ཞི་ཅིན་ཕིང་གིས་དབྱི་ཐ་ལིའི་ཙུང་ལི་ཁུང་ཐེ་དང་གྲོས་མོལ་གནང་བ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 03-25



           སྤྱི་ཚེས་༢༣ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱི་ཐ་ལིའི་ཙུང་ལི་ཁུང་ཐེ་དང་གྲོས་མོལ་གནང་ཡོད།
           ཞི་ཅིན་ཕིང་གིས། ཀྲུང་གོ་དང་དབྱི་ཐ་ལིའི་འབྲེལ་བ་ནི་ཕྱོགས་གཉིས་པོའི་ལོ་ངོ་སྟོང་གི་འགྲོ་འོང་ལོ་རྒྱུས་ལ་གཞིགས་ཡོད་པས་དམངས་འདོད་ཀྱི་རྨང་གཞི་བརྟན་པོ་ཡོད། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ཟམ་མི་ཆད་པར་གཏིང་ཟབ་ཏུ་ཕྱིན་ནས་རང་ངོས་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་རོགས་འདེགས་ཐུབ་ཡོད། ཀྲུང་གོ་དང་དབྱི་ཐ་ལི་ནི་ཕན་ཚུན་འཐབ་ཇུས་རོགས་པ་གལ་ཆེན་ཡིན། ཕྱོགས་གཉིས་པོས་སྔ་བར་ཕྱི་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་རྒྱང་རིང་ལ་གཞིགས་ཏེ་ཀྲུང་གོ་དང་དབྱི་ཐ་ལིའི་འབྲེལ་བར་བལྟ་སྟངས་འཛིན་པ་དང་ཁོང་དུ་ཆུད་པ་བྱེད་པ། ད་ལོ་ཀྲུང་གོ་དང་དབྱི་ཐ་ལིའི་བར་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བ་བཙུགས་ནས་ལོ་༡༥སོང་བ་དང་དུས་སང་རྒྱལ་ཁབ་གཉིས་པོའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་༥༠འཁོར་བ་གོ་སྐབས་སུ་བརྩིས་ཏེ། ཀྲུང་གོ་དང་དབྱི་ཐ་ལིའི་འབྲེལ་བ་དུས་རབས་གསར་པར་སླེབས་རྒྱུར་མཉམ་དུ་སྐུལ་འདེད་གཏོང་བ་དང་། ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་ཀྱི་གྲུབ་འབྲས་ཀྱིས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་སྔར་བས་མང་བ་ཐོབ་པ་བྱེད་དགོས་ཞེས་གསུངས་པ་དང་།
           ཞི་ཅིན་ཕིང་གིས། ཀྲུང་གོ་དང་དབྱི་ཐ་ལི་ཕྱོགས་གཉིས་པོའི་གོང་འཕེལ་གྱི་དམིགས་འབེན་གཅིག་མཚུངས་ཡིན་པ་དང་། དཔལ་འབྱོར་གྱི་གསབ་རེས་རང་བཞིན་ཆེ་བ། མཉམ་ལས་ལ་མདུན་ལྗོངས་ཡག་པོ་ལྡན་ཡོད། ཀྲུང་གོའི་ཕྱོགས་ནས་དབྱི་ཐ་ལི་དང་མཉམ་དུ་ཕྱོགས་གཉིས་འབྲེལ་བ་ཁྱོན་ཡོངས་ནས་རྒྱ་སྐྱེད་དང་གཏིང་ཟབ་ཏུ་གཏོང་འདོད་ཡོད། ཕྱོགས་གཉིས་པོས་མཐོ་རིམ་ཇུས་འགོད་ལ་ཤུགས་སྣོན་དང་། ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་བ། མཐོ་རིམ་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ། སྡེ་ཁག་ཁག་དང་བང་རིམ་ཁག་གི་སྐད་ཆ་ཤོད་རེས་ཟབ་ཏུ་གཏོང་བ། ཕན་ཚུན་བར་གྱི་སྲོག་ཤིང་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེ་རིགས་ཐད་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་མུ་མཐུད་བྱེད་དགོས། ཀྲུང་གོ་དང་དབྱི་ཐ་ལི་ཁག་སོ་སོ་གནའ་བོའི་དར་གོས་ལམ་བུའི་སྣེ་གཉིས་སུ་གནས་པས་རྒྱུད་གཅིག་ལམ་གཅིག་གི་མཉམ་ལས་བྱ་རྒྱུ་ནི་ལྡོག་ཏུ་མེད་པ་ཞིག་ཡིན། ང་ཚོས་མཉམ་གྲོས་དང་། མཉམ་འཛུགས། མཉམ་སྤྱོད་བཅས་རྒྱུན་འཁྱོངས་བྱེད་པ་དང་། སྒོ་དབྱེ་དང་ཁ་གསལ་གྱི་རྩ་དོན་ལ་བརྩི་སྲུང་ཞུས་ཏེ། མཉམ་ལས་གཉིས་རྒྱལ་མངོན་འགྱུར་ཡོང་བ་བྱེད་དགོས། ཀྲུང་གོ་དང་དབྱི་ཐ་ལིས་སྲིད་གཞུང་བར་གྱི་རྒྱུད་གཅིག་ལམ་གཅིག་གི་མཉམ་ལས་ཀྱི་བསམ་ཤེས་བརྗེད་ཐོར་མིང་རྟགས་འགོད་རྒྱུ་གོ་སྐབས་སུ་བརྩིས་ཏེ། རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་དང་དབྱི་ཐ་ལིའི་བྱང་ཕྱོགས་གྲུ་ཁའི་འཛུགས་སྐྲུན་ཞེས་པ་དང་། དབྱི་ཐ་ལིར་མ་འཇོག་བྱེད་པའི་འཆར་གཞི་ཞེས་པ་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཁྱབ་ཁོངས་ཁག་གི་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། ཁེ་ཕན་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བ་དང་། མཉམ་ལས་ཀྱི་ལེགས་སྒྱུར་རིམ་འཕར་ལ་སྐུལ་འདེད་གཏོང་བ། བར་ཁམས་ཚན་རྩལ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། འགྲིམ་འགྲུལ། ཁོར་ཡུག ནུས་ཁུངས་སོགས་སྔོན་ལ་འཇོག་པའི་ཁྱབ་ཁོངས་ནང་དུས་མཚམས་སྔ་མའི་གྲུབ་འབྲས་སྔར་བས་མང་བ་ཐོབ་པ་བྱེད་དགོས། སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་ཀྱི་འབྲེལ་མཐུད་མཐུན་སྦྱོར་ཟབ་ཏུ་གཏོང་བ་དང་། ནུས་ཁུངས་དང་། དངུལ་རྩ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཁྱབ་ཁོངས་ནང་ཕྱོགས་གསུམ་པའི་ཁྲོམ་རའི་མཉམ་ལས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས། སྤྱི་ལོ་༢༠༢༠ལོར་རྒྱལ་ཁབ་གཉིས་པོའི་རིག་གནས་ཡུལ་སྐོར་ལོ་གཉེར་རྒྱུ་གོ་སྐབས་སུ་བརྩིས་ཏེ། རྒྱལ་ཁབ་གཉིས་པོའི་འཛམ་གླིང་ཤུལ་བཞག་ཁུལ་འབྲེལ་མཐུད་ཡག་པོ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། དངོས་མང་བཤམས་སྟོན་ཁང་དང་། ས་གནས། དམངས་ཁྲོད། ལུས་རྩལ་སོགས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ལག་གདང་སྦྲེལ་ཏེ་ཉོ་ཚོང་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་དར་སྤེལ་གཏོང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་དོན་དང་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྒྱུར་བཅོས། གནམ་གཤིས་འགྱུར་བ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་སོགས་གནད་དོན་གལ་ཆེ་རིགས་ཐད་ཀྱི་འབྲེལ་གཏུག་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་མང་རིང་ལུགས་ལ་མཉམ་དུ་སྲུང་སྐྱོང་བྱེད་དགོས་ཞེས་ནན་གསུངས་གནང་བ་དང་།
           ཞི་ཅིན་ཕིང་གིས། ཀྲུང་གོས་སྒོ་དབྱེ་རྒྱ་ཆེར་གཏོང་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་དང་དེའི་ནང་དབྱི་ཐ་ལི་ཚུད་པའི་རྒྱལ་ཁབ་ཁག་གི་ཁེ་ལས་ཀྲུང་གོར་མ་འཇོག་ལས་གཉེར་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ང་ཚོས་ཀྱང་ཀྲུང་གོའི་ཁེ་ལས་དང་ལྷག་པར་དུ་ལག་རྩལ་མཐོ་བའི་ཁེ་ལས་དབྱི་ཐ་ལིར་མ་འཇོག་གོང་འཕེལ་གཏོང་བར་བསྐྱོད་རྒྱུར་སྐུལ་མ་གཏོང་རྒྱུ་དང་། དབྱི་ཐ་ལི་དེ་ཉིད་ཚན་རྩལ་གསར་སྐྲུན་མཉམ་ལས་ཀྱི་རོགས་པ་གལ་ཆེན་ལ་བརྩི་གི་ཡོད། ཀྲུང་གོ་སྲིད་གཞུང་གིས་སྔ་བར་ཕྱི་གསུམ་དུ་ཀྲུང་གོའི་ཁེ་ལས་ཀྱིས་ཚོང་ལས་ཀྱི་རྩ་དོན་དང་རྒྱལ་སྤྱིའི་སྒྲིག་སྲོལ་ལྟར་ས་གནས་དེ་གའི་ཁྲིམས་ལུགས་ལ་བརྩི་སྲུང་ཞུས་པའི་རྨང་གཞིའི་སྟེང་ཕྱི་རྒྱལ་དུ་མཉམ་ལས་བྱ་རྒྱུར་སྐུལ་མ་གཏོང་བཞིན་ཡོད། དབྱི་ཐ་ལི་སྲིད་གཞུང་ནས་ཀྲུང་གོའི་མ་འཇོག་མཁན་ལ་མུ་མཐུད་ཚོང་གཉེར་ཁོར་ཡུག་ཡག་པོ་ཞིག་གཏོད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་དང་།
           ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་ནི་འཛམ་གླིང་ཞི་བདེའི་འཛུགས་སྐྲུན་པ་དང་། གོ་ལ་ཧྲིལ་པོའི་གོང་འཕེལ་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་སྲོལ་ལ་སྲུང་སྐྱོང་བྱེད་མཁན་བཅས་ཡིན། ཕྱོགས་གཉིས་པོས་འཛམ་གླིང་སྣེ་མང་ཅན་དང་། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་འགྱུར་བའི་དུས་རབས་ཀྱི་རླབས་རྒྱུན་དང་འཚམ་པ་བྱེད་པ་དང་། སྒོ་དབྱེའི་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་པོས་ཀྲུང་གོ་དང་ཡོ་རོབ་ཀྱི་མ་འཇོག་གྲོས་ཆོད་ཀྱི་དབྱེ་འབྱེད་གྲོས་མོལ་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་། རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་དང་ཡོ་རོབ་མནའ་འབྲེལ་གྱི་གོང་འཕེལ་འཐབ་ཇུས་གཉིས་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་འབྲེལ་གཏུག་དང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་དགོས། དབྱི་ཐ་ལིའི་ཕྱོགས་ནས་མུ་མཐུད་ཀྲུང་གོ་དང་ཡོ་རོབ་ཀྱི་ཁྱབ་ཁོངས་ཁག་གི་སྐད་ཆ་ཤོད་རེས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བ་དང་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་རང་ཚུགས་དང་། རང་བརྟེན། བརྟན་པོ་བཅས་ཀྱི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་པའི་ནན་གསུངས་གནང་ཡོད།
           ཁུང་ཐེས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ཐེངས་དབྱི་ཐ་ལིར་འཚམས་འདྲི་གནང་བར་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་པ་དང་། དེས་དབྱི་ཐ་ལི་དང་ཀྲུང་གོའི་འབྲེལ་བ་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་སུ་ཁྲིད་སྟོན་ཐུབ་ངེས་ཡིན། དབྱི་ཐ་ལི་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་བར་ལོ་ངོ་སྟོང་གི་འགྲོ་འོང་ལོ་རྒྱུས་ལྡན་ཡོད་ཅིང་། གནའ་བོའི་ཤེས་དཔལ་གཉིས་པོ་ཕན་ཚུན་མཉམ་འདྲེས་བྱས་ཡོད། དཔལ་འབྱོར་ཉོ་ཚོང་དང་རིག་གནས་སྤེལ་རེས་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད་པས། ཕྱོགས་གཉིས་པོའི་མཛའ་གྲོགས་མཉམ་ལས་ཡུན་རིང་གོང་འཕེལ་ཡོང་རྒྱུར་རྨང་གཞི་གལ་ཆེན་བཏིང་ཡོད། དབྱི་ཐ་ལིས་དབྱི་ཐ་ལི་དང་ཀྲུང་གོའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། རྒྱལ་ཁབ་གཉིས་པོའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་༥༠འཁོར་གྲབས་ཡོད་པའི་སྐབས་འདིར། ཀྲུང་གོ་དང་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བ་དང་། དཔལ་འབྱོར་ཉོ་ཚང་དང་མ་འཇོག