བྱིས་པ་དགའ་བའི་དུག་ལྡན་ཟས་རིགས་འདི་བཙོང་མི་ཆོག་པ་བྱས་འདུག

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 03-21



             ཉེ་ལམ། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་བའི་༣༡༥དགོང་ཚོགས་སྟེང་། ཁ་ཚའི་སིལ་ཟས་བཟོ་ཚུལ་གྱི་སྐྱུག་བྲོ་བའི་རྣམ་པ་དང་དེའི་གནོད་འཚེ་སོགས་ཀྱི་སྐོར་བསྒྲགས་རྗེས། མཚོ་སྔོན་དང་ཀན་སུའུ་སོགས་ཀྱི་ཚོང་རའི་ལྟ་སྐུལ་དོ་དམ་ཁང་གིས་སློབ་གྲྭའི་ཉེ་འགྲམ་དུ་དུག་ལྡན་ཟས་རིགས་བཙོང་མི་ཆོག་པའི་གཏན་འབེབས་བཟོས་ཤིང་བརྡ་སྦྱོར་བཀྲམ་ཡོད།
             བརྡ་སྦྱོར་དུ་ཁ་ཚའི་སིལ་ཟས་དེ་དག་ཏུ་རུལ་འགོག་རྫས་དང་མདོག་རྒྱུ། འབུ་ཕྲ་ཚོམ་བུ་སོགས་ཚད་ལས་བརྒལ་བ་འདུས་ཡོད་པར་བརྟེན། དེ་བཟས་ན་བདེ་ཐང་ལ་གནོད་པ་ཡོད་པས་སློབ་གྲྭའི་མཐའ་འཁོར་གྱི་སྨི་༢༠༠ཡི་ནང་ཚུན་དུ་དེ་རིགས་བཙོང་མི་ཆོག་པའི་སྐོར་བརྗོད་ཡོད།
             བརྡ་སྦྱོར་དེར་མི་མང་པོས་བསྟོད་པའི་མཐེ་བོང་སྒྲེང་བཞིན་ཡོད་པ་མ་ཟད། ས་ཁུལ་གཞན་པ་རྣམས་ཀྱིས་ཀྱང་ཕྲུ་གུའི་བདེ་ཐང་ཆེད་དེ་བཙོང་མི་ཆོག་པའི་གཏན་འབེབས་བཟོ་དགོས་པའི་སྐོར་བརྗོད་ཀྱི་ཡོད།



ཁ་ཚའི་སིལ་ཟས་བཟོ་སའི་རྣམ་པ།
             དཔལ་འབྱོར་གྱི་ཁེ་ཕན་ཁོ་ན་རག་ཆེད། སྙིང་རྗེ་བྲལ་ཞིང་རྒྱུ་འབྲས་མི་བརྩི་བའི་མི་ཁག་ཅིག་གིས་གཞན་གྱི་བདེ་སྡུག་དང་ཐ་ན་ཚེ་སྲོག་ལ་ཡང་ཅི་མི་སྙམ་པར་ཟས་བཟོ་བའི་རྒྱུ་ཆ་རུ་མ་རྩ་ཆུང་བའི་དུག་ལྡན་རྫས་སྦྱོར་སྣ་ཚོགས་བཀོལ་གྱི་ཡོད་པས། བྱིས་པ་མི་ཉུང་བའི་བདེ་ཐང་ལ་གནོད་སྐྱོན་ཆེན་པོ་ཐེབས་བཞིན་པ་མ་ཟད། འགའ་ཤས་ཀྱི་གཅེས་པའི་ཚེ་སྲོག་ཀྱང་ཤོར་བའི་གནས་ཚུལ་ཐོན་ཡོད་པས། ཕ་མས་རང་གི་བུ་ཕྲུག་ལ་ཟས་འདི་རིགས་གཏན་ནས་ཟ་རུ་འཇུག་མི་རུང་ངོ་།།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1