུང་ལུགས་རྒྱ་ཆེ་བའི་རིག་ཚན་ཞིག་ཡིན་པ་དང་ཁོང་གིས་དེ་བས་ཀྱང་སློབ་སྦྱོང་གི་གོ་རིམ་ཁྲོད་རང་ཉིད་ཀྱི་དགའ་མོས་ལྟར་ཞོར་དུ་དེའི་སྐོར་ལ་སློབ་སྦྱོང་ཕྲན་ཙམ་གནང་བ་ལས་ཆེད་ལས་ལྟར་དུ་སྦྱངས་མ་མྱངས། ཁོང་གིས་ལས་དོན་སྒྲུབ་ཞོར་དུ་དུས་རབས་རིམ་བྱོན་གྱི་མཁས་པ་སོ་སོའི་གསུང་རྩོམ་ལ་བློ་དང་རིག་པས་དཔྱད་ཞིབ་མཛད་ནས་འབྲས་བུ་མི་དམན་པ་ཞིག་ཐོབ། སྤྱི་ལོ་1985ལོའི་ཟླ་བ་9པ་ནས་སྤྱི་ལོ་1988ལོའི་ཟླ་བ་7པའི་བར་དུ་ཁྲིན་ཏུའུ་སི་ཁྲོན་རྒྱང་བསྒྲགས་བརྙན་འཕྲིན་སློབ་གྲྭ་ཆེན་མོའི་སློབ་ལོ་གསུམ་ཅན་གྱི་གསར་འགྱུར་འཛིན་གྲྭར་དཀའ་སྤྱད་འབད་བརྩོན་བྱས་ཏེ་གསར་འགྱུར་རྩོམ་འབྲི་དང་རྒྱང་བསྒྲགས་བྱེད་སྟངས་སོགས་ལ་སློབ་གཉེར་དཔྱིས་ཕྱིན་པར་མཛད། ལོ་དེར་གཞོགས་འདེགས་གསར་འགོད་པར་བདམས་ཐོན་བྱུང་། སྤྱི་ལོ་1989ལོའི་ཟླ་བ་10པ་ནས་སྤྱི་ལོ་1992ལོའི་ཟླ་བ་3པར་དར་མདོ་རྫོང་ཨུའི་དྲིལ་བསྒྲགས་པུའུ་རུ་གསར་འགྱུར་ལས་དོན་གཙོ་སྒྲུབ་པ་དང་ལོ་ཙཱ་བའི་འགན་བཞེས། སྐབས་དེར། ཁོང་དར་མདོ་རྫོང་གི་ཡུལ་ཤོག་རེ་རེར་ཡུལ་དངོས་སུ་ཕེབས་ནས་མང་ཚོགས་ཀྱི་འཚོ་བ་དངོས་ལ་རྒྱུས་ལོན་དང་ཐུགས་ཁུར་གནང་བར་མ་ཟད། འགོ་ཁྲིད་རྣམས་ཀྱིས་གཞི་རིམ་དུ་རྟོག་ཞིབ་དང་མཛུབ་སྟོན་གནང་སྐབས་ཡུལ་དངོས་སྐད་སྒྱུར་གམ་མང་གནང་མྱངས།
        སྤྱི་ལོ་1992ལོའི་ཟླ་བ་3པ་ནས་སྤྱི་ལོ1993ལོའི་ཟླ་བ6པའི་བར་དུ་སི་ཁྲོན་མི་དམངས་རྒྱང་བསྒྲགས་བརྙན་འཕྲིན་ཁང་བོད་སྐད་ཚན་ཁག་ཏུ་རྒྱང་བསྒྲགས་པ་དང་ལོ་ཙཱ་བ། གསར་འགྱུར་བསྡུ་སྒྲིག་གི་ལས་ཀ་གཉེར་ཞིང་རང་གི་འཇོན་ནུས་གང་ཡོད་མངོན་ཅི་ཐུབ་བྱས། སྤྱི་ལོ་1993ལོའི་ཟླ་བ་6པར་དངོས་སུ་སི་ཁྲོན་མི་དམངས་རྒྱང་བསྒྲགས་བརྙན་འཕྲིན་ཁང་དུ་ལས་གནས་སྤོ་བསྒྱུར་བྱས་ཏེ་ལས་ཀ་གཉེར། སྤྱི་ལོ་1995ལོའི་ཟླ་བ་དགུ་པའི་ཚེས་19ཉིན་རྒྱ་སྐད་ཚན་ཁག་གི་ཀྲུའུ་རེན་གཞོན་པར་བསྐོ་བཞག་བྱས་པ་དང་ལོ་དེར་འབྲིང་རིམ་གྱི་གསར་འགོད་པར་ཡང་བདམས་ཐོན་བྱུང་། སྤྱི་ལོ་2000ལོར་ཡང་བསྐྱར་རྒྱ་ཡིག་ཚན་ཁག་གི་ཀྲུའུ་རེན་གཞོན་པར་བསྐོ་བཞག་གནང་། ལོ་དེ་དག་ཏུ་རང་གི་ཆེད་ལས་དང་དགའ་ཕྱོགས་སུ་གྱུར་བའི་རྒྱང་བསྒྲགས་དང་གསར་འགྱུར་རྩོམ་འབྲིའི་ལས་ཀ་དེར་དངོས་ཤུགས་གང་རུང་ནས་འབད་པ་གང་ལེགས་བྱས་པའི་ཉམས་མྱོང་དང་ཆེད་ལས་ཀྱི་བྱང་ཚད་ཀྱང་ཡར་ངོའི་ཟླ་ལྟར་གོང་ནས་གོང་དུ་འཕེལ་རྒྱས་ཆེན་པོ་བྱུང་།
        སྤྱི་ལོ་2003ལོ་ནས་བཟུང་བོད་སྐད་ཚན་ཁག་ཏུ་དོ་དམ་དང་ལོ་ཙཱའི་ཞུས་ཆེན་གྱི་ལས་ཀ་གཉེར། ལོ་དེའི་ཟླ་བ7པར་ཆེད་ལས་ཀྱི་གསར་འགོད་པའི་ལས་ཐོབ་དཔང་ཡིག་བླངས། སྤྱི་ལོ་2006ལོའི་ཟླ་བ་6པའི་ཚེས་6ཉིན། སི་ཁྲོན་རྒྱང་བསྒྲགས་བརྙན་འཕྲིན་ཚོགས་པའི་ཏང་ཨུ་ཡིས་སི་ཁྲོན་མི་དམངས་རྒྱང་བསྒྲགས་བརྙན་འཕྲིན་མི་རིགས་འཕྲིན་ལམ་གྱི་སྤྱིའི་ལྟ་སྐུལ་བ་གཞོན་པའི་འགན་འཁུར་བར་བསྐོ་བཞག་བྱས་ཏེ། སི་ཁྲོན་མི་དམངས་རྒྱང་བསྒྲགས་བརྙན་འཕྲིན་ཁང་གི་བོད་སྐད་རྒྱང་བསྒྲགས་ཀྱི་དྲིལ་བསྒྲགས་ཀྱི་ལས་ཀའི་འགན་འཛིན་བྱས། སྤྱི་ལོ་2009ལོའི་ཟླ་བ་9བར་སི་ཁྲོན་ཞིང་ཆེན་རྒྱང་བསྒྲགས་བརྙན་འཕྲིན་གྲངས་ཉུང་མི་རིགས་སྐད་བསྒྱུར་ཐད་གཏོང་ལྟེ་གནས༼ཁམས་པའི་བརྙན་འཕྲིན།༽སུ་ལས་ཀ་གཉེར་ཏེ་སྐད་བསྒྱུར་ལྟེ་གནས་ཀྱི་ཏང་ཨུའུ་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ། ཁམས་པའི་བརྙན་འཕྲིན་ཁང་གི་སྤྱིའི་ལྟ་སྐུལ་བ་གཞོན་པ་བཅས་ཀྱི་འགན་བཞེས་ཤིང་། གཙོ་བོ་ཁམས་པའི་བརྙན་འཕྲིན་ཁང་གི་གསར་འགྱུར་དྲིལ་བསྒྲགས་དང་གསར་འགྱུར་ལོ་ཙཱའི་ལས་ཀ་གཉེར་ཏེ་གསར་འགྱུར་རིགས་ཀྱི་ལེ་ཚན་སོ་སོའི་མཐའ་ཞུས་ཀྱི་ལས་ཀའི་འགན་གཙོ་བོར་བཞེས། སྤྱི་ལོ་2012ལོའི་ཟླ་བ་12པར། བོད་སྐད་ཀྱི་ལོ་ཙཱའི་ཞུས་ཆེན་ལས་གནས་ཐོབ། སྤྱི་ལོ་2013ལོ་ནས་ད་ལྟའི་བར་དུ། རྒྱལ་ཡོངས་བོད་སྐད་ཡིག་བརྡ་ཆད་གསར་པའི་ཆེད་མཁས་ཨུ་ཡོན་གྱི་ཞུས་ཆེན་ཆེད་མཁས་པ་དང་། སི་ཁྲོན་ཞིང་ཆེན་མི་རིགས་སྐད་ཡིག་མུ་འབྲེལ་ལོ་ཙཱའི་མཐོ་རིམ་ལས་ཐོབ་ཀྱི་ལྟ་རྟོགས་ཨུ་ཡོན་གྱི་ཆེད་མཁས་པ། སི་ཁྲོན་ཞིང་ཆེན་རྒྱང་བསྒྲགས་བརྙན་འཕྲིན་མ་ལག་གི་མཐོ་རིམ་ལས་ཐོབ་ལྟ་རྟོགས་ཨུ་ཡོན་གྱི་ཆེད་མཁས་དཔྱད་འདེམ་པར་བདམས་ཐོན་བྱུང་།
        མི་རིགས་རྒྱང་བསྒྲགས་བརྙན་འཕྲིན་ཁང་དུ་ལས་ཀ་གཉེར་བའི་ལོ་ངོ་37གྱི་རིང་ལ། ཁོང་རང་རྒྱང་བསྒྲགས་གསར་འགོད་པ་ཞིག་གི་ངོས་ནས། ཐེངས་གང་མང་ཞིག་ལ་དཀར་མཛེས་དང་རྔ་བ། མུ་ལི་བོད་རིགས་ས་ཁུལ་གྱི་ཞིང་འབྲོག་གཞི་རིམ་ས་ཁུལ་ལ་བཅར་འདྲིར་ཕྱིན་ཞིང་། སི་ཁྲོན་མི་དམངས་རྒྱང་བསྒྲགས་དང་། ཁམས་པའི་བརྙན་འཕྲིན་ཁང་། «སི་ཁྲོན་ཉིན་རེའི་ཚགས་པར།» «དཀར་མཛེས་ཉིན་རེའི་ཚགས་པར།» «མི་རིགས།»དུས་དེབ། «ཀྲུང་གོའི་བོད་ལྗོངས»སོགས་ཀྱི་སྟེང་དུ་གསར་འགྱུར་རྩོམ་ཡིག་དང་ཆེད་སྒྲིག་གསར་འགྱུར་གྱི་བརྩམས་ཆོས་མང་པོ་བཀོད། གསར་འགྱུར་འབྲི་རྩལ་གྱི་ནུས་པ་ཕུན་སུམ་ཚོགས་པའི་དབང་གིས་བརྩམས་ཆོས་ལ«གངས་ལྗོངས་ཁམས་པའི་བརྙན་འཕྲིན་གྱི་ལས་དོན་པ།»«གངས་སྐྱོན་ཆེན་པོའི་རྗེས་ཀྱི་རྩྭ་ཐང་ཆེན་པོ་རྫ་ཆུ་ཁ།» «ཁམས་པའི་མཐོ་སྒང་བདེ་བདེ་མ།» «དཀར་མཛེས་ཁུལ་ཚན་རིག་འཐབ་རའི་རྩེར་སོན་མི་སྣ།» «དཀར་མཛེས་ཞིང་པའི་ཁྱིམ་ཆེན་པདྨ།» «ཉི་འོད་གང་སར་འཕྲོ་བའི་སྤང་ལྗོངས།»ལ་སོགས་སྤྱི་ཚོགས་སྟེང་དུ་གྲགས་ཆེ་བའི་བརྩམས་ཆོས་མང་དུ་མཆིས། ཁམས་པའི་བརྙན་འཕྲིན་ཁང་དུ་རྨང་གཞི་ཤིན་ཏུ་བརྟན་པའི་མི་རིགས་ཀྱི་གསར་འགོད་པ་དང་གསར་འགྱུར་ལས་ཀའི་དོ་དམ་པ་ཞིག་ཡིན་པའི་ངོས་ནས། ཁོང་གིས་སྤྱི་ལོ་2009ལོ་ནས་བཟུང་། ཁམས་པའི་བརྙན་འཕྲིན་ཁང་གི་འཕེལ་རྒྱས་ཀྱི་སླད་དུ་ལུས་སེམས་གཉིས་ཀ་བྱ་བའི་ལས་གནས་སུ་བསྟིམས་