ནུས་པའི་འབྱུང་ཁུངས། ཞིང་ལས། རིག་གནས། ཡུལ་སྐོར། མཁའ་འགྲུལ་སོགས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་འདོད་ཡོད། དབྱི་ཐ་ལིས་མཉམ་འབྲེལ་མཉམ་མཐུད་འཛུགས་སྐྲུན་ཐད་དམིགས་བསལ་གྱི་ས་བབ་བཟང་ཆ་ལྡན་ཡོད་པས། ང་ཚོས་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱས་ནས། ཐུན་མོང་ཐོག་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱེད་པའི་ནང་ཞུགས་པར་དགའ་ཚོར་ཆེན་པོ་བྱུང་། དེས་དབྱི་ཐ་ལི་དང་ཀྲུང་གོའི་མཉམ་ལས་ཀྱི་མི་མངོན་པའི་ནུས་པ་སྔོག་འདོན་གང་ལེགས་བྱ་རྒྱུར་ཕན་ཐོགས་ཡོད་པའི་ཡིད་ཆེས་བརྟན་པོ་ཡོད། ང་རང་ནས་སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་ལ་ཞུགས་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། དབྱི་ཐ་ལིས་ཀྲུང་གོའི་ཁེ་ལས་ནས་དབྱི་ཐ་ལིར་མ་འཇོག་བྱས་ཏེ། གཉིས་ཕན་མཉམ་རྒྱལ་ཡོང་བ་བྱ་རྒྱུར་དགའ་བསུ་ཞུ་གི་ཡོད། དབྱི་ཐ་ལིས་བློ་བརྟན་འགྱུར་མེད་ངང་ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། ཀྲུང་གོ་དང་སྐད་ཆ་ཤོད་རེས་དང་མཐུན་སྦྱོར་དམ་ཟབ་བྱས་ཏེ། ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་ཡོད།
           གྲོས་མོལ་རྗེས། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་ཐུན་མོང་ཐོག་ཀྲུང་གོ་དང་དབྱི་ཐ་ལིའི་རྒྱུད་གཅིག་ལམ་གཅིག་འཛུགས་མཉམ་སྐྲུན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་ཤེས་བརྗེད་ཐོ་དང་། ཀྲུང་གོའི་བོར་བརླག་ཤོར་བའི་རིག་དངོས་ཕྱིར་སྤྲོད་སོགས་སྐོར་གྱི་ཕྱོགས་གཉིས་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པ་དང་བརྗེ་རེས་བྱེད་པར་དཔང་པོ་གནང་ཡོད།
           རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་ད་དུང་མཉམ་དུ་དབྱི་ཐ་ལིས་ཞིབ་བཤེར་རྩད་གཅོད་ཐུབ་པ་མ་ཟད་ཀྲུང་གོར་ཕྱིར་སྤྲོད་བྱས་པའི་བོར་བརླག་ཤོར་བའི་ཀྲུང་གོའི་རིག་དངོས་ལ་གཟིགས་གནང་ཡོད་པ་རེད།
           ཞི་ཅིན་ཕིང་ཕེབས་འབྱོར་ཟིན་སྐབས། ཙུང་ལི་ཁུང་ཐེས་རླངས་འཁོར་འཇོག་སར་ཕེབས་བསུ་ཞུས་གནང་ཡོད། དམག་དཔུང་རོལ་ཆ་ཚོགས་པས་ཀྲུང་གོ་དང་དབྱི་ཐ་ལི་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་ཡོད། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་མཉམ་དུ་གཟབ་སྦྲེང་རུ་ཁག་ལ་གཟིགས་གནང་ཡོད། ཏིང་ཞུའེ་ཞང་དང་། ཡང་ཅེ་ཁྲེ། ཝང་དབྱི། ཧ་ལི་ཧྥེང་སོགས་གོང་གསལ་བྱེད་སྒོར་ཞུགས་གནང་ཡོད་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1