ཤིང་། སྐུ་དངོས་ཀྱིས་གསར་འགོད་པའི་སྣེ་ཁྲིད་ནས་དཀར་མཛེས་དང་རྔ་བ། བདེ་ཆེན། ཆབ་མདོ། ཡུལ་ཤུལ། བོད་ལྗོངས་སོགས་ཀྱི་བོད་ཁུལ་དུ་བཅར་འདྲིར་བསྐྱོད་ཅིང་། སྔ་གཞུག་ཏུ«ཁམས་ཁུལ་གྱི་ལེ་བར་ཁྲི་རུ་བསྐྱོད་པ།» «གསར་འགྱུར་གཞི་རིམ་དུ་བསྐྱོད་པ།» «ས་མཚམས་གསར་པ་བརྒལ། དུས་རབས་གསར་པར་བསྐྱོད།» «ས་ཡོམ་རྗེས་ཀྱི་ཡུལ་ཤུལ་བསྐྱར་འཛུགས།»ལ་སོགས་ཀྱི་གསར་འགྱུར་གལ་ཆེན་གྱི་ཆེད་སྒྲིག་གསར་འགོད་རྩ་འཛུགས་བྱས་པ་དང་།
«རྒྱང་བསྒྲགས་པ་གཞི་རིམ་དུ་བསྐྱོད་པ།»དང«མཐོ་སྒང་དང་ལབ་གླེང་།»ཞེས་པ་སོགས་ཀྱི་གསར་འགྱུར་བཅར་འདྲིའི་འགུལ་སྐྱོད་རྩ་འཛུགས་དང་ལག་བསྟར་བྱས་ཏེ་སྤྱི་ཚོགས་སྟེང་སྙན་པའི་གྲགས་པ་འབར་བར་བྱས་ཤིང་ཤུགས་རྐྱེན་ཡང་མི་དམན་པ་བཟོས།
        སྤྱི་ལོ་2011ལོ་ནས་འགོ་བཙུགས་སྟེ། ཁམས་པའི་བརྙན་འཕྲིན་ཁང་གི་གསར་འགྱུར་བཅར་འདྲིའི་ཚན་ཆུང་གི་སྣེ་ཁྲིད་དེ་སྔ་གཞུག་ཏུ་ཐེངས་དགུ་ལ་པེ་ཅིན་དུ་ཕྱིན་ཅིང་། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་སྙན་ཞུའི་གསར་འགོད་ལ་ཞུགས་ཏེ་རྒྱལ་ཡོངས་རང་བཞིན་གྱི་བྱ་འགུལ་ཆེན་པོའི་སྟེང་སྟོན་ཀའི་སྤྲིན་གྱི་འདུ་འགོད་བཞིན་འདུས་པའི་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་མང་པོའི་ཁྲོད་དུ་ཁམས་པའི་བརྙན་འཕྲིན་ཁང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྣམ་པར་མངོན་པར་བྱས། ཁོང་གིས་ཐོག་མཐའ་བར་གསུམ་དུ་གསར་འགྱུར་ལས་རིགས་ཀྱི་གལ་ཆེན་རང་བཞིན་ལ་བརྩི་མཐོང་ཆེན་པོ་བྱས་ཤིང་བོད་ཁུལ་གྱི་གསར་འགྱུར་ལས་དོན་གྱི་འཕེལ་ཕྱོགས་ལ་ཐུགས་བསམ་མང་པོ་གནང་སྟེ་ངལ་བ་མང་པོ་ཁྱད་དུ་བསད་ནས་རླབས་ཆེན་གྱི་མཛད་པ་རྒྱུན་སྐྱོང་བྱས་ཤིང་།
        བོད་ཁུལ་གྱི་གསར་འགྱུར་ཡོངས་ཁུངས་བསྡུ་རུབ་འཐུས་ཚང་བྱེད་ཆེད། བོད་ཁུལ་གྱི་ས་གནས་མང་པོའི་གསར་འགྱུར་འབྱོར་ཐུབ་ནའང་། ཁོང་གིས་ད་དུང་ལས་མི་མང་པོ་སྣེ་ཁྲིད་ཀྱིས་ཐེངས་དུ་མར་བོད་ཁུལ་དུ་བསྐྱོད་ནས་རྟོགས་དཔྱོད་མཉམ་ལས་བྱས་ཤིང་། སྤྱི་ལོ་2011ལོ་ནས་འགོ་བཙུགས་ཏེ། སྔ་ཕྱིར་ཁམས་པའི་བརྙན་འཕྲིན་ཁང་དཀར་མཛེས་ཀྱི་གསར་འགོད་པའི་ས་ཚུགས་དང་བདེ་ཆེན་གྱི་གསར་འགོད་པའི་ས་ཚུགས། ཆབ་མདོའི་གསར་འགོད་པའི་ས་ཚུགས། ཡུལ་ཤུལ་གྱི་གསར་འགོད་པའི་ས་ཚུགས། རྔ་བའི་གསར་འགོད་པའི་ས་ཚུགས་འཛུགས་སྒྲུབ་བྱས་ཏེ། བོད་ཁུལ་གྱི་གསར་འགྱུར་བརྒྱུད་འགོད་ཐད་ལ་ནུས་པ་བླ་ན་མེད་པ་ཐོན། སྤྱི་ལོ་2014ལོའི་ཟླ་བ་4པར། ཁོང་གིས་ལས་དོན་ཚོགས་པའི་སྣེ་ཁྲིད་དེ་བལ་ཡུལ་དུ་བསྐྱོད་ནས་ལས་དོན་སྙོམ་སྒྲིག་བྱས་ཤིང་། བལ་ཡུལ་གྱི་ཀྲུང་གོའི་གཞུང་ཚབ་ཁང་གི་རོགས་འདེགས་འོག་བལ་བོའི་རྒྱང་བསྒྲགས་བརྙན་འཕྲིན་ལྷན་ཚོགས་དང་ཐེངས་གང་མང་ལ་གྲོས་མོལ་བྱས་པ་བརྒྱུད་ནས་ཁམས་པའི་བརྙན་འཕྲིན་ལེ་ཚན་བལ་བོའི་ཀ་ཏ་མན་རྡུར་ཉིན་གང་བོར་གཏོང་ལེན་བྱེད་ཐུབ་པར་གྱུར་ཅིང་། ཁམས་པའི་བརྙན་འཕྲིན་གྱི་ལེ་ཚན་ཀྲུང་དབྱང་གི་འགོ་ཁྲིད་ཀྱི་ཡང་དག་པའི་རེ་བའི་འོག་གཞི་ནས་རྒྱལ་ཁབ་ནང་ཁུལ་ལས་བརྒལ་ཏེ་འཛམ་གླིང་ལ་ཕྱོགས་པར་བྱས།
        ཁམས་པའི་བརྙན་འཕྲིན་ཁང་དུ་ལས་ཀ་གཉེར་བའི་བགྲང་བྱ་10རིང་ལ། ཁོང་གིས་དཀའ་ཚེགས་ལ་མ་འཛེམས་པར་བློ་ཞིབ་མོ་དང་སེམས་རྣལ་མོའི་ངང་ནས་ནམ་རྒྱུན་མཚན་མོ་རེ་རེར་གསར་འགྱུར་རང་སྒྲིག་ལེ་ཚན་དང་གསར་འགྱུར་བསྒྱུར་སྒྲོག་ལེ་ཚན་གྱི་མཐའ་མའི་ཞིབ་བཤེར་བགྱིས་ཤིང་། བྱ་བའི་དུས་གྲངས་ཀྱིས་ལོ་རེའི་ཉིན་300ལྷག་གི་དུས་ཚོད་ཟིན་བཞིན་ཡོད་པ་དང་། གསར་འགྱུར་ཚན་ཁག་གི་ཆེད་སྒྲིག་ལེ་ཚན་ལྔའི་བརྗོད་གཞི་འདེམ་སྒྲིག་དང་གསར་འགྱུར་རྩོམ་སྒྲིག །ལེ་ཚན་གྱི་མཐའ་མའི་ཞིབ་དཔྱོད་ཆ་ཚང་ཁོང་གིས་ཞིབ་དཔྱོད་དང་ལྟ་རྟོགས་ནན་མོ་བྱས་ཏེ་ལེ་ཚན་ཕྱིར་གཏོང་བྱས་པ་ཡིན།

        བྱ་བ་གཉེར་བའི་ལོ་ཟླ་དེ་དག་གི་ནང་དུ། རང་གི་ཐུན་མོང་མ་ཡིན་པའི་གསར་འགྱུར་རྩོམ་འབྲི་དང་ཆེད་ལས་ཀྱི་བྱང་ཚད་མཐོན་པོ་ཕྱི་རུ་མངོན་ཏེ་གསར་འགྱུར་མང་པོའི་ལོ་ཙཱའི་བྱ་བར་ཞུགས་ཤིང་། ཐེངས་མང་པོར་ཞིང་ཆེན་གྱི་ཚོགས་ཆེན་གཉིས་ཀྱི་ཡིག་ཆའི་ལོ་ཙཱའི་བྱ་བ་དང་ཚོགས་ཆེན་གྱི་དུས་མཉམ་སྐད་ཆའི་ལོ་ཙཱའི་བྱ་བར་ཞུགས་པར་མ་ཟད། ད་དུང་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་འགོ་ཁྲིད་གལ་ཆེན་དག་གིས་སི་ཁྲོན་གྱི་བོད་ཁུལ་གྱི་བྱ་འགུལ་གལ་ཆེན་གྱི་ཚོགས་རའི་ཡུལ་དངོས་དང་ཡུལ་དངོས་རྟོག་དཔྱོད་སྐབས་ཀྱི་ལོ་ཙཱའི་འགན་ཁུར། དེ་མིན་བགྲང་བྱ་བཅུ་ཕྲག་ཁ་ཤས་ཀྱི་རིང་ལ«ཏེང་ཞའོ་ཕིང་།»ལ་སོགས་དཔེ་དེབ་མང་པོའི་ལོ་ཙཱའི་བྱ་བར་ཞུགས་ཤིང་། ཁོང་རང་ཉིད་སྒེར་ངོས་ནས་ཀྱང་ཞིང་འབྲོག་ས་ཁུལ་གྱི་ཚན་རིག་སྐོར་གྱི་དཔེ་དེབ་དང་ཁོར་ཡུག་སྲུང་སྐྱོབ་སྐོར་སོགས་ཀྱི་དཔེ་དེབ་མང་པོ་ལོ་ཙཱ་བྱས་པར་མ་ཟད། དཔེ་དེབ་མང་པོ་ཞིག་གི་ལོ་ཙཱའི་ཞུས་ཆེན་གྱི་འགན་ཡང་བཞེས།

        དེ་ལྟར་མཁས་དབང་ཁོང་གིས་མི་ཚེའི་དུས་ཚོད་མང་ཆེ་ཤོས་བོད་ཀྱི་རྒྱང་བསྒྲགས་བརྙན་འཕྲིན་དང་གསར་འགྱུར་ལས་རིགས་ལ་བསྟིམས་ཤིང་། དེའི་བཅོས་བསྒྱུར་དང་འཕེལ་རྒྱས་ལ་ཉིན་མཚན་དུས་དྲུག་ཏུ་བསམ་གཞིག་གང་མང་བགྱིས་ཏེ་བོད་ཁུལ་གྱི་ལས་རིགས་ལ་སྣེ་ཁྲིད་ཀྱི་ནུས་པ་ཆེན་པོ་ཐོན་ཏེ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་དུ་བཅུག་པ་དང་། ལྷག་པར་དུ་དུས་རབས་ཀྱི་ཁ་ཕྱོགས་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་ཁ་གསར་པ་སྙེག་པའི་མི་བུ་ཁོང་གི་མཛད་བཟང་ནི་བོད་ཀྱི་གསར་འགྱུར་དང་རྒྱང་བསྒྲགས་པའི་སྡེ་ཡིས་ཁ་མིག་ཡར་བལྟ་བྱ་དགོས་པའི་རླབས་ཆེན་གྱི་བྱ་གཞག་དེའོ། ། